ལྷའི་རོལ་དབྱངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྷའི་རོལ་དབྱངས།
ཏན་ཏིང་གི་བརྩམས་ཆོས་གྲགས་ཅན་《ལྷའི་རོལ་དབྱངས》ཞེས་པའི་སྙན་ངག་རིང་མོ་དེ་དམྱལ་ཁམས་དང་། དམྱལ་ཁམས་ཆེན་མོ། ལྷ་ཡུལ་བཅས་ལེའུ་གསུམ་དུ་བགོས་ཡོད་པ་དང་། རྩོམ་པ་པོས་སྒྱུ་འཕྲུལ་གྱི་ལག་ཐབས་ལ་བརྟེན་ནས་ཁོང་རང་ཉིད་དམྱལ་ཁམས་དང་དམྱལ་ཁམས་ཆེན་མོ་དང་ལྷ་ཡུལ་བཅས་སུ་འགྲིམས་པའི་མཐོང་ཐོས་བྲིས་འདུག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《神曲》
ཕྱི་ཡིག་གི་མིང་།
《Divine Comedy》
རྩོམ་པ་པོ།
ཏན་ཏིང་།
རྣམ་གྲངས།
སྙན་ངག་རིང་མོ།
1 རྩོམ་པ་པོ་ངོ་སྤྲོད།

སྙན་ངག་པ་ཏན་ཏིང(སྤྱི་ལོ1265ལོ་ནས་སྤྱི་ལོ1321ལོར)ནི་ཡོ་རོབ་གླིང་གི་དུས་རབས་བར་མ་ནས་ཉེ་རབས་མ་རྩ་རིང་ལུགས་སུ་བར་བརྒལ་བྱེད་སྐབས་ཀྱི་རྩོམ་རིག་པ་ཆེན་པོ་དང་དབྱི་ཐ་ལིའི་རིག་རྩལ་བསྐྱར་དར་གྱི་སྣེ་འདྲེན་པ་ཡིན།         ཁོང་གི་གསར་རྩོམ་གྱིས་ཕྱི་རབས་པར་རིན་ཐང་གཞལ་དུ་མེད་པའི་རྩོམ་རིག་གི་རྒྱུ་ནོར་བསགས་ཡོད།

སྤྱི་ལོ1265ལོའི་ཟླ5བར་ཏན་ཏིང་དབྱི་ཐ་ལིའི་གྲོང་ཁྱེར་ཧྥོ་ལོ་ལོན་སའི་སྐུ་དྲག་ཆུང་ཆུང་ཞིག་གི་ཁྱིམ་དུ་འཁྲུངས།        ཆུང་དུས་ནས་ཨ་མ་ཚེ་ལས་འདས་ཤིང་ཕལ་ཆེར་ལོ་བཅོ་བརྒྱད་ལ་སོན་སྐབས་ཨ་ཕ་ཡང་ཚེ་ཡི་འདུ་བྱེད་རྫོགས།        གནས་བབ་དེ་ལྟ་བུར་ལྷུང་ཡང་ཏན་ཏིང་ལ་སློབ་གསོ་མྱངས་པའི་སྐལ་བ་ལེགས་པོ་ལྡན་བྱུང་།         ཁོང་ཉིད་ཆུང་དུས་ནས་སྙན་ངག་ཀློག་པར་དགའ་ཞིང་མཁས་དབང་གང་མང་དགེ་རྒན་དུ་བསྟེན་ནས་ལ་ཏིང་ཡི་གེ་དང་གནའ་བོའི་རྩོམ་རིག་ལ་སྦྱང་བ་བྱས་པར་མ་ཟད།         གནའ་བོའི་རོ་མའི་དུས་སྐབས་ཀྱི་སྙན་ངག་པ་གྲགས་ཆེན་བེ་ཅི་ཨར་ཞེས་པ་གཙུག་གི་ནོར་བུར་བཀུར་ཏེ་སེམས་ཀྱི་དེད་དཔོན་དུ་བསྒོམས།

ན་གཞོན་དུས་སྐབས་ཀྱི་ཏན་ཏིང་ཧྥོ་ལོ་ལོན་སའི་ཆབ་སྲིད་བྱ་འགུལ་ལ་སྤྲོ་བས་ཞུགས་མྱོང་ཞིང་གོ་གནས་ཤིག་གི་འགན་ཁུར་མྱོང་བ་ལས་གཞན།         ཅི་པེ་ལིན་ཏང་ཁག་རྩ་གཏོར་བྱས་པའི་ཀང་པ་ཏེ་གཡུལ་འགྱེད་དུའང་ཞུགས་མྱོང་།

སྤྱི་ལོ1302ལོར་ཏན་ཏིང་གིས་རོ་མའི་ཆོས་རྒྱལ་དང་ཧྥོ་ལོ་ལོན་སའི་རྗེས་འཇུག་པ་དག་གིས་མཁར་གྲོང་གི་ནང་སྲིད་ལ་ཐེ་གཏོགས་བྱས་པར་དགག་པ་བརྒྱབ་པས།      རྒྱུ་ནོར་ཡོད་ཚད་གཞུང་བཞེས་བྱས་པར་མ་ཟད་ཚེ་གང་བོར་རྒྱང་ཕུད་དུ་བཏང་།        ཕྱིས་ཀྱི་ལོ་ཉི་ཤུའི་རིང་ལ་ཏན་ཏིང་ཕྱིར་རང་ཡུལ་དུ་ལོག་ཨེ་ཐུབ་ལ་ཧུར་ཐག་བྱས་ཀྱང་བསམ་དོན་མ་འགྲུབ།         མཐར་གཞན་ཡུལ་དུ་སྐུ་གཤེགས།       《ལྷའི་རོལ་དབྱངས》ནི་ཏན་ཏིང་ཡུལ་གྱར་བྱེད་སྐབས་ཆེས་སྡུག་བསྔལ་བའི་དུས་སུ་གསར་རྩོམ་མཛད་པ་ཡིན།        ཕལ་ཆེར་སྤྱི་ལོ1307ལོ་ནས་སྤྱི་ལོ1321ལོའི་བར་ཡིན་ཤོས་ཆེ།         བསྟན་བཅོས་ཆེན་པོ་འདི་ནི་ཁོང་གིས་ཡུན་རིང་ལ་སེམས་ཀྱིས་ཉར་ཞིང་བློས་བསླངས་གང་མང་བྱས་པའི་ཉིང་བཅུད་དུ་གྲུབ་ཅིང་ཁོང་གི་འཐུས་ཚབ་ཏུ་རུང་བའི་བསྟན་བཅོས་ཆེས་གལ་ཆེན་ཞིག་ཀྱང་ཡིན།      ཁོང་ལ་འདི་ལས་གཞན་ད་དུང《ཟས་སྟོན》《ཕལ་སྐད་ལ་དཔྱད་པ》སོགས་བསྟན་བཅོས་གང་མང་མངའ།

ཏན་ཏིང་ལ་ཨིན་ཀི་སིས“དུས་རབས་བར་མའི་ཆེས་མཐའ་འཇུག་གི་སྙན་ངག་པ་དང་དུས་མཚུངས་སུ་དུས་རབས་གསར་བའི་ཆེས་ཐོག་མའི་སྙན་ངག་པ་ཡིན”ཞེས་གདེང་འཇོག་ཆེན་པོ་གནང་ཡོད།       ཡོ་རོབ་གླིང་གི་རྩོམ་རིག་འཕེལ་རྒྱས་ཁྲོད་ཁོང་ལ་གཞན་གྱིས་ཚབ་བྱེད་མི་ནུས་པའི་གོ་གནས་ཆེན་པོ་མངའ།

2 རྒྱབ་ལྗོངས་ངོ་སྤྲོད།

ཏན་ཏིང་སྐུ་དྲག་ཆུང་ཆུང་ཞིག་གི་ཁྱིམ་དུ་འཁྲུངས་ཤིང་།        ན་གཞོན་པའི་དུས་སུ་ཁྱིམ་མཚེས་ཚང་གི་གཞོན་ནུ་མ་པེ་ཡ་ཐིག་ལེ་སི་གཉིས་བར་དུ་བྱུང་བའི་བརྩེ་དུངས་དེས་ཁོང་གི་མི་ཚེ་གང་བོར་ཤན་ཤུགས་ཆེན་པོ་ཐེབས།       གཞོན་ནུ་མ་དེ་རྐྱེན་གཞན་པས་ཚེ་ལས་འདས་རྗེས་ཏན་ཏིང་གི་སེམས་སྣ་ཁྲིད་མཁན་དུའང་གྱུར་ཏེ《ལྷའི་རོལ་དབྱངས》ཁྲོད་སླར་ཡང་ལྷའི་ཕོ་ཉའི་ཚུལ་དུ་བྱོན་ཡོད།       སྤྱི་ལོ1300ལོར་ཏན་ཏིང་གིས་ཧྥོ་ལོ་ལོན་སའི་སྲིད་འཛིན་པའི་འགན་ཁུར་ཞིང་རོ་མའི་ཆོས་ཁང་ལ་ངོ་རྒོལ་བྱས།       ཅང་མ་འགོར་བར་ཚུར་ངོ་རྒོལ་བྱེད་པའི་ཏང་ཁག་གིས་ཁོ་ཚོ་ཕམ་པར་བརྒྱབ་ཅིང་ཁོ་རང་ཉིད་ཚེ་གང་བོར་རྒྱང་ཕུད་དུ་བཏང་།       ཁོང་གི《ཕལ་སྐད་ལ་དཔྱད་པ》དང《ལྷའི་རོལ་དབྱངས》གཉིས་ཡུལ་གྱར་བྱེད་སྐབས་མཛད།     《ལྷའི་རོལ་དབྱངས》ནི་ངན་རྒུར་སྨོད་པ་བོར་བའི་ངར་སྐད་དང་དགེ་ཀུན་གཟེངས་སུ་བསྟོད་པའི་གླུ་གཞས་ཡིན།      དེ་ལས་དུས་རབས་བར་མའི་མཇུག་གི་ཡོ་རོབ་གླིང་རིག་གནས་སྤྱི་ལ་གཞན་འགྱུར་བྱུང་སྐབས་ཀྱི་རིན་ཐང་ཚད་གཞིའི་འཕེལ་འགྱུར་དེ་མངོན་པར་མཚོན་ཡོད།        

《ལྷའི་རོལ་དབྱངས》ཀྱི་བརྗོད་སྙིང་ནི་འགྲོ་བ་མིའི་རིགས་ཀྱིས་ཉེས་པ་བཟོ་བ་དང་ཉེས་པ་དེ་ཇི་ལྟར་བཤགས་པའི་གནད་དོན་ལ་དཔྱད་བསྡུར་བྱེད་པ་དང་།      མི་རྣམས་ཀྱིས་དཀའ་བ་སྤྱད་ན་ད་གཟོད་བདེན་པ་དང་དགེ་བ་མཐར་ཐུག་གི་ཁམས་སུ་བསླེབས་ཐུབ་པའི་གནས་ལུགས་དེ་བསྟན་ཡོད།       བརྩམས་ཆོས་དེ་ནི་སྤྱི་མཚན་ཙམ་གྱི་དཔྱད་བསྡུར་ཞིག་མིན་ལ།       དེའི་ཁྲོད་དུ་ཏན་ཏིང་རང་ཉིད་ཀྱི་འཚོ་བའི་མྱོང་ཚོར་དང་སྐབས་དེའི་དབྱི་ཐ་ལིའི་དངོས་ཡོད་སྤྱི་ཚོགས་སོགས་གཞི་གཅིག་ཏུ་སྦྱར་ཡོད།        ཏན་ཏིང་འཚོ་བཞེས་ཀྱི་དུས་སྐབས་ནི་དུས་རབས་བར་མའི་མཇུག་གི་དུས་རབས་ཡིན་མོད།        འོན་ཀྱང་ཁོང་ནི་དུས་རབས་བར་མའི(འདིའི་ཁྲོད་གནའ་བོའི་ཞི་ལའང་འདུས)བསམ་བློ་ཡོངས་ཕྱོགས་གཅིག་ཏུ་བསྡུས་པའི་རྩོམ་པ་པོ་ཆེན་པོ་དེ་ཡིན།      ཉེས་པ་བསགས་པ་དང་འགྱོད་བཤགས་བྱེད་པ་ནི་འགྲོ་བ་མི་ཡོངས་ཁ་གཏད་འདུག་པའི་སྤྱིའི་གནད་དོན་ཞིག་ཡིན།        ཏན་ཏིང་ཉིད་དམྱལ་ཁམས་འགྲིམ་པ་དང་གཞན་གྱིས་སྡིག་བཤགས་ཀྱི་ཚུལ་མཐོང་བའི་གོ་རིམ་ཁྲོད(《ལྷའི་རོལ་དབྱངས》ལས་མངོན་པའི་བྱུང་རིམ)རྣམ་ཤེས་གང་མང་ཞིག་ལ་ཕྲད་པ་དང་།        རྣམ་ཤེས་དེ་དག་ནི་གསོན་ཐོག་ཏུ་ལོ་རྒྱུས་སྟེང་དང་དུས་སྐབས་ཤིག་གི་མིང་གྲགས་མི་སྣ་རྐྱང་རྐྱང་ཡིན།

3 ནང་དོན་གནད་བསྡུས།

སྙན་ངག་གི་བསྟན་བཅོས་ཆེན་པོ་དེའི་ཁྲོད་ཏན་ཏིང་ཉིད་རང་གི་མི་ཚེའི་བརྒྱུད་རིམ་གྱི་བར་སྐབས་ཏེ་སྤྱི་ལོ1300ལོའི་ཟླ4བའི་ཚེས7ཏེ།          ཏན་ཏིང་དགུང་ལོ35བཞེས་པའི་ལོ་དེའི་འདས་ལོག་དུས་ཆེན་གྱི་སྐབས་སུ་རྫུབས་ཆེ་བའི་ནགས་ཚལ་ཞིག་གི་ཁྲོད་ནས་མགོ་འཁོར།         ཁོང་གིས་ཕྱིར་ལྡོག་པའི་ལམ་དུ་ཧུར་ཐག་གིས་བཙལ་ཏེ་ནམ་ལངས་ཁར་ཉི་འོད་འཕྲོས་འདུག་པའི་རི་འདབས་ཤིག་ལ་སླེབས།      ཁོང་ཉིད་གོམ་པ་གང་རེ་གང་རེ་བྱས་ནས་རི་རྩེར་འགོ་དུས་ཁ་གཏད་དུ་གཅན་གཟན་གཏུམ་པོ་གསུམ་གློ་བུར་མཆོངས་འོངས།  (དེ་དག་ནི་འདོད་ཆགས་ཞེ་སྡང་ཧམ་སེམས་མཚོན་པའི་གཅན་གཟན་གཟིག་དང་སེང་གེ་སྤྱང་ཀི་གསུམ་ཡིན)ཏན་ཏིང་གིས་རང་སྲོག་ཐར་ཆེད་སྐད་ཆེན་པོ་བཏོན་ནས་འབོད་པ་བཏང་བ་ན།       དུས་དེར་གནའ་བོའི་རོ་མའི་སྙན་ངག་པ་བེ་ཅི་ཨར་གློ་བུར་དུ་མངོན་བྱུང་།        ཁོ་ནི་པེ་ཡ་ཐིག་ལེ་སིས་མངགས་བཀོད་ལྟར་ཏན་ཏིང་སྐྱོབ་ཏུ་ཡོང་བ་ཡིན།       ཁོས་ཏན་ཏིང་གནས་དེ་ལས་ཕྱིར་ཁྲིད་པར་མ་ཟད་ཏན་ཏིང་དམྱལ་ཁམས་འགྲིམ་པའི་ལམ་མཁན་ཡང་བྱས།         དམྱལ་ཁམས་དེ་ཐོག་སོ་རིམ་པ་དགུར་གནས་ཤིང་དོང་ཁ་ཆེ་ཞིང་ཞབས་ཕྲ་བའི་ལྡུག་ཚགས་བཞིན་སའི་སྙིང་བོར་ཟུག་འདུག        ཉེས་ཅན་དག་གི་རྣམ་ཤེས་བྱས་ཉེས་ཀྱི་ཆེ་ཆུང་ལྟར་ཐོག་སོ་རེ་རེར་སྤྱུགས་ཡོད།       ཐོག་སོ་དང་པོ་ནི་ཁྲིམས་ཆད་གཅོད་པར་སྒུག་ས་ཡིན།         ཡེ་ཤུ་མ་འཁྲུངས་སྔོན་དུ་སྐྱེས་ཤིང་ཆོས་འོག་ཏུ་མ་ཚུད་པའི་གནའ་བོའི་མུ་སྟེགས་པ་རྣམས་གནས་དེ་ནས་གནམ་བདག་གིས་ཁྲིམས་ཆད་གཅོད་པར་སྒུག་འདུག       ཐོག་སོ་གཞན་བརྒྱད་པོའི་ནང་དུ་ཚེ་ཡི་འདུ་བྱེད་མ་རྫོགས་གོང་བྱས་ཉེས་ཀྱི་ལྕི་ཡང་ལྟར་ཁྲིམས་ཆད་ཡ་ང་བ་མྱོང་བཞིན་ཡོད།       ཡེ་ཤུ་ཆོས་ལུགས་ཀྱི་ལྟ་བ་ལྟར་ལོག་གཡེམ་དང་ཟ་རྔམ།      ཞེ་སྡང་ཅན་དང་མུ་སྟེགས་པ་རྣམས་བྱས་ཉེས་ཚབས་ཆེན་གྱི་རིགས་སུ་བཀར་ནས་དམྱལ་བའི་ཡུལ་དུ་སྡུག་མྱངས་ཅི་ཐུབ་བྱེད་དུ་བཅུག་ཡོད་པར་མ་ཟད།        ལྷག་པར་དུ་སྤྱི་ཚོགས་སྟེང་གཡོ་སྒྱུ་ཁྲམ་གསུམ་ལ་གོམས་པ་རྣམས་དམྱལ་མཐིལ་དུ་འཕངས་ཡོད།      དཔེར་ན་ཐོག་སོ་རིམ་པ་བརྒྱད་པའི་ནང་ཆད་པ་མྱོང་མཁན་ནི་ལོག་གཡེམ་དང་ངོ་དགའ་བྱེད་མཁན།        དཔོན་རིགས་རུལ་སུངས་པ།       ཆོས་ཚོང་རྒྱག་མཁན།        མོ་བ།      སྐྱེད་ལྕི་བུ་ལོན་ལེན་མཁན།       མི་ཚུལ་འཆོས་ཅན།      ཇག་རྐུན།       གཞན་ལ་ངན་སྐུལ་བྱེད་མཁན།       དབྱེན་དཀྲུག་མཁན།      མ་ཉེས་ཁག་གཡོགས་བྱེད་མཁན།        རྫུན་བཟོ་མཁན་དང་རོ་མའི་ཆོས་རྒྱལ་བཅས་ཡིན།       ཐོག་སོ་རིམ་པ་དགུ་བའི་ནང་དུ་ཆད་པ་མྱོང་མཁན་ནི་རྒྱལ་འཚོང་ངོ་ལོག་པ་ཡིན།      ཏན་ཏིང་ཁོང་ཉིད་ལ་མཚོན་ན་ཆེས་སྙིང་རླུང་ལྡང་དུ་འཇུག་བྱེད་ཀྱང་འདི་དག་རེད།

དམྱལ་ཁམས་ལ་བལྟས་རྗེས་བེ་ཅི་ཨར་གྱིས་ཏན་ཏིང་ཁྲིད་ནས་སའི་སྙིང་བོ་བརྒྱུད།      བྲག་ཁུང་ནང་གི་ལམ་བུ་ཀྱག་ཀྱོག་ཆེ་བ་དེ་དེད་ནས་དམྱལ་ཁམས་ལས་ཕྱིར་བུད་པ་དང་དག་ཞིང་རི་བོའི་འདབས་ལ་སླེབས།         རི་མཐོན་པོ་དེ་མཚོ་ངོས་ལས་ཡར་འགྲེང་ཞིང་དེ་ནི་སྡིག་པ་བཤགས་སའི་གནས་ཡིན།        དེར་རིམ་པ་བདུན་ཡོད་ལ་དེ་དག་གི་སྟེང་དག་ཞིང་རི་བོ་དང་ས་སྟེང་སྐྱིད་གླིང་གཉིས་བསྣན་ན་ཐོག་སོ་དགུ་རུ་གནས།       གནས་དེ་རུ་འཇིག་རྟེན་དཀར་ངོགས་ན་གནས་དུས་བྱས་ཉེས་བསགས་ཀྱང་ཚད་དམའ་ཞིང་བཤགས་པའི་རྟོགས་པ་ཐོབ་པ་དག་གི་རྣམ་ཤེས་ཀྱི་གནས་གཞི་ཡིན།        དེ་དག་ཀྱང་མིའི་རིགས་ཀྱི་བྱས་ཉེས་བདུན་ཏེ་ང་རྒྱལ་དང་ཕྲག་དོག     ཁོང་ཁྲོ།      ལེ་ལོ།     རྒྱུ་ནོར་ལ་སྲེད་པ།       ཟས་ལ་རྔམ་པ།      ཆགས་སྤྱོད་ལ་ཞེན་པ་བཅས་བྱས་པའི་ཚད་ལྟར་རེ་རེ་བཞིན་གནས་དེ་རུ་སྒོམ་སྒྲུབ་ལ་བརྟེན་ནས་སྡིག་པ་བཤགས་ཏེ་མཐིལ་ནས་སྟེང་དུ་ཡར་འཕགས་ཏེ་ལྷ་ཡུལ་དུ་འདྲེན་བཞིན་ཡོད།         ལམ་བར་དུ་ཏན་ཏིང་གིས་བྱས་ཉེས་རེ་རེ་བཞིན་བཤགས་བཞིན་ཡོད་པ་མཐོང་ཞིང་།      དཔེར་ན་ཐོག་སོ་རིམ་པ་གཉིས་པའི་ནང་གཞན་ལ་ཧམ་སེམས་སྐྱེས་པའི་ཉེས་ཅན་རྣམས་མིག་ཟུང་གི་སྐྱི་པགས་ཕྱོགས་གཅིག་ཏུ་ལྕགས་སྐུད་ཀྱིས་བཙེམས་ཤིང་།         ཐོག་སོ་རིམ་པ་དྲུག་པའི་ནང་ཟས་ལ་རྔམ་པ་རྣམས་ཀྱི་མདུན་དུ་རོ་བརྒྱའི་ཟས་སྣ་བྱུར་བུར་མངོན་ཡང་འཁྲུལ་སྣང་དུ་གྱུར་འདུག         དག་ཞིང་རི་བོའི་རྩེ་ཡི་ས་སྟེང་སྐྱིད་གླིང་དུ་བེ་ཅི་ཨར་ཡལ་ཞིང་འཕགས་མ་པེ་ཡ་ཐིག་ལེ་སི་མངོན་བྱུང་།

མོས་ཏན་ཏིང་ནག་ཉེས་ཅན་གྱི་ནགས་ཚལ་དུ་མགོ་འཁོར་བར་བཀའ་བཀྱོན་གནང་ཞིང་།        ཏན་ཏིང་གིས་དེའི་ཆེད་འགྱོད་བཤགས་བྱེད་པར་སྐུལ་པ་ལས་གཞན་ཆོས་ཁང་ནང་གི་རུལ་སུངས་ཀྱི་ཚུལ་ལ་ལྟ་རུ་བཅུག          ཏན་ཏིང་ལ་བརྗེད་ཆུ་དྲངས་ཏེ་སྔར་བྱས་ཐམས་ཅད་བརྗེད་དུ་བཅུག་ནས་ཡང་བསྐྱར་མི་ལུས་གསར་བ་ཞིག་ཐོབ་པར་མཐུན་རྐྱེན་སྦྱར།       དེ་ནས་པེ་ཡ་ཐིག་ལེ་སིས་ཏན་ཏིང་ལ་ལམ་མཁན་མཛད་དེ་སུམ་ཅུ་རྩ་གསུམ་གྱི་གནས་སུ་འགྲིམ་དུ་བཅུག       གནས་དེ་ནི་རྣམ་ཤེས་ཡ་རབས་ཅན་དག་གི་བསྟི་གནས་ཡིན་ཞིང་།          དེ་རུ་དགེ་སེམས་སྲོག་ཏུ་སྒོམ་མཁན་དང་དད་པ་རྩེ་གཅིག་བྱེད་མཁན།         གཞན་ཕན་གྱི་བྱས་རྗེས་འཇོག་མཁན།       མཚན་ཉིད་སྨྲ་བའི་མཁས་དབང་།        ལྷ་ཆོས་ཇི་བཞིན་འདོན་པའི་གཞུང་ལུགས་པ།       རང་སྲོག་ཆོས་སུ་བསྡོས་པའི་དཔའ་བོ།      འཇིག་རྟེན་ལུགས་བཞིན་སྐྱོང་བའི་མངའ་བདག       སྒོམ་སྒྲུབ་ཉམས་ལེན་བྱེད་པའི་རྟོགས་ལྡན།         ཡེ་ཤུ་དང་ལྷའི་ཕོ་ཉ་པ་རྣམས་བཞུགས་སོ།  །     སུམ་ཅུ་རྩ་གསུམ་གྱི་རྣམ་རྒྱལ་ཕོ་བྲང་དུ་གནམ་བདག་དང་གནས་དེ་རུ་བདེ་དགའི་དཔལ་ལ་རོལ་བའི་རྣམ་ཤེས་ཀྱི་ཚོགས་གནས་ཤིང་།       ཏན་ཏིང་གནམ་བདག་ལ་མཇལ་བའི་སྐལ་བ་ལྡན་སོང་མོད།       འོན་ཀྱང་གནམ་བདག་གི་བཞིན་དཔལ་ནི་གློག་ཞགས་འཁྱུག་པ་བཞིན་སེམས་དབུས་སུ་སྐད་ཅིག་དེ་ཉིད་ལ་ཡལ།            དེ་ནས་རྟོག་སྣང་དང《ལྷའི་རོལ་དབྱངས》ཀྱང་དུས་མཚུངས་སུ་མཇུག་བསྡུས་སོ།  །

4 དཔྱད་བརྗོད།

བཀད་བཀོད་ཀྱི་དུས་རབས་བར་མ་མཇུག་བསྡུས་པ་དང་དེང་རབས་མ་རྩ་རིང་ལུགས་མགོ་བརྩམས་པའི་མཚོན་རྟགས་ནི་མི་སྣ་རླབས་ཆེན་ཞིག་ཡིན།         མི་སྣ་དེ་ནི་དབྱི་ཐ་ལི་པ་ཏན་ཏིང་ཡིན།        ཁོང་ནི་དུས་རབས་བར་མའི་མཐའ་མཇུག་གི་སྙན་ངག་པ་ཡིན་ལ།         དུས་མཚུངས་སུ་དུས་རབས་གསར་བའི་ཆེས་ཐོག་མའི་སྙན་ངག་པ་ཡང་ཡིན།

—ཨེན་ཀི་སི།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-03-26

གསར་སྤེལ་མཁན། :གཡང་སྒྲོལ་མ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།