ནུབ་ཕྱོགས་ཀྱི་སྤྱི་ཚོགས་དང་ལོ་རྒྱུས་རིག་པ་སོགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནུབ་ཕྱོགས་ཀྱི་སྤྱི་ཚོགས་དང་ལོ་རྒྱུས་རིག་པ་སོགས།
སྤྱི་ཚོགས་རིག་པ་དང་ལོ་རྒྱུས་རིག་པ་ནི་སྤྱི་ཚོགས་ཚན་རིག་གི་ཁོངས་སུ་གཏོགས་ཤིང་། དུས་རབས་ཉི་ཤུ་པའི་ཚུན་དང་ལྷག་པར་དུ་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་ནས་འགྱུར་ལྡོག་བླ་ན་མེད་པ་བྱུང་། རང་བྱུང་ཚན་རིག་གི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་པ་དེས་ངེས་ཤེས་གཏིང་ཟབ་ཏུ་འདྲོངས་པར་གྱུར་ཅིང་། དེ་བཞིན་དུ་སྤྱི་ཚོགས་ཚན་རིག་ལའང་ཤུགས་རྐྱེན་མི་དམན་པ་ཐེབས་ཏེ། སྤྱི་ཚོགས་ཚན་རིག་ཀྱང་སྔར་བས་ཚན་རིག་དང་མཐུན་ཞིང་སྤྱོད་གོ་ཆོད་པའི་སྒོ་ནས་དངོས་ཡོད་ཀྱི་གནད་དོན་དང་དཀའ་ཁག་མང་དུ་སེལ་པའི་བླང་བྱ་ཉིན་རེ་ནས་ཉིན་རེར་ཇེ་མཐོར་གྱུར།
1 དེང་རབས་ནུབ་ཕྱོགས་ཀྱི་སྤྱི་ཚོགས་རིག་པའི་འཕེལ་ཕྱོགས།

ནུབ་ཕྱོགས་ཀྱི་སྤྱི་ཚོགས་རིག་པ་ནི་དུས་རབས་བཅུ་དགུ་བར་གསར་དུ་དར་བའི་རིག་ཚན་ཞིག་ཡིན་པ་དང་། དུས་རབས་ཉི་ཤུ་བར་བསླེབས་པ་ན། སྤྱི་ཚོགས་ཀྱི་གནད་དོན་གང་མང་ཞིག་ས་ཟད་རྡོ་ཡི་དཔེ་བཞིན་དུ་མི་ཚོའི་མིག་མདུན་དུ་ལྷགས་པ་ན། སྤྱི་ཚོགས་རིག་པའི་ཞིབ་འཇུག་ཀྱང་ནང་དོན་དང་རྣམ་པ། རྩ་བའི་གཞུང་ལུགས་བཅས་གང་ཅིའི་ཐད་ནས་འགྱུར་ལྡོག་བླ་ན་མེད་པ་བྱུང་བ་རེད། དེའི་ཞིབ་འཇུག་བྱ་ཡུལ་རྒྱ་ཆེ་རུ་ཕྱིན་པ་དང་། བྱེ་བྲག་གི་རིག་ཚན་མང་པོ་མེ་ཏོག་མཉམ་བཞད་ཀྱི་ཚུལ་དུ་དར་བ་དང་། གྲུབ་མཐའ་སྣ་མང་ཡང་མཁས་བརྒྱ་འགྲན་གླེང་གི་ཟོལ་གྱིས་རྒྱས་པར་གྱུར་ཏེ། སྤྱོད་གོ་ཆོད་པའི་ཁ་ཕྱོགས་སྔར་བས་རྒྱུན་འཁྱོངས་ནན་འཛིན་བྱས། གཞུང་ལུགས་ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོའང་སྤྱི་ཚོགས་སྒྲིག་གཞི་དང་སྤྱི་ཚོགས་སེམས་ཁམས་དང་སྤྱི་ཚོགས་རིག་གནས་བཅས་པར་དབྱེ་ཞིབ་བྱེད་པར་གཞོལ་ཅིང་། སྣ་མང་ཅན་དང་འཐུས་ཚང་ཅན་གྱི་འཕེལ་རྒྱས་ལམ་བུར་ཞུགས། ལྷག་པར་དུ། གློག་རྡུལ་རྩིས་འཁོར་ཡོངས་ཁྱབ་ཀྱིས་བེད་སྤྱོད་བྱས་པ་ནས་བཟུང་སྟེ། སྤྱི་ཚོགས་རིག་པའི་ཞིབ་འཇུག་བྱེད་ཐབས་སྔར་བས་ཕུན་སུམ་ཚོགས་པར་གྱུར་པ་དང་། གྲངས་ཀ་བསྡོམས་རྩིས་དང་དབྱེ་ཞིབ། གསེད་འགྲོལ་བྱས་པ་གལ་ཆེན་ནང་གི་དོན་ཆེན་དུ་བཟུང་བ་རེད།

ནུབ་ཕྱོགས་ཀྱི་སྤྱི་ཚོགས་རིག་པའི་གཞུང་ལུགས་ཞིབ་འཇུག་གི་གོ་རིམ་ཁྲོད་དུ། ཡོ་རོབ་གླིང་གི་བྱས་རྗེས་གཙོ་བོ་ནི་སྤྱི་ཚོགས་རིག་པ་དར་རྒྱས་བྱུང་མ་ཐག་པའི་གནས་སྐབས་ཏེ། དུས་དེར་ཁོན་ཏི་དང་སི་པེན་སར། ཐོར་ཀན། ཝེ་པོ་སོགས་སྤྱི་ཚོགས་རིག་པའི་ཁྱུ་མཆོག་བྱོན་པ་དང་། ཁོང་པ་ཚོས་དུས་ཕྱིས་ཀྱི་སྤྱི་ཚོགས་རིག་པའི་འཕེལ་རྒྱས་ལ་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་མི་དམན་པ་བཏོན་མྱོང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ། ཨ་མེ་རི་ཁའི་སྤྱི་ཚོགས་རིག་པ་དར་རྒྱས་ཀྱི་རྩེ་མོར་སོན་ཏེ་འཛམ་གླིང་གི་ཁ་མིག་ཡར་ལྟའི་དཔེ་ཟླར་གྱུར་ཏོ།།

2 ཡོ་རོབ་ནུབ་མའི་སྤྱི་ཚོགས་རིག་པ།

སྤྱིར་བཏང་དུ། ནུབ་ཕྱོགས་སྤྱི་ཚོགས་རིག་པའི་རྨང་འདིང་མཁན་ནི་ཧྥ་རན་སེའི་ཁོན་ཏི་ཡིན་པར་བཞེད་ཅིང་། ཁོང་གིས་ཆེས་ཐོག་མར་སྤྱི་ཚོགས་རིག་པ་ཞེས་པའི་ཐ་སྙད་འདི་བེད་སྤྱོད་གནང་བ་དང་། ཚན་རིག་གི་བྱེད་ཐབས་སྤྱད་ནས་མིའི་རིགས་སྤྱི་ཚོགས་ལ་ཞིབ་འཇུག་མཛད། དུས་ཕྱིས་སུ་དབྱིན་ཇིའི་སི་པེན་སར་དང་ཧྥ་རན་སེའི་ཐོར་ཀན། འཇར་མན་གྱི་ཝེ་པོ་སོགས་སྐྱེས་ཆེན་དུ་མ་བྱོན་ཏེ་སྤྱི་ཚོགས་རིག་པ་གྲ་ཇེ་རྒྱས་དང་ཕུན་སུམ་ཇེ་ཚོགས་སུ་བཏང་བའོ།། དེའི་ཁྲོད་དུ། ཐོར་ཀན་གྱིས་མཚོན་པའི་དངོས་སྒྲུབ་སྤྱི་ཚོགས་རིག་པ་དང་། ཝེ་པོ་ལགས་ཀྱིས་མཚོན་པའི་ཤེས་རྟོགས་སྤྱི་ཚོགས་རིག་པ་གཉིས་ནི་དེང་རབས་སྤྱི་ཚོགས་རིག་པའི་གྲུབ་མཐའ་ཆེ་གྲས་གཉིས་སུ་གཏོགས།   

3 ཨ་རིའི་སྤྱི་ཚོགས་རིག་པ།

སྤྱི་ཚོགས་རིག་པ་དེ་ཉིད་ཨ་རི་རྒྱལ་ཁབ་ཏུ་དར་ཁྱབ་བྱུང་མ་ཐག དངོས་སྤྱོད་རིང་ལུགས་ཀྱི་བསམ་བློའི་ཤུགས་རྐྱེན་ཐེབས་ཏེ་གཞུང་ལུགས་ཕལ་བར་འཛིན་ཞིང་གནད་དོན་དངོས་ཐག་གཅོད་དང་ཞིབ་འཇུག་བྱེད་པར་དང་དོད་ཆེན་པོ་བྱས་པ་སྟེ། སྤྱི་ཚོགས་རིག་པ་བ་ཚོས་ཞིབ་འཇུག་དང་དངོས་ཡོད་ཀྱི་གནད་དོན་ཟུང་དུ་སྦྲེལ་ཐོག་གྲོང་ཁྱེར་སྤྱི་ཚོགས་རིག་པ་དང་། སྤྱི་ཚོགས་སེམས་ཁམས་རིག་པ། རིག་གནས་མིའི་རིགས་རིག་པ་སོགས་གྲུབ་མཐའ་བྱེ་བྲག་པ་མང་དུ་བྱུང་། ཡིན་ནའང་། ལོ་རབས་བཞི་བཅུ་བའི་དུས་མགོ་ནས་བཟུང་། གཞུང་ལུགས་ཀྱི་མཛུབ་སྟོན་མེད་ན་ནི་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་ཞིབ་འཇུག་གི་ཆུ་ཚད་སྔར་བས་མཐོར་འདེགས་སུ་གཏོང་མི་ནུས་པར་དམིགས་ཏེ། ཁོང་པ་ཚོས་སྤྱི་ཚོགས་རིག་པའི་གཞུང་ལུགས་ཞིབ་འཇུག་གི་ཐད་དུ་འཇོན་ནུས་གང་ཡོད་རྩལ་དུ་སྤྲུགས་ཤིང་། དེའི་འབྲས་བུར་སྨིན་པ་ནི་དཔེར་ན། ཕཱ་སིན་སི་ལགས་ཀྱིས་བཏོན་གནང་མཛད་པའི་སྒྲིག་གཞི་དང་བྱེད་ནུས་རིང་ལུགས་ལྟ་བུའོ།། ཁོང་གི་ཤུགས་རྐྱེན་འོག་ཏུ། ལོ་རབས་དྲུག་ཅུ་པའི་དུས་དཀྱིལ་ནས་བཟུང་སྟེ། བརྗེ་རེས་སྨྲ་བ་དང་འགལ་འདུ་སྨྲ་བ། སྤྱི་ཚོགས་སྣང་ཚུལ་སྨྲ་བ་སོགས་གཞུང་ལུགས་གསར་བ་རབས་དང་རིམ་པ་བྱུང་མྱོང་ངོ་།། སྒྲིག་གཞི་དང་བྱེད་ནུས་རིང་ལུགས་པ་ལྟར་ན། གཞུང་ལུགས་ཀྱི་ངོས་ཐད་ནས་སྤྱི་ཚོགས་ཁྱོན་ཡོངས་ལ་ཞིབ་འཇུག་བྱེད་པ་དང་། གཙོ་བོའི་གཙོ་བོར་སྤྱི་ཚོགས་ཀྱི་སྒྲིག་གཞི་དང་དེའི་ཡན་ལག་ཉིང་ལག་ཏུ་གྱུར་པ་དག་ཕན་ཚུན་བྱེད་ནུས་ཀྱི་ཆ་ནས་འབྲེལ་བ་ག་འདྲ་མཆིས་པར་ཞིབ་འཇུག་བྱེད་པ་ཞིག་ལ་གོ་སྟེ། དཔེར་ན། མི་རང་ཉིད་ཀྱིས་བྱ་བྱེད་ཅི་ཞིག་རྩོམ་པར་གདམ་ང་བྱེད་པའི་དབང་ཆ་དང་འཇོན་ཐང་ལྡན་ནའང་། སྤྱི་ཚོགས་སྒྲིག་གཞིའི་ཕྱོགས་སོ་སོ་དང་རིན་ཐང་ལྟ་ཚུལ་གྱི་ཚོད་འཛིན་ནན་མོ་ཐེབས་ཡོད་པ་ལྟ་བུའོ།།

4 དེང་རབས་ནུབ་ཕྱོགས་ཀྱི་ལོ་རྒྱུས་རིག་པའི་འཕེལ་སྟངས།

དེང་རབས་ནུབ་ཕྱོགས་ཀྱི་ལོ་རྒྱུས་རིག་པ་ནི་དུས་རབས་ཉི་ཤུ་པའི་དུས་མགོར་དར་བ་ཞིག་རེད། སྐབས་དེར། ཉམས་མྱོང་དང་བྱུང་འདས་གཙོ་བོར་འཛིན་པའི་ཁ་ཕྱོགས་ཡོངས་སུ་འགྱུར་ཏེ་ལོ་རྒྱུས་སྨྲ་བ་ཚོས་དངོས་ཡོད་དང་མ་འོངས་པར་ཁ་གཏད་པར་གྱུར་ཅིང་། ལོ་རྒྱུས་རིག་པའི་ནང་དོན་དང་བྱེད་ཐབས། རྩ་བའི་གཞུང་ལུགས་བཅས་པར་སྔར་མེད་ཀྱི་འགྱུར་བ་ཐེབས།

དེང་རབས་ནུབ་ཕྱོགས་ཀྱི་ལོ་རྒྱུས་རིག་པས་ནི་མིའི་རིགས་རིག་པ་དང་། སྤྱི་ཚོགས་རིག་པ། དཔལ་འབྱོར་རིག་པ། སེམས་ཁམས་རིག་པ། རྩིས་རིག་སོགས་རིག་ཚན་དུ་མའི་གཞུང་ལུགས་དང་བྱེད་ཐབས་བཀོལ་ཏེ། རིག་ཚན་ཕན་ཚུན་བསྲེས་སྦྱོར་གྱིས་ཚན་རིག་རང་བཞིན་དང་ཕྱོགས་བསྡོམས་དབྱེ་ཞིབ་ལྟ་བུའི་ཞིབ་འཇུག་མཛད། རྩ་བའི་བྱེད་ཐབས་ཀྱི་ཆ་ནས། གྲངས་རྩིའི་ལོ་རྒྱུས་རིག་པ་དང་། གཤིབ་བསྡུར་ལོ་རྒྱུས་རིག་པ། སེམས་ཁམས་ལོ་རྒྱུས་རིག་པ། ངག་ཐོག་ལོ་རྒྱུས་རིག་པ་སོགས་བྱེད་ཐབས་གསར་པ་བཏོན་གནང་མཛད་པ་དང་། ཞིབ་འཇུག་ཁྱབ་ཁོངས་ཀྱི་ཆ་ནས། སྤྱི་ཚོགས་ལོ་རྒྱུས་རིག་པ་གསར་མ་དང་། ཆབ་སྲིད་ལོ་རྒྱུས་རིག་པ་གསར་མ། མི་གྲངས་ལོ་རྒྱུས་རིག་པ་གསར་མ། ཁྱིམ་དུད་ལོ་རྒྱུས་རིག་པ་གསར་མ། དཔལ་འབྱོར་ལོ་རྒྱུས་རིག་པ་གསར་མ་བཅས་ཞིབ་འཇུག་གི་ཁྱབ་ཁོངས་ཡངས་པོར་བསྐྱེད་པ་རེད། ལོ་རྒྱུས་རིག་པའི་གྲུབ་མཐའི་ཕྱོགས་ནས་ཤུགས་རྐྱེན་ཆེས་ཆེ་བ་ནི་རིག་གནས་རྣམ་པ་སྨྲ་བ་དང་། ལོ་ཚིགས་སྨྲ་བ། སྤྱི་ཚོགས་ལོ་རྒྱུས་རིག་པ་གསར་མ། གྲངས་བརྩིའི་ལོ་རྒྱུས་རིག་པ་བཅས་བཞུགས་ཤིང་། གཤམ་དུ་སྔ་མ་གཉིས་ངོ་སྤྲོད་རགས་ཙམ་ཞུ་བ་ལ།

4_1  རིག་གནས་རྣམ་པ་སྨྲ་བ།

གྲུབ་མཐའ་དེ་ནི་དུས་རབས་ཉི་ཤུ་པའི་དུས་མགོར་དར་བ་དང་། འཐུས་ཚབ་མི་སྣར་འཇར་མན་གྱི་སི་པེན་ཀི་ལི་དང་དབྱིན་ཇིའི་ཐོ་ཡེན་པི་གཉིས་བཞུགས།

སི་པེན་ཀི་ལི་ལགས་ཀྱི་བརྩམས་ཆོས་གྲགས་ཆེན་ལ《ནུབ་ཕྱོགས་ཀྱི་ཉམས་རྒུད》ཅེས་པ་མཆིས་ཤིང་། ཁོང་ལྟར་ན། རིག་གནས་བྱེ་བྲག་པའི་ལོ་རྒྱུས་ལས་མིའི་རིགས་ཀྱི་ལོ་རྒྱུས་ཞེས་པའི་དོན་སྤྱི་ཞིག་ཡེ་ནས་མེད་པའོ།། ཁོང་གིས་ཨེ་ཅིབ་ཀྱི་རིག་གནས་དང་། པ་པི་ལུང་རིག་གནས། རྒྱ་གར་རིག་གནས། རྒྱ་ནག་རིག་གནས། གནའ་བོའི་ཀེ་སེ་སི་དང་རོ་མའི་རིག་གནས། དབྱི་སི་ལན་རིག་གནས། མ་ཡ་རིག་གནས། ཡོ་རོབ་ནུབ་མའི་རིག་གནས་བཅས་བརྒྱད་བགྲང་ཐོག དེ་དག་ཕན་ཚུན་གཤིབ་བསྡུར་གྱིས་རྙེད་པའི་མཐའ་བསྡོམས་ནི། རིག་གནས་སོ་སོར་དར་རྒུད་ཀྱི་གོ་རིམ་ཞིག་ཡོད་པ་དཔེར་ན་དུས་བཞིའི་འགྱུར་བ་དང་མཚུངས་ཤིང་། ད་ལྟའི་དུས་འདིར། ནུབ་ཕྱོགས་རིག་གནས་ལས་བྱིངས་གཞན་རྒུད་པའི་གཡང་དུ་ལྷུང་བ་དང་། ནུབ་ཕྱོགས་རིག་གནས་ཀྱང་དུས་ཀྱི་མཐའ་མར་བསླེབས་པའི་ལྟ་བ་བརྗོད།

ཐོ་ཡེན་པི་ལགས་ནས་ལོ་ངོ་བཞི་བཅུའི་དཀའ་བ་སྤྱད་དེ་བམ་པོ་བཅུ་གཉིས་ཀྱི་བདག་ཉིད་དུ་གྱུར་པའི《ལོ་རྒྱུས་ཞིབ་འཇུག》ཅེས་པ་བརྩམས་གྲུབ་གནང་བ་རེད། ཁོང་ལྟར་ན། ལོ་རྒྱུས་ཞིབ་འཇུག་བྱ་ཡུལ་ནི་མི་རིགས་རྒྱལ་ཁབ་ཅེས་པའི་སྡེ་ཚན་དེ་མིན་ལ། དེའི་མཐའ་རུ་ལྷུང་བའི་འགྲོ་མི་ཧྲིལ་བོའང་མ་ཡིན་པར། ང་ཚོས་སྤྱི་ཚོགས་སུ་འབོད་པའི་མིའི་རིགས་ཀྱི་ཁྱུ་ཚོགས་ཤིག་ལ་གོ་དགོས་པ་རེད། སྡེ་ཚན་འདི་ནི་ད་གཟོད་རིག་གནས་ཀྱི་རྣམ་པ་གཞན་དང་མི་མཐུན་པའི་ཚོགས་སྤྱི་ཞིག་སྟེ། དེ་ལ་ཐོ་ཡེན་པི་ཁོང་རང་ཉིད་ནས་ཤེས་རིག་ཅེས་བརྗོད་པ་དང་། འཇིག་རྟེན་འདིར་ཤེས་རིག་འདྲ་མིན་སོ་བདུན་གནས་མྱོང་བའི་ལྟ་བའང་བཏོན། མ་ཟད། ཁོང་གིས་སི་པེ་ཀི་ལི་ལགས་ཀྱི《དུས་བཞིའི་འགྱུར་བ》ཞེས་པར་བཟོ་བཅོས་བརྒྱབ་སྟེ། འབྱུང་ཁུངས་དང་སྐྱེ་འཕེལ། ཉམས་རྒུད། འཕུང་གྲོལ། སྟོང་བར་གྱུར་པའི་གོ་རིམ་ཁག་ལྔ་རུ་བགོས་ཤིང་། འགྲོ་མིའི་ཤེས་རིག་ནི་ཐབས་དང་ཤེས་རབ་ཀྱི་སྒོ་ནས་དུས་ཡུན་རིང་བོར་རྒྱུན་བསྐྱང་ཆོག་པའི་སྤྲོ་སེམས་བཅངས་ཡོད་པ་རེད།

4_2 ལོ་ཚིགས་སྨྲ་བ།

ལོ་ཚིགས་སྨྲ་བ་ནི་དུས་རབས་ཉི་ཤུ་པའི་ལོ་རབས་སུམ་ཅུའི་ཡས་མས་སུ་ཧྥ་རན་སེ་རྒྱལ་ཁབ་ཏུ་དར་མགོ་ཚུགས་པ་དང་། ཤིང་རྟའི་སྲོལ་འབྱེད་པ་ནི་ཧྥེ་ཧྥོར་དང་པུ་ལོ་ཧི་རྣམ་གཉིས་ལགས། དེ་ནི་དཔལ་འབྱོར་དང་སྤྱི་ཚོགས་རིག་པའི་ལོ་ཚིགས་ཞེས་པའི་དུས་དེབ་འདོན་སྤེལ་གནང་བར་བརྟེན་ནས་ཐོགས་པར་གྱུར། ཁོང་པ་ཚོས་སྤྱི་ཚོགས་ནི་ཕན་ཚུན་རྟེན་འབྲེལ་གྱིས་གྲུབ་པའི་གོང་བུ་ཆེན་པོ་ཞིག་ཡིན་པ་དང་། མིའི་རིགས་ཀྱི་བྱ་བྱེད་མཐའ་དག་ལ་ཉམས་ཞིབ་མཛད་དགོས་པའི་ལྟ་བ་བཏོན་པར་མ་ཟད། ལོ་རྒྱུས་གསུང་རྩོམ་ཡང་བྱུང་འདས་ཁོ་ན་བརྗོད་པ་མ་ཡིན་པར་གནད་དོན་གང་རུང་ཚོགས་པར་ཕྱུངས་པ་བརྒྱུད། དེ་ལ་ཁྱོན་ཡོངས་ནས་དབྱེ་ཞིབ་དང་ཀློག་འགྲེལ་གནང་དགོས་ལ། ལོ་རྒྱུས་ཞིབ་འཇུག་གི་ནང་དོན་གཙོ་བོ་ནི་མི་རང་ཉིད་ལས་མ་འདས་ཞེས་ཀྱང་གསུངས་སོ།།

འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ། མཁས་དབང་སྔ་ཕྱིར་དུ་མ་བྱོན་ཏེ་ལོ་ཚིགས་སྨྲ་བའི་གཞུང་ལུགས་སྔར་བས་འཐུས་ཇེ་ཚང་དང་གྲ་ཇེ་རྒྱས་སུ་བཏང་བར་མཛད་དེ། སྤྱི་ལོ1949ལོར་པོ་ལོ་ཏར་ལགས་ཀྱིས་མཛད་པའི་ས་དབུས་རྒྱ་མཚོ་དང་ཧྥེ་ལི་ཕུ་སྐུ་རབས་གཉིས་པའི་སྐབས་ཀྱི་སྤྱི་ཚོགས་ཞེས་པ་ནི་རིགས་མཐུན་སྨྲ་བའི་ཁྲོད་ན་སྐད་གྲགས་ཆེས་ཆེ་ཞིང་། དེས་ལོ་རྒྱུས་ཞིབ་འཇུག་གི་མིག་རྒྱང་གསར་དུ་བསྐྱེད་པར་མ་ཟད། དུས་རིམ་གསུམ་ཞེས་པའི་ལྟ་བ་གསར་བ་ཞིག་ཀྱང་བཏོན་གནང་མཛད།

གསུང་རྩོམ་དེར་བརྗོད་བྱ་ཁག་གསུམ་འདུས་ཏེ། དང་བོར་ས་དབུས་རྒྱ་མཚོའི་ཕྱི་ཡུལ་གྱི་བཀོད་པ་དང་ས་བབ་སོགས་བྲིས་ཡོད། གཉིས་པར་སྐབས་དེའི་དཔལ་འབྱོར་གྱི་རྣམ་པ་བྲིས་ཡོད། གསུམ་པར་གནས་དེའི་ཆབ་སྲིད་དང་དམག་དོན། ལྷག་པར་དུ་སི་ཕེན་དང་ཐུར་ཁེ་རྒྱལ་ཁབ་གཉིས་དབང་རྩོད་བརྒྱབ་པའི་གོ་རིམ་བྲིས་ཡོད། བརྗོད་བྱ་དེ་གསུམ་བྲིས་པ་བརྒྱུད་རྩོམ་པ་པོ་ཁོང་གིས་རིམ་པ་གསུམ་དུ་བགར་ནས་རྒྱས་བཤད་མཛད་པ་ནི། ས་རྒྱུས་ཀྱི་དབང་དུ་བྱས་པའི་དུས་རིམ་རིང་བོ་ཞིག་དང་། སྤྱི་ཚོགས་ཀྱི་དབང་དུ་བྱས་པའི་དུས་རིམ་འབྲིང་བ་ཞིག བྱེ་བྲག་གི་དབང་དུ་བྱས་པའི་དུས་རིམ་ཐུང་ངུ་ཞིག་སྟེ། དེ་དག་ཀྱང་སྒྲིག་གཞི་དང་གནས་ཚུལ་དང་དོན་རྐྱེན་ཞེས་པའི་བརྡ་ཆད་གསུམ་དུ་བསྡུས་འདུག དེས་ན། ལོ་རྒྱུས་ཀྱི་དབང་དུ་བྱས་ན། སྒྲིག་གཞི་ནི་དུས་ཡུན་རིང་བོར་ཤུགས་རྐྱེན་ཐེབས་སྲིད་པ་ཅན་ཞིག་དང་། གནས་ཚུལ་འབྲིང་ཙམ་དང་། དོན་རྐྱེན་ནི་གློར་བྱུང་གི་བདག་ཉིད་ཅན་དུ་ངེས་པས་ན་དེའི་ཤུགས་རྐྱེན་ཡང་དུས་རིམ་ཐུང་དུ་ཞིག་ཏུ་ཡལ་བར་འགྱུར་ཏོ།།

གཞན། དེང་རབས་ཀྱི་དུས་སྐབས་སུ། དཔལ་འབྱོར་དང་ཚན་རྩལ། ཤེས་རིག་བཅས་ཀྱི་ཐད་ནས་བླ་མེད་ཀྱི་འཕེལ་རྒྱས་བྱུང་བ་དེས། སྤྱི་ཚོགས་འཚོ་བ་དང་མང་ཚོགས་རིག་གནས་ལའང་གནས་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་འབྱུང་དུ་བཅུག་པ་རེད། འཛད་སྤྱོད་ཀྱི་རྣམ་པ་དང་ལྟ་བར་ཡང་འཕོ་འགྱུར་བྱུང་སྟེ། མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་དང་ཟས་གོས་ལོངས་སྤྱོད་ཀྱང་སྣ་མང་ཅན་དུ་ཕྱོགས་ཤིང་། འཚོ་བའི་ཆུ་ཚད་གོང་ནས་གོང་དུ་འཕེལ། ལས་སྒྲུབ་ཀྱི་དུས་ཚོད་ཐུང་ངུར་བསྟུངས་པ་དང་ཡོང་འབབ་ཀྱི་གྲངས་ཀ་མཐོ་རུ་ཕྱིན་པའི་དབང་གིས་སྤྲོ་བསང་བག་ཕེབས་ཀྱི་འཚོ་བ་རོལ་སྟངས་ཡོངས་ཁྱབ་ཏུ་གྱུར་པ་རེད་ལ། རྒྱང་བསྒྲགས་དང་བརྙན་འཕྲིན་སོགས་སྨྱན་བྱེད་སྣ་ཚོགས་ཀྱིས་མི་མང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། ཐུན་མོང་མ་ཡིན་པའི་ལུས་རྩལ་གྱི་རིགས་འདྲ་མིན་དར་རྒྱས་བྱུང་བ་དེས་ཀྱང་དེང་རབས་རིག་གནས་ཀྱི་ནང་དོན་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེར་བཏང་བ་རེད།

དེ་མིན་དཔལ་འབྱོར་རིག་པའི་ཆ་ནས་གནའ་དཔེ་རིང་ལུགས་གསར་མ་དང་། ཁར་ཨིན་སི་རིང་ལུགས། ཁར་ཨིན་སི་རིང་ལུགས་གསར་མ། དངུལ་ལོར་རིག་པ། མཁོ་སྤྲོད་རིག་པ་སོགས་དར་བར་གྱུར་ཏེ་ནུབ་ཕྱོགས་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་ནུས་པ་བླ་ལྷག་གིས་ཐོན་པ་དང་། གླུ་དབྱངས་དང་རི་མོ་སོགས་སྒྱུ་རྩལ་གྱི་ཐད་ནས་ཀྱང་འབུར་གཟུགས་རིང་ལུགས་པ་དང་། མངོན་མཚོན་རིང་ལུགས། མ་འོངས་རིང་ལུགས། ཚོར་སྣང་རིང་ལུགས། གློག་རྡུལ་གླུ་དབྱངས་སོགས་རྣམ་པ་སྣ་ཚོགས་དར་ཁྱབ་བྱུང་བ་དང་། པིས་ཁ་སོ་སོགས་ང་ཚོའི་རྣ་བྱང་དུ་གྱུར་པའི་སྐྱེས་མཆོག་མང་བོ་བྱོན་མྱོང་ངོ་།། ཞེས་འཛམ་གླིང་ཤེས་རིག་གི་བྱུང་བ་མདོ་ཙམ་བརྗོད་པ་རེ་ཞིག་རྫོགས་སོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-08-21

གསར་སྤེལ་མཁན། :གཡང་སྒྲོལ་མ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།