རིགས་རྒྱུད་དང་མི་རིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རིགས་རྒྱུད་དང་མི་རིགས།
ང་ཚོའི་མིའི་རིགས་ནི་ད་ལྟ་ཤུལ་ཆད་དུ་གྱུར་པའི་གནའ་བོའི་སྤྲ་མིའི་རིགས་ཤིག་ལས་མཆེད་པ་དང་། གོ་རིམ་དེའི་ཁྲོད་དུ་ངལ་རྩོལ་གྱི་བྱེད་ནུས་འགངས་ཆེན་ཐོན་པ་རེད། བློ་རིག་ཀྱང་རིམ་གྱིས་རྒྱས་ཏེ་སྲོག་ཆགས་དུད་འགྲོ་སོགས་ལས་འགོངས་པར་གྱུར། ལོ་ངོ10000སྔོན་གྱི་ཡས་མས་སུ། ཧྥེ་གླིང་དང་ཡོ་ཡོབ་གླིང་དང་ཡ་གླིང་དང་ཨོ་གླིང་དང་མེ་གླིང་ལྷོ་བྱང་བཅས་སུ་མིའི་རིགས་འཚོ་གཞེས་ཀྱི་རྗེས་ཤུལ་མངོན་པར་གསལ་བ་དང་། ས་བབ་མི་གཅིག་པ་དང་རང་བྱུང་ཆ་རྐྱེན་མི་འདྲ་བའི་དབང་གིས་གནའ་དུས་ཀྱི་མེས་པོ་དག་རང་རང་གི་འཚོ་སྟངས་བསྐྱངས་ཏེ་དུས་ངེས་ཅན་ཞིག་ཏུ་བསླེབས་པ་ན། རིགས་རྒྱུད་ཀྱི་ཁྱད་པར་ཤོར་པ་རེད། དེའི་འཕྲོར་གནས་ཡུལ་སྤོས་པ་དང་ཞིང་ལས་གསར་བརྗེ་བྱུང་བའི་དུས་མཚུངས་སུ། རིགས་རྒྱུད་འདྲ་མིན་སྣ་ཚོགས་ཡུལ་གྲུ་ཀུན་ཏུ་རིས་མེད་དུ་ཁྱབ་པའི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་མཇུག་རྫོགས་ཏེ། མི་སེར་དང་མི་དཀར་མི་ནག་གསུམ་གྱི་རིགས་རྒྱུད་དེ་གཞན་བྱིངས་དང་བསྡུར་ན་ཕྱོགས་གང་ཐད་ནས་དར་རྒྱས་སུ་ཕྱིན་པར་མངོན། རིགས་རྒྱུད་གཅིག་པའི་མི་དེ་དག་ཀྱང་ལོ་ཟླ་རིང་མོའི་འཁོར་འགྲོས་ཁྲོད་དུ། སྐད་དང་ས་ཁོངས་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྣམ་པ་དང་རིག་གནས་དང་སེམས་གཤིས་མི་གཅིག་ཐ་དད་དུ་སོང་བའི་རྐྱེན་བྱས་ཏེ་མི་རིགས་སྣ་ཚོགས་སུ་གྱེས་མགོ་བརྩམས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
种族和民族
ཕྱི་ཡིག་གི་མིང་།
Race and ethnic origin
1 མིའི་རིགས་དང་རིགས་རྒྱུད་ཀྱི་བྱུང་བ།

ནུབ་ཕྱོགས་ཀྱི་མཁས་དབང་ཆེན་མོ་དར་ཝུན་གྱིས《མིའི་རིགས་ཀྱི་འབྱུང་ཁུངས་དང་ཕོ་མོའི་དབྱེ་བ》ཞེས་པའི་བརྩམས་ཆོས་སུ་བསྟན་དོན། མིའི་རིགས་དང་ད་ལྟའི་མི་མ་སྤྲ་ནི་མེས་པོ་གཅིག་ལས་མཆེད་པ་རེད་ཅེས་གསུངས་འདུག གོང་ནས་ཀྱང་སྨྲས་པ་ལྟར། མིའི་རིགས་ཀྱི་མེས་པོ་ནི་ཤུལ་ཆད་དུ་གྱུར་པའི་གནའ་བོའི་སྤྲ་མིའི་རིགས་ཤིག་ཡིན་པ་ཤིན་ཏུ་གསལ། དེང་རབས་སུ་མཐོང་དུ་ཡོད་པའི་མི་མ་སྤྲའི་རིགས་ལ་སྤྲ་ལག་རིང་དང་སྤྲ་ནག་དང་མི་རྒོད་ཆེ་ཆུང་གཉིས་མཆིས་ཤིང་། དེ་དག་གི་གཟུགས་གཞི་གྲུབ་སྟངས་ནི་ང་ཚོ་མིའི་རིགས་དང་ཤིན་ཏུ་ཉེ་བ་དང་གཉེན་ཉེའི་འབྲེལ་བ་གང་རུང་མཆིས་པར་མངོན། གནའ་བོའི་སྤྲ་མི་དེ་མི་རུ་གྱུར་དོན་ནི་རང་བྱུང་ཁམས་གྱི་འགྱུར་བ་དང་བསྟུན་པར་འབྲེལ་བ་དམ་ཟབ་མཆིས་ལ། དེའི་ཁྲོད་ཀྱི་རྒྱུ་རྐྱེན་གཙོ་བོ་ནི་ངལ་རྩོལ་ལ་རག་ལས་པ་རེད། དེར་ཨེན་ཀི་སི་ལགས་ནས་ངལ་རྩོལ་དང་ལག་ཆ་བཟོ་ཤེས་པ་ནི་མི་དང་སྲོག་ཆགས་ཀྱི་ཁྱད་པར་འབྱེད་བྱེད་གཙོ་བོའོ་ཞེས་གསུངས་འདུག དེ་ཡང་སྤྲ་ནས་མི་རུ་གྱུར་པའི་དུས་མཚམས་གསུམ་དུ་བགོས་ཆོག་སྟེ། དང་པོ་ནི་ལྗོན་ཤིང་དུ་གནས་འཆའ་བའི་སྤྲ་ཚོགས་དང་། གཉིས་པ་ནི་བར་བརྒལ་གྱི་ཁྱུ་ཚོགས་ཏེ། སྤྲ་ནས་མི་རུ་གྱུར་པའི་བར་བརྒལ་གྱི་སེམས་ཅན་རིགས་ཤིག་ལ་གོ་ཞིང་། གསུམ་པ་ནི་གྱུར་ཟིན་པའི་གནས་སྐབས་ཞེས་པ་སྟེ། གསལ་བོར་སྨྲས་ན་ལག་ཆ་བཟོ་ཤེས་པའི་གདོད་མིའི་རིགས་ལ་བརྗོད་ཅིང་། དེར་ཡང་ནང་གསེས་སུ་སྔ་ཕྱི་གོ་རིམ་གསུམ་བརྒྱུད་པར་ཀུན་གྱིས་སྨྲའོ།།

གནའ་བོའི་སྤྲ་མི་ནི་ཚ་བའི་ས་ཁུལ་ལམ་ཚ་མ་དྲོད་ཀྱི་ནགས་ཚལ་དག་ཏུ་གནས་བཅས་ཡོད་ཅིང་། ཐམས་ཅད་དུད་དེ་འགྲོ་བ་རེད། དེ་ཚོས་ལག་པ་བསྲིངས་ནས་ཤིང་ཏོག་གི་འབྲས་བུ་འཐོག་པ་དང་ནགས་གསེབ་དག་ཏུ་ཚང་མལ་བཟོ་བ་སོགས་བྱས་ཏེ་རིམ་བཞིན་རྐང་ལག་གཉིས་ལ་ལས་བགོས་ངེས་ཅན་ཐོབ་ཅིང་། ལུས་པོའང་དགྱེ་མ་སྒུར་དུ་གནས་ཐུབ་པ་དེས། རུས་པའི་སྒྲོམ་གཞི་དང་དོན་ལྔ་སྣོད་དྲུག་བཅས་པར་འགྱུར་ལྡོག་ཅུང་ཙམ་ཐེབས་པས་མ་ཚད། ས་ཁར་འཚོ་བ་རོལ་ཞིང་དྲང་མོར་འགྲོ་ཐུབ་པའི་རྨང་གཞི་གལ་ཆེན་བཏིངས། སྤྲ་ནས་མི་རུ་འགྱུར་བའི་གོ་རིམ་ཁྲོད་དུ། ཧྥེ་གླིང་ཤར་མ་དང་ཡ་གླིང་ལྷོ་མའི་མཁའ་དབུགས་དང་། ས་དབྱིབས་ལ་འགྱུར་ལྡོག་བྱུང་བའི་དབང་གིས་ནགས་ཚལ་ཇེ་ཉུང་དུ་གྱུར་ཅིང་། རིམ་བཞིན་ནགས་གསེབ་ཀྱི་སྟོང་དང་རྩྭ་ས་ཐར་ཐོར་ཆགས་པ་རེད། ཁོ་ཚོས་ཁ་ཟས་བསྟེན་པའི་ཆེད་དུ་ས་ཁར་ལངས་ནས་འགྲོ་དགོས་བྱུང་བ་དང་ཆབས་ཅིག་ཏུ། སྤྲ་ནས་མིར་འགྱུར་བའི་དུས་རིམ་གསར་བ་ཞིག་ཏུ་བསླེབས། དེ་ནས་ཀྱང་ལག་པ་དང་སྒྲའི་སྐྱེ་གནས་དང་ཀླད་ཞོ་སོགས་ལ་འཕེལ་འགྱུར་རབས་དང་རིམ་པ་བྱུང་བར་བསྟུན། སྐད་བརྡ་དང་འདུ་ཤེས་བྱུང་ཞིང་། མཐར་མིའི་རིགས་ཀྱིས་ལག་ཆ་བཟོ་ཤེས་པར་གྱུར་ཏོ།།

རིགས་རྒྱུད་ཅེས་པ་ནི་མི་ཚོགས་གཞན་དང་ཁྱད་པར་ཕྱེ་ཞིང་། རྒྱུད་པ་གཅིག་ཏུ་འདེད་ཆོག་པའི་ཚོགས་པ་ཞིག་ལ་གོ་རུང་། མི་ལོ10000གི་གོང་རོལ་ཏེ་རྡོ་ཆས་རྙིང་མའི་དུས་མཇུག་ཏུ། མིའི་རིགས་ཀྱི་ཤིང་ཏོག་འཐུ་སྒྲུག་དང་རི་དྭགས་རྔོན་ལས་སོགས་ཀྱི་ལག་རྩལ་ཇེ་མཐོར་ཕྱིན་པ་དང་བསྟུན། ཟས་བཙོས་མ་ཟ་ཞིང་། རུས་ཁབ་ཀྱིས་གྱོན་གོས་བཟོ་བ། བྲག་ཁུང་དུ་གནས་འཆའ་བ་སོགས་འཚོ་ཚིས་སྐྱོང་ལུགས་ཡར་རྒྱས་སུ་ཕྱིན་པར་མ་ཟད། གོ་ལ་རིལ་མོའི་མི་གྲངས་ཀྱང་ལྡབ་འགྱུར་གྱིས་འཕེལ།

རྗེས་སུ། གླིང་ཆེན་ལྔ་བོར་ཁྱབ་པའི་མིའི་རིགས་ཀྱི་གཞིས་ཁྱིམ་རྒྱ་ཆེན་པོར་བསྐྱེད་པ་དང་དུས་མཚུངས་སུ། ས་བབ་དང་མཁའ་དབུགས་དང་བཟའ་བཏུང་མི་གཅིག་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྡེ་ཁག་དུ་མར་གྱེས་མགོ་བརྩམས་ཤིང་། མཇུག་མཐར། མདོག་དང་སྐྲ་དང་མིག་དང་སྣ་དང་ཁྲག་དང་གཟུགས་སོགས་མི་གཅིག་པའི་ཁྱད་པར་ཤོར་ཏེ་རིགས་རྒྱུད་ཅེས་པ་ཆགས་སྐད་དོ།།

མིའི་རིགས་ལ་རིགས་རྒྱུད་སྣ་ཁ་མང་ནའང་། མིའི་རིག་པ་སྨྲ་བ་དག་གིས་ཆེ་ཕྱོགས་ནས་གསུམ་ཏུ་བགར་འདུག་སྟེ། དེ་དག་ནི་མི་སེར་དང་མི་དཀར་དང་མི་ནག་བཅས་སོ།།

2 རིགས་རྒྱུད་ཀྱི་དབྱེ་བ་དང་ཁྱབ་ཁོངས།

མིའི་རིགས་ཡང་ནས་ཡང་དུ་གནས་སྤར་བ་དང་། ལྷག་ཏུ་ཞིང་ལས་གསར་བརྗེའི་དཔྱིད་དཔལ་གང་སར་ཤར་བ་དེས་རིགས་རྒྱུད་ཀྱི་འགྱུར་ལྡོག་ལ་ཤུགས་རྐྱེན་ཟབ་མོ་ཐེབས་སུ་བཅུག འགྱུར་ལྡོག་དེ་ནི་ཞིང་ལས་གཉེར་མཁན་གྱི་མི་སེར་དང་མི་དཀར། མི་ནག་བཅས་ལ་ཆར་བ་ཆུ་གྲོགས་ཀྱི་མཐུན་རྐྱེན་བསྐྲུན་པ་རེད་མོད། ཉ་ལས་གཉེར་མཁན་གྱི་རིགས་རྒྱུད་སྐོར་ཞིག་སྟེ། དཔེར་ན་ཨོ་སི་ཁྲུ་ལི་ཡའི་རིགས་རྒྱུད་ལྟ་བུར་མཚོན་ན། བཀག་སྡོམ་གྱི་གནས་སུ་གྱར་བ་དང་འཕེལ་མེད་སོར་གནས་ཀྱི་ངང་ཚུལ་དུ་ལུས་པ་རེད། དེ་བས་ཞིང་ལས་གསར་བརྗེ་བྱུང་བ་དེས་ལོ་ངོ་སྟོང་ཕྲག་དུ་མའི་རིང་གི་རིགས་རྒྱུད་དོ་སྙོམས་ཀྱི་རྣམ་པ་ཡོངས་སུ་གཏོར་བ་དང་། མི་སེར་དང་མི་དཀར་དང་མི་ནག་བཅས་ནི་བྱིངས་གཞན་ལས་སྟོབས་ཤུགས་ཆེ་བའི་གནས་བབ་གྲུབ།

སྤྱི་ལོ1950ལོར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གསལ་བསྒྲགས་བྱས་པ་ལྟར་ན། འཛམ་གླིང་ཧྲིལ་བོ་རིགས་རྒྱུད་གསུམ་དུ་འདུ་ཞིང་། དེའི་ཁྲོད་མི་སེར་གྱི་རིགས་ནི་གཙོ་ཆེ་བ་ཡ་གླིང་ཤར་ཕྱོགས་དང་ཤར་ལྷོ་དང་མེ་གླིང་དུ་ཁྱབ་ཡོད་པ་རེད། མི་དཀར་གྱི་རིགས་ནི་གཙོ་ཆེ་བ་ཡོ་རོབ་གླིང་དང་མེ་གླིང་དང་རྒྱ་མཚོ་ཆེན་པོའི་གླིང་དང་ཧྥེ་གླིང་ལྷོ་མ་དང་ཡ་གླིང་ནུབ་མ་ཧིན་རྡུ་སོགས་སུ་ཁྱབ་འདུག་ཅིང་། མི་ནག་གི་རིགས་ནི་གཙོ་ཆེ་བ་ཧྥེ་གླིང་དང་རྒྱ་མཚོ་ཆེན་པོའི་གླིང་དང་མེ་གླིང་དུ་ཁྱབ་འདུག་གོ།

འདིར་གསལ་བཤད་བྱེད་དགོས་པ་ཞིག་ལ། མིའི་རིགས་ཀྱི་རིགས་རྒྱུད་ཚང་མར་ལྷན་སྐྱེས་ཀྱི་ཆ་ནས་མཐོ་དམན་དང་ལེགས་ཉེས་ཀྱི་ཁྱད་པར་ཆེན་པོ་མེད་པར། ལག་རྩལ་དར་རྒྱས་ཀྱི་ཁྱད་པར་དང་དེ་ལས་བྱུང་བའི་མི་གྲངས་མང་ཉུང་གིས་ད་ལྟའི་གནས་ཚུལ་འདི་བྱུང་བར་མངོན།

3 མིའི་རིགས་ཀྱི་ཆགས་ལུགས།

མི་རིགས་ཞེས་པ་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་སུ་ཕྱིན་ཏེ་ཚད་ངེས་ཅན་ཞིག་ལ་བསླེབས་པའི་དུས་མཚམས་སུ་བྱུང་བ་རེད། མིའི་རིགས་ཕན་ཚུན་དུ་གནས་སྤར་བ་དང་འདྲེས་སྡོད་བྱས་པ་དེས་གདུང་རྒྱུད་ཀྱི་འབྲེལ་བ་ཐག་དམ་པོར་བཅད་ཅིང་། ས་ཁོངས་གཅིག་པ་དང་སྐད་རིགས་གཅིག་པ་དང་། སེམས་གཤིས་གཅིག་པའི་རྣམ་པ་ངང་གིས་གྲུབ་པ་རེད་ལ། ཞིང་ལས་དང་ཕྱུགས་ལས། ལག་ཤེས་བཟོ་ལས། ཚོང་ལས། གཞན་ཡང་ཚན་རིག་ལག་རྩལ་གྱི་བྱུང་འཕེལ་བཅས་ཀྱི་དབང་གིས་ཐུན་མོང་གི་དཔལ་འབྱོར་དང་རིག་གནས་འཚོ་བ་ཆགས་གནས་སྐྱེད་གསུམ་བྱེད་པའི་མཐུན་རྐྱེན་ཡག་པོ་བསྐྲུན། དེས་ན། ཐུན་མོང་གི་སྐད་རིགས་དང་ས་ཁོངས། དཔལ་འབྱོར་སྤྱི་ཚོགས། རིག་གནས། ད་དུང་སེམས་གཤིས་བཅས་ཅུང་གཏན་འཇགས་སུ་ཆགས་ཡོད་པ་ཅན་དེ་ལ་མི་རིགས་ཞེས་བརྗོད་པ་དང་། རིགས་རྒྱུད་གཅིག་ཅན་ལ་མི་རིགས་མི་འདྲ་བ་དུ་མ་མཆིས་ཤིང་། རིགས་རྒྱུད་གཅིག་པ་ཡིན་ན་མི་རིགས་གཅིག་པ་ཡིན་པས་མ་ཁྱབ། དེ་བཞིན་དུ་མི་རིགས་གཅིག་པ་ཅན་ལ་རིགས་རྒྱུད་མི་གཅིག་པའི་ཁྱད་ཆོས་ཀྱང་ཡོད་དེ། མདོར་ན། མི་རིགས་ཀྱི་སྣ་ཁ་ནི་རིགས་རྒྱུད་ལས་མང་བ་ངེས་དགོས་སོ།།

དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་སྐབས་ཀྱི་བསྡོམས་རྩིས་ཤིག་ཏུ། འཛམ་གླིང་ཡོངས་སུ་མི་རིགས2000ལྷག་མཆིས་ཤིང་། དེའི་ཁྲོད་དུ་མི་གྲངས་དུང་ཕྱུར་བརྒལ་བ་ཅན7ཡོད་ལ། དེ་དག་བསྡོམས་ན་མི་གྲངས་ཐེར་འབུམ་གཉིས་ལ་ཉེ་བ་མཆིས། མི་གྲངས་འབུམ་ཡན་གྱི་མི་རིགས་ཕལ་ཆེར800ཉེ་བར་ཡོད་པ་དང་། གོང་གི་མི་རིགས་འདི་དག་བསྡོམས་པས་འཛམ་གླིང་མི་གྲངས་སྤྱིའི་བརྒྱ་ཆའི99ཟིན་ཅིང་། དེའི་འཕྲོར་ལུས་པའི་མི་རིགས་སྟོང་ཕྲག་ལྷག་ལ་མི་གྲངས་བྱེ་བ་བཞི་མ་གཏོགས་མེད་པ་རེད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-08-21

གསར་སྤེལ་མཁན། :གཡང་སྒྲོལ་མ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།