རོ་མའི་གནའ་རབས་རིག་གནས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རོ་མའི་གནའ་རབས་རིག་གནས།
རོ་མའི་གནའ་རབས་རིག་གནས་ཀྱི་མགོ་ཁུངས་ནི་དབྱི་ཐ་ལི་རེད། དབྱི་ཐ་ལི་ནི་ས་དབུས་རྒྱ་མཚོའི་དཀྱིལ་དབུས་སུ་ཆགས་ཡོད་པ་དང་། བྱང་ཕྱོགས་ནི་རི་བོ་ཨར་ཕེ་སི་དང་འདབས་འབྲེལ་ཞིང་། ཕྱོགས་གསུམ་རྒྱ་མཚོར་ཁ་གཏད་ནས་ཡོད། གནས་དེའི་མཁའ་དབུགས་དྲོད་འཇམ་དང་ལྡན་ལ། ཆར་ཆུ་དུས་ལྟར་འབབ། ས་གཤིན་ལེགས་ཤིང་། ཞིང་ལས་དང་ཕྱུགས་ལས་འཕེལ་རྒྱས་སུ་སྨན། སྔོན་གྱི་རྡོ་ཆས་དུས་སྐབས་ནས་བཟུང་སྟེ། དབྱི་ཐ་ལིའི་ཕྱེད་གླིང་དུ་མིའི་རིགས་འཚོ་སྡོད་བྱས་མྱོང་ཞིང་། སྤྱི་ལོའི་སྔོན་གྱི་ལོ་ངོ2000ནས་མགོ་ཚུགས་ཏེ། བྱང་ཤར་ཕྱོགས་ཀྱི་ཏོ་ནོ་གཙང་པོའི་འགྲམ་རྒྱུད་ནས་ཡེན་ཨིག་སྐད་རིགས་སྨྲ་བའི་ཚོག་ཁག་ཅིག་རི་བོ་ཨར་ཕེ་སི་བརྒྱུད་ནས་དབྱི་ཐ་ལི་ཕྱེད་གླིང་དུ་འབྱོར་བ་དང་། དེའི་ཁྲོད་དུ་ཆུ་བོ་ཐེ་པོ་འབབ་རྒྱུད་ཀྱི་བདེ་ཐང་དུ་གཏན་སྡོད་བྱས་པའི་ཚོ་ཁག་དེ་དག་ལ་ལཱ་ཏིང་པ་ཞེས་བརྗོད་ཅིང་། དེ་ནི་རོ་མ་པའི་མེས་པོར་ངོས་འཛིན་པ་རེད། སྤྱི་ལོ་སྔོན་གྱི་དུས་རབས་བརྒྱད་པ་ནས་བདུན་པའི་བར་དུ། ཁོང་པ་ཚོས་ཆུ་བོ་ཐེ་པོའི་སྨད་རྒྱུད་དུ་རོ་མའི་མཁར་གྲོང་བརྩིགས་ཤིང་། དེའི་རྨང་གཞིའི་ཐོག ལོ་ཟླའི་དཀའ་བ་དུ་མ་ཁྱད་དུ་བསད་དེ་རླབས་ཆེན་གྱི་རོ་མའི་ཤེས་རིག་གི་དབུ་ཁྱུད་བྲིས། རོ་མའི་གནའ་རབས་ཤེས་རིག་དར་བའི་གོ་རིམ་ཁྲོད་དུ། ཤར་ཕྱོགས་རིག་གནས་དང་ཀེ་རེ་སིའི་རིག་གནས་ཀྱི་ཤན་ཐེབས་པ་མང་ཞིང་། གཞན་ཡང་ལ་ཏིང་མི་རིགས་ཀྱི་རིག་གནས་རྨང་གཞི་བྱས་ཐོག་རིམ་གྱིས་འཐུས་སྒོ་ཚང་བ་ཅན་ཞིག་ཏུ་གྲུབ་པར་མངོན། སྤྱི་ལོའི་སྔོན་གྱི་ལོ་ངོ509ལོར་རོ་མ་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་དང་། དེས་དབྱི་ཐ་ལི་རྒྱལ་ཡོངས་ལ་དབང་བསྒྱུར་ཆེད་དུ་ཕྱི་ཕྱོགས་སུ་རྒྱ་བསྐྱེད་པའི་ལམ་བུར་ཞུགས། ལོ་ངོ་ཉིས་བརྒྱ་ལྷག་གི་དཔུང་འཇུག་བྱས་པ་བརྒྱུད། སྤྱི་ལོའི་སྔོན་གྱི་ལོ་ངོ272ལོར། རོ་མའི་དམག་དཔུང་གིས་དབྱི་ཐ་ལི་རྒྱལ་ཡོངས་བདག་གིར་བཟུང་། དེ་ནས་ཀྱང་དམག་འཁྲུག་རབས་དང་རིམ་པ་བརྒྱུད། ཤར་གྱི་ཡ་ཤི་ཡ་ཆུང་བ་ནས་ནུབ་ཀྱི་རྒྱ་མཚོ་ཆེན་མོར་ཐུག་གི་བར་དུ་ས་ཁོངས་རྒྱ་བསྐྱེད་ཅིང་། གོ་རིམ་དེ་དག་གི་ཁྲོད་དུ། རྒྱུ་ནོར་དང་ས་ཞིང་འབོར་ཆེན་འཕྲོག་བཅོམ་བྱས་པ་དང་། བྲན་གཡོག་མང་པོ་འཛིན་བཟུང་བྱས་པར་མ་ཟད། ཡུལ་གྲུ་དེ་དག་གི་རིག་གནས་ཀྱི་ལེགས་ཆ་སྡུད་ལེན་གནང་ཐོག་བྲན་གཡོག་ལམ་ལུགས་ཀྱི་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ལ་མཐུན་རྐྱེན་ལེགས་པོ་བསྐྲུན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
古罗马文化
ཕྱི་ཡིག་གི་མིང་།
Culture of ancient Rome
1 རྩོམ་རིག་དང་ལོ་རྒྱུས་རིག་པ། མཚན་ཉིད་རིག་པ།

རོ་མའི་རྩོམ་རིག་ནི་ཀེ་རེ་སིའི་རྩོམ་རིག་ལ་ལད་མོ་དང་། དེའི་ལེགས་ཆ་སྡུད་ལེན་བྱས་པའི་རྨང་གཞིའི་སྟེང་རིམ་བཞིན་འཕེལ་རྒྱས་སུ་བྱུང་བ་ཞིག་རེད། སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པ་ནས་གཉིས་པའི་བར་ནི་རོ་མའི་རྩོམ་རིག་གི་མྱུ་གུ་འབུས་པ་དང་འཚར་ལོངས་བྱུང་བའི་དུས་སྐབས་རེད། དེའི་དུས་ཀྱི་གྲུབ་འབྲས་གཙོ་བོ་ནི་སྙན་ངག་དང་སྤྲོ་གར་གཉིས་ཡིན།

རོ་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་མཇུག་དང་བཙན་རྒྱལ་རིང་ལུགས་ཀྱི་དུས་མགོ་ནི་རོ་མའི་རྩོམ་རིག་ལོ་རྒྱུས་སྟེང་གི་རྫོགས་ལྡན་གྱི་བསྐལ་པར་འབོད་དེ། སྐབས་དེའི་སྙན་ངག་པ་གྲགས་ཅན་ནི་ཝེར་ཅི་དང་ཧི་ལ་སི། ཨོ་ཝེ་ཏི་གསུམ་རེད། དཔེར་ན། ཝེར་ཅིའི་བརྩམས་ཆོས་གྲགས་ཅན་ལ《རྫི་གླུ》ཞེས་པ་དང་《ལས་གླུ》་ཞེས་པ་ཡོད་ཅིང་། ཚེ་མཇུག་ཏུ་ཧོ་མའི་ལོ་རྒྱུས་སྙན་རྩོམ་རིང་མོ་ལ་ལད་མོ་བྱས་ཏེ《དབྱི་ཉི་ཐི》ཞེས་པ་བརྩམས་ཤིང་། སྙན་ངག་གི་བརྗོད་བྱ་ནི་རྒྱལ་ཁབ་ཀྱི་ལས་དབང་དང་འབྲེལ་ཡོད་ལ། རོ་མའི་མེས་པོ་དག་གིས་དཀའ་སྤྱད་འབད་འབུངས་ཀྱིས་རྒྱལ་ཁབ་བཙུགས་པའི་དཔའ་སྤོབས་ལ་བསྟོད་གླུ་བླངས་འདུག ཧི་ལ་སིའི་བརྩམས་ཆོས་ནི་མཚང་འབྲུ་བ་དང་དུངས་བརྗོད་ཀྱི་ཤས་ཆེ་ཞིང་། བརྩམས་ཆོས་གྲགས་ཅན་ནི《བསྟོད་གླུ》ཞེས་པ་དང《སྙན་ངག་གི་སྒྱུ་རྩལ》ཞེས་པ་གཉིས་ཡོད། ཨོ་ཝེ་ཏི་ལགས་ནི་བརྩེ་དུངས་སྐོར་གྱི་སྙན་ངག་འབྲི་བར་མཁས་ཤིང་། ཁོང་གི་བརྩམས་ཆོས་གྲགས་ཅན《གཟུགས་འགྱུར་ཟིན་ཐོ》ཞེས་པ་དེ་ནི། བརྩེ་དུངས་ཀྱི་གཏམ་རྒྱུད་དེ་ལྷ་སྒྲུང་གི་བརྗོད་བྱར་དྲངས་ནས་བྲིས་འདུག་པས། གནའ་རབས་ལྷ་སྒྲུང་གི་བང་མཛོད་ལྟ་བུར་གྱུར་ཡོད།

རོ་མའི་ལོ་རྒྱུས་རིག་པའང་ཀེ་རེ་སིའི་ལོ་རྒྱུས་རིག་པའི་ཤན་ཤུགས་ཐེབས་འོག་འཕེལ་རྒྱས་སུ་བྱུང་བ་ཞིག་རེད། རོ་མའི་གྲོང་ཁྱེར་ནས་བཙན་རྒྱལ་དུ་གྱུར་པའི་གོ་རིམ་ཁྲོད་དུ་ལོ་རྒྱུས་དཔེ་གཞུང་རྩོམ་པར་རྒྱུ་ཆ་བསམ་གྱིས་མི་ཁྱབ་པ་བསགས་ཡོད་ཅིང་། རོ་མ་པའི་རྒྱལ་གཅེས་ཀྱི་སྲོལ་རྒྱུན་དེས་ཀྱང་མི་རིགས་ཀྱི་ལོ་རྒྱུས་དཔེ་སྒྲིག་བྱ་བར་དོ་སྣང་ཆེན་པོ་བྱུང་ཡོད། ཕེ་ཁི་ཐོ་ལགས་ནི་རོ་མའི་ལོ་རྒྱུས་སྨྲ་བ་དང་བོ་ཡིན་ཞིང་། ཁོང་གིས་ཀེ་རེ་སིའི་སྐད་དུ《རོ་མའི་ལོ་རྒྱུས》ཞེས་པ་བརྩམས་གྲུབ་གནང་བ་དང་། ལྷ་སྒྲུང་གི་དུས་སྐབས་ནས་དབུ་ཚུགས་ཏེ་སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པའི་དུས་མཇུག་བར་གྱི་རོ་མའི་ལོ་རྒྱུས་རྩོམ་གནང་མཛད་ཡོད། རོ་མའི་ལོ་རྒྱུས་རིག་པའི་རྨང་འདིང་མཁན་དངོས་ནི་ཅ་ཐུ་ཞུ་བ་པོ་སྟེ། ཁོང་གིས་ལཱ་ཏིང་སྐད་དུ《རོ་མའི་ལོ་རྒྱུས་ཀྱི་བྱུང་རབས》ཞེས་པ་བརྩམས་ཡོད། གཞན་ཡང་ཁེ་ས་ལགས་ནི་རོ་མ་སྤྱི་མཐུན་རྒྱལ་ཁབ་དུས་མཇུག་གི་མིང་དུ་གྲགས་པའི་ཆབ་སྲིད་པ་དང་ལོ་རྒྱུས་སྨྲ་བ་ཞིག་རེད་དེ། ཁོང་གི་འཐུས་ཚབ་བརྩམས་ཆོས་ལ《ནང་འཁྲུག་གི་ལོ་རྒྱུས》ཞེས་པ་སོགས་མཆིས།

བཙན་རྒྱལ་གྱི་དུས་རབས་སུ་བསླེབས་པ་ན། རོ་མའི་ལོ་རྒྱུས་རིག་པ་སྔར་བས་དར་རྒྱས་སུ་ཕྱིན་པ་དང་གྲུབ་འབྲས་རྨད་དུ་བྱུང་བ་བླངས། ལི་ཝེ་མཆོག་ནི་རོ་མ་བཙན་རྒྱལ་གྱི་དུས་མགོར་འཁྲུངས་པའི་ལོ་རྒྱུས་སྨྲ་བ་ཆེན་པོ་སྟེ། ཁོང་གི་མི་ཚེ་གང་བོའི་དུས་ཚོད་བེད་སྤྱད་ནས《རོ་མའི་ལོ་རྒྱུས》ཞེས་པ་བརྩམས་གནང་མཛད་པ་སྟེ། བརྩམས་ཆོས་ཧྲིལ་བོ་ལེའུ་142ཀྱིས་གྲུབ་ཅིང་། རོ་མའི་མཁར་བརྩིགས་པ་ནས་སྤྱི་ལོ་ཚུགས་མ་ཐག་པའི་ལོ་དགུའི་བར་གྱི་ལོ་རྒྱུས་ཆ་ཚང་དུ་བྲིས་འདུག་ལ། ནུབ་ཕྱོགས་པའི་དུས་རབས་རིམ་བྱུང་གི་ལོ་རྒྱུས་འབྲི་བའི་སྲོལ་ཐོག་མར་བཏོད།

མཚན་ཉིད་རིག་པའི་ཕྱོགས་ནས་བཤད་ན། རོ་མ་པ་ནི་ཀེ་རེ་སི་པ་རྣམས་དང་འདྲ་བར་རྟོག་དཔྱོད་ལ་མི་མཁས་ཤིང་། གསར་གཏོད་ཀྱི་བློ་རིག་ཞན། ཡིན་ནའང་། ཁོང་ཚོས་དངོས་ཡོད་ལག་ལེན་དུ་བསྟར་ཐུབ་མིན་ལ་ཧ་ཅང་གཙིགས་ཆེན་བྱེད། རོ་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་མཇུག་ཏུ། ཁོང་པ་ཚོས་ཀེ་རེ་སིའི་མཚན་ཉིད་ལྟ་བ་འགའ་ཞིག་རང་རང་གི་དགོས་མཁོ་ཇི་བཞིན་དུ་ཚུར་བསྡུས་པ་དང་། ལྟ་གྲུབ་སྣ་ཚོགས་མཉམ་བསྲེས་ཀྱིས་རོ་མ་རང་གི་བར་གནས་ཀྱི་ཁྱད་ཆོས་ལྡན་པའི་ལྟ་གྲུབ་ཆགས་པ་རེད། ཞི་སེ་ལོ་ནི་དེའི་ཕྱོགས་ཀྱི་འཐུས་ཚབ་མི་སྣའོ།།

ལོ་ཁི་ལེ་ཞིག་ནི་རོ་མ་སྤྱི་མཐུན་རྒྱལ་ཁབ་དུས་མཇུག་ཏུ་འཁྲུངས་པའི་དངོས་གཙོ་སྨྲ་བ་ཆེན་པོ་ཞིག་སྟེ། ཁོང་གི་གསུང་རྩོམ《དངོས་པོའི་མཚན་ཉིད》ཅེས་པ་ནི། སྙན་ངག་གི་ལུས་ཀྱིས་བརྩམས་ཡོད་པ་དང་། མིའི་རིགས་ཀྱི་བསམ་བློ་དེ་ཆོས་ལུགས་རྨོངས་དད་ཀྱི་འཆིང་སྒྲོག་ལས་ཐར་ཐུབ་པར་ཐུགས་གཞིག་ཟབ་མོ་བཏང་འདུག

ཞིན་ཅ་ཉི་ནི་རོ་མ་བཙན་རྒྱལ་གྱི་དུས་མགོར་འཁྲུངས་པའི་སི་ཏོ་ཀི་གསར་མའི་ལུགས་ཀྱི་འཐུས་ཚབ་མི་སྣ་ཞིག་སྟེ། ཁོང་གིས་ལས་དབང་ཁས་ལེན་པ་དང་། ཆགས་སྲེད་སྤང་བྱར་སྨྲ།

ཁོང་གིས་གསུངས་དོན།  ལས་དབང་གིས་ཡོད་ཚད་ལ་ཁ་ལོ་སྒྱུར་བ་དང་།  བདག་པོ་དང་བྲན་གཡོག་གཉིས་ཀྱང་ལས་དབང་གིས་སྔར་ནས་ཐག་བཅད་པ་ཞིག་ཡིན་ཕྱིན། ཕན་ཚུན་མཛའ་འབྲེལ་འཛིན་དགོས་པ་རེད།  ཁོང་གི་བསམ་བློ་དེས་དུས་ཕྱིས་ཀྱི་ཡེ་ཤུ་ཆོས་ལུགས་ལ་བག་ཆགས་ཟབ་མོ་བསྒོས་འདུག

2 འཛུགས་སྐྲུན་དང་བརྐོས་བྲིས་སྒྱུ་རྩལ།

རོ་མའི་ཁང་བའི་བཟོ་བཀོད་ནི་དངོས་བཀོལ་གྱི་རིན་ཐང་ཆེ་བ་དང་། འཆར་འགོད་བྱས་པར་ཞིབ་ཚགས་ཆེ་བ་། རྔམ་བརྗིད་ལྡན་པ་བཅས་ཀྱི་ཁྱད་ཆོས་ལྡན་པ་ཞིག་རེད། ཁང་བའི་སྒྲོམ་གཞི་དང་བར་སྟོང་། བཞེངས་ལུགས་རྣམ་པ་སྣ་ཚོགས་ཡིན་པས་ནི་ཀེ་རེ་སིའི་བཟོ་བཀོད་ལས་ཀྱང་ཁྱད་དུ་འཕགས་པར་གྱུར་ཏེ། རོ་མ་རང་གི་ཐུན་མོང་མ་ཡིན་པའི་འཛུགས་སྐྲུན་ཁྱད་ཆོས་གྲུབ་འདུག ལྷག་པར་དུ་ཡང་ལྷ་ཁང་གནས་ཁང་དང་། སྤྱི་པའི་ཁང་ཁྱིམ་སོགས་དང་། རྗེས་དྲན་བཞེངས་པའི་བཟོ་བཀོད་བཅས་ནི་ཕུལ་དུ་བྱུང་བ་ཞིག་གོ།

གནས་ཁང་གི་ཕྱོགས་ནས་བཤད་ན། ལྷ་བརྒྱའི་མགོན་ཁང་ཞེས་པ་ནི་ཆེས་འཐུས་ཚབ་དུ་རུང་བ་ཞིག་སྟེ། དེའི་ཁང་ཀླད་གདུགས་གུར་གྱི་དབྱིབས་སུ་ཡོད་ཅིང་། འཛམ་གླིང་བཟོ་བཀོད་རྨད་བྱུང་གི་མིག་དཔེར་བཟུང་ཆོག

སྤྱི་པའི་ཁང་ཁྱིམ་གྱི་སྐོར་ལ་གཙོ་བོ་ཟློས་གར་ཁང་དང་རྩལ་འགྲན་ར་བ་ཡོད། རྔམ་བརྗིད་ལྡན་པའི་རོ་མ་རྩལ་འགྲན་ར་བ་ནི་འཛམ་གླིང་སྟེང་མིང་དུ་གྲགས་ཤིང་། གཞན་ཡང་རོ་མའི་བར་སྣང་ཆུ་རགས་ཆེན་པོ་དང་སྤྱི་པའི་ཁྲུས་ཁང་སོགས་ཀྱང་སྙན་གྲགས་གང་སར་རྒྱས་འདུག

རྒྱལ་ཁའི་སྒོ་ཆེན་དང་རྗེས་དྲན་གདུང་མ་གཉིས་ནི་རོ་མ་བཙན་རྒྱལ་དུས་སྐབས་ཀྱི་ཁྱད་ཆོས་ལྡན་པའི་བཟོ་བཀོད་དེ། དེ་དག་ནི་རྒྱལ་པོས་ཕྱི་རོལ་རྒྱལ་ཁམས་ལ་དཔུང་འཇུག་བྱས་ཏེ་རྒྱལ་ཁ་བླངས་པར་རྗེས་དྲན་གྱི་ཆེད་དུ་བཞེངས་པ་རེད། འཛུགས་སྐྲུན་སྒྱུ་རྩལ་དང་འབྲེལ་ཏེ། རོ་མའི་བརྐོས་བྲིས་སྒྱུ་རྩལ་ལ་ཡང་གྲུབ་འབྲས་མངོན་གསལ་ཐོབ་འདུག སྤྱི་མཐུན་རྒྱལ་ཁབ་དུས་མཇུག་ཏུ། རོ་མའི་བརྐོས་བྲིས་གཙོ་བོ་ནི་དོན་བརྗོད་འབུར་བརྐོས་དང་འདྲ་གཟུགས་བརྐོས་མ་གཉིས་རེད་དེ། བརྩམས་ཆོས་དེ་དག་ལ་བབ་ཆགས་ཟོལ་མེད་ཀྱི་ཁྱད་ཆོས་ལྡན་ཞིང་དངོས་བྱུང་གི་ངེས་པ་སྟེར་ཚབས་ཆེ་བར་མངོན།

3 ཚན་རིག་དང་ལག་རྩལ།

རོ་མ་པ་དག་ནི་དངོས་འབེབས་དོན་འཁྱོལ་དང་ལག་ལེན་མཐར་ཕྱིན་གྱི་སྙིང་སྟོབས་ཀྱིས་ཕྱུག་པས། ཞིང་ལས་ལག་རྩལ་དང་ཚད་འཇལ་ལམ་ལུགས། གསོ་རིག་བཅས་ཀྱི་ཕྱོགས་ནས་གྲུབ་འབྲས་མི་དམན་པ་བླངས་འདུག

རོ་མ་པ་དག་གིས་ཞིང་ལས་ཚན་རྩལ་གྱི་ཕྱོགས་ལ་གཙིགས་ཆེན་གནང་ཞིང་། དེའི་ཕྱོགས་ཀྱི་ཆེད་ལས་མཁས་པ་མི་ཉུང་བ་འཁྲུངས་མྱོང་། དཔེར་ན། ཅ་ཐུ་ལགས་ཀྱི《ཞིང་ལས་ལོ་རྒྱུས》ཞེས་པ་དང་། ཝ་ལོ་ལགས་ཀྱི《ཞིང་ལས་སྨྲ་བ》ཞེས་པ་དང་། ཁི་ལུ་མེ་ལ་ལགས་ཀྱི་《ཞིང་ལས་སྨྲ་བ》གསུམ་ནི་རོ་མ་རྒྱལ་ཁབ་ཀྱི་མིང་དུ་གྲགས་པའི་ཆེད་གཞུང་གསུམ་རེད། བརྩམས་ཆོས་དེ་དག་ཏུ། ཞིང་ལས་ཐོན་སྐྱེད་ལག་རྩལ་དང་བདག་གཉེར་དོ་དམ་གྱི་ཐབས་ལམ་གསལ་བོར་ངོ་སྤྲོད་བྱས་ཡོད་པས་མི་ཚད། སྤྱི་ཚོགས་ཀྱི་དཔལ་འབྱོར་འབྲེལ་བའང་ཟུར་དུ་བསྟན་འདུག་ཅིང་། སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པ་ནས་དུས་རབས་དང་པོའི་བར་གྱི་རོ་མའི་སྤྱི་ཚོགས་ལ་ཞིབ་འཇུག་བྱ་བར་ཡིག་ཆ་གྱ་ནོམ་པ་བསྐྲུན་ཡོད་དོ།།

སྣ་ཚོགས་ཀྱི་སྐོར་ནས་ཕུལ་དུ་བྱུང་བ་ནི་ཚན་རིག་སྨྲ་བ་ཆེན་པོ་ཕུ་ལེན་ཉི་ཞུ་བ་སྟེ། ཁོང་གི་བརྩམས་ཆོས་ལ《རང་བྱུང་ལོ་རྒྱུས》ཞེས་པ་མཆིས། ཤེས་བྱ་ཀུན་འདུས་ལྟ་བུའི་གཞུང་ཆེན་དེར། གནའ་བོའི་རང་བྱུང་ཚན་རིག་གི་ཤེས་བྱ་མ་ལུས་སྒོ་ཀུན་ནས་ཕྱོགས་བསྡོམས་གནང་ཡོད་ཅིང་། གནམ་དཔྱད་རིག་པ་དང་ས་རྒྱུས་དང་སྲོག་ཆགས་རིག་པ་དང་རྩི་ཤིང་རིག་པ་དང་ཞིང་ལས་དང་གསོ་རིག་དང་རྣོ་ལྕགས་བཞུ་སྦྱང་བཅས་ཕྱོགས་སོ་སོའི་ནང་དོན་དང་ལྡན།

གནམ་དཔྱད་རིག་པ་དང་ས་རྒྱུས་རིག་པའི་འབྲས་བུ་ཁུར་གྱིས་ལྕི་བ་པོ་ནི་ཐོ་ལུ་མེ་ཞུ་བ་པོ་སྟེ། ཁོང་གིས《གནས་དཔྱད་རིག་པའི་གཞུང་ཆེན》ཞེས་པ་དང་། 《ས་རྒྱུས་རིག་པ》ཞེས་པ་གཉིས་བརྩམས་གནང་མཛད་ཡོད།  དེའི་ཁྲོད་དུ། 《གནམ་དཔྱད་རིག་པའི་གཞུང་ཆེན》ཞེས་པ་ནི་འཛམ་གླིང་དུ་ཤུགས་རྐྱེན་ཟབ་པའི་བརྩམས་ཆོས་ཤིག་སྟེ། གཞུང་དེར་ཁོང་གིས་སྔ་མ་དག་གི་ལྟ་དགོངས་རྨང་གཞིར་བྱས་ཐོག་སའི་གོ་ལ་ལྟེ་བ་ཡིན་པའི་གཞུང་ལུགས་སྔར་བས་འཐུས་ཚང་དུ་བཏང་བ་དང་། དུས་ཕྱིས་སུ་ཡེ་ཤུ་ཆོས་ལུགས་ཀྱིས་གཞུང་དེ་དང་ལེན་བྱས་ཤིང་ལུང་གི་རྒྱབ་རྟེན་དུ་བཅོལ་བ་རེད། དུས་རབས་བཅུ་དྲུག་པར་ཀི་པེ་ཉི་ལགས་ནས་ཉི་མ་ལྟེ་བ་ཡིན་པའི་གཞུང་ལུགས་ཁུངས་ཐུབ་ཏུ་གསུངས་ཏེ་ད་གཟོད་ནོར་བ་སེལ་བར་བྱས་སོ།།

རོ་མའི་གནའ་རབས་ཀྱི་ཆེས་མིང་དུ་གྲགས་པའི་གསོ་རིག་མཁན་པོ་ནི་ཀེ་ལུང་ཞུ་བ་པོ་སྟེ། ཁོང་ནི་ལུས་ཁམས་རིག་པ་དང་། སྨན་རྫས་རིག་པ། སྨན་བཅོས་རིག་པ། གཤགས་བཅོས་རིག་པ་བཅས་ལ་ནང་བྱན་ཆུད་ཅིང་། ནུབ་ཕྱོགས་གནའ་རབས་གསོ་རིག་གི་མཛོད་འཛིན་པ་ཡིན། ཁོང་གི་ཆེས་ཆེ་བའི་བྱས་རྗེས་ནི་ཁྲག་རྩ་འཁོར་རྒྱུགས་ཀྱི་གཞུང་ལུགས་ཆེས་ཐོག་མར་བློས་བསླངས་མཛད་པ་དེ་རེད། གཞན་ཡང་། ཁོང་གིས་གདེང་སྤོབས་ཡོད་པའི་སྒོ་ནས་སྲོག་ཆགས་ལ་གཤགས་བཅོས་ཀྱི་ཚོད་ལྟ་གནང་ཤིང་། 《གཤགས་བཅོས་ཀྱི་གོ་རིམ》ཞེས་པ་དང་། 《ལུས་ཕུང་གི་གྲུབ་ཆ་སོ་སོ》ཞེས་པའི་དཔེ་གཞུང་བརྩམས་པའོ།།

ཞིང་ལས་ལག་རྩལ་གྱི་ཕྱོགས་ནས་བཤད་ན། རོ་མ་བཙན་རྒྱལ་རིང་ལུགས་ཀྱི་མངའ་ཞབས་སུ་འཁོད་པའི་དབྱི་ཐ་ལི་དང་ཀེ་རེ་སིའི་ཡུལ་གྲུ་ཁག་ཏུ། འཁོར་ལོ་ཅན་གྱི་གཤོལ་ཆེན་བྱུང་བ་དང་། གཤོལ་ཆེན་དེ་ནི་རྨོན་དོར་གཉིས་ནས་བཞི་བསྡེབས་དགོས་པ་ཅན་ཞིག་སྟེ། སའི་གཏིང་རིམ་དུ་ཟུག་ཆེ་ཞིང་ས་ཞིང་འཕྲུ་སློག་བྱེད་པ་མགྱོགས། གཞན་ཡང་ཆུ་འཁོར་ནི་སྤྱི་ལོའི་སྔོན་གྱི་དུས་རབས་དང་པོའི་ཡས་མས་སུ་ཡ་ཤི་ཡ་ཆུང་བ་ནས་ནུབ་ཕྱོགས་སུ་དར་ཅིང་གང་སར་ཁྱབ་པ་རེད། དེ་མིན་ཞིང་ལས་ཀྱི་ཁྲོད་དུ་ས་ཞིང་རེས་མོས་སུ་འདེབས་པའི་སྲོལ་ཀ་བྱུང་འདུག་པར་མ་ཟད། སྲན་མའི་རིགས་བཏབ་སྟེ་ས་ཞིང་གཤིན་པོར་བསྒྱུར་བའི་ལག་རྩལ་ཡང་རྟོགས་འདུག

ལག་ཤེས་བཟོ་ལས་ཀྱི་ངོས་ཐད་ནས། ཤེལ་དང་རྣོ་ལྕགས་བཞུ་སྦྱང་གི་ལག་རྩལ་ཆུ་ཚད་མཐོ་ཤོས་སུ་བསླེབས་འདུག་པ་བཅས་རོ་མའི་ས་བཅད་ཆེ་ལོང་ཙམ་དུ་བརྗོད་པ་རྫོགས་པར་བྱས་སོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-08-21

གསར་སྤེལ་མཁན། :གཡང་སྒྲོལ་མ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།