ཨ་རབ་ཀྱི་རིག་གནས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་རབ་ཀྱི་རིག་གནས།
ཨ་རབ་ཕྱེད་གླིང་ནི་འཛམ་གླིང་སྟེང་ཆེས་ཆེ་བའི་གླིང་ཕྲན་ཕྱེད་མ་ཞིག་ཡིན་པ་དང་། ཤར་ཕྱོགས་སུ་པར་ཟིག་མཚོ་འགག་དང་འབྲེལ་ཞིང་། ནུབ་ཕྱོགས་སུ་མཚོ་དམར་ཡོད། ནུབ་བྱང་ཕྱོགས་ནི་སེ་རི་ཡའི་བྱེ་ཐང་དང་། བྱང་ཕྱོགས་མེ་སོ་པུ་ཏ་མུ་ཡ་བདེ་ཐང་དང་འབྲེལ་ནས་ཡོད། ས་བབ་དམིགས་བསལ་པའི་དབང་གིས། གནས་དེ་ནི་ཤར་ནུབ་གཉིས་ཀྱི་ཚོང་ལམ་གལ་ཆེན་ཞིག་ཏུ་གྱུར་པ་རེད། དུས་རབས་དཀྱིལ་མའི་དུས་མགོར། ཨ་རབ་མི་རིགས་དར་རྒྱས་སུ་བྱུང་སྟེ། འཛམ་གླིང་ཆོས་ལུགས་ཆེ་གསུམ་གྲས་ཀྱི་དབྱི་སི་ལན་ཆོས་ལུགས་གསར་བཏོད་གནང་བར་མ་ཟད། ཡ་གླིང་དང་ཧྥེ་གླིང་། ཡོ་རོབ་གླིང་གསུམ་གྱི་ས་ཁོངས་བརྒལ་བའི་བཙན་རྒྱལ་རིང་ལུགས་ཀྱི་རྒྱལ་ཁབ་ཆགས།
1 དབྱི་སི་ལན་ཆོས་ལུགས་ཀྱི་བྱུང་བ་དང་དར་སྤེལ།

སྤྱི་ལོ610ལོར། མོ་ཧན་མོ་ཏི་མཆོག་གིས་ཨ་རབ་མི་དམངས་ཀྱི་ཆོས་ལུགས་དད་མོས་ཀྱི་དངོས་ཡོད་གནས་བབ་དང་སྦྲགས་ཐོག ཡེ་ཤུ་ཆོས་ལུགས་དང་ཡ་ཧུ་དཱ་པའི་ཆོས་ལུགས་གཉིས་ལ་དཔེར་བལྟས་ནས་དབྱི་སི་ལན་ཆོས་ལུགས་གསར་བཏོད་གནང་། དབྱི་སི་ལན་པས་ནི་ལྷ་ཨན་ལཱ་གཅིག་པུར་བཀུར་བ་དང་སྐྱབས་སུ་འགྲོ་བ་རེད། མོ་ཧན་མོ་ཏི་རང་ཉིད་ནི་ཨན་ལཱའི་ཕོ་ཉ་ཡིན་པར་སྨྲ་བ་དང་། ཨན་ལཱའི་ལུང་སྟོན་མཁན་གྱི་ངོས་ཐད་ནས་རང་ཉིད་ཀྱི་བསམ་བློ་དང་ལྟ་བ་དྲིལ་སྒྲོག་གནང་། དབྱི་སི་ལན་ཆོས་ལུགས་ལ་དད་པ་བྱེད་མཁན་ཚོར་མུ་སུ་ལམ་པ་ཞེས་འབོད་ཅིང་། དེའི་ནང་དོན་ནི་ཨན་ལཱ་ལ་སྐྱབས་སུ་འགྲོ་བ་དེ་རེད།

《ཁུ་རན་གསུང་རབ》དང《ལྷའི་བསླབ་བྱ》གཉིས་ནི་དབྱི་སི་ལན་ཆོས་ལུགས་ཀྱི་གཞུང་གཙོ་བོ་ཡིན་པ་དང་། ནང་དོན་གཙོ་བོར་ཆོས་ལུགས་ཀྱི་དགོངས་པ་དང་། མང་ཚོགས་ཀྱི་འཚོ་བ་གཉིས་སུ་འདུ། ཆོས་ལུགས་ཀྱི་དངོས་དོན་སྐོར་ལ་བརྩི་བྱའི་དམ་ཚིག་དང་ཆོས་ལུགས་འོས་འགན་གཉིས་མཆིས།

དེ་ཡང་དམ་ཚིག་གི་སྐོར་ལ་གཤམ་གྱི་ཕྱོགས་འགའ་མཆིས་ཏེ། ཨན་ལཱ་ནི་ལྷ་གཅིག་མགོན་གཅིག་ཡིན་པ་དང་དེར་སྐྱབས་སུ་འགྲོ་དགོས་པ་རེད། མོ་ཧན་མོ་ཏི་ནི་ལུང་སྟོན་མཁན་ནམ་ལྷའི་ཕོ་ཉ་ཡིན་པར་ཡིད་ཆེས་རྙེད་དགོས། 《ཁུ་རན་གསུང་རབ》ལ་ཡིད་ཆེས་བྱ་དགོས་ཏེ། དེ་ནི་ཨན་ལཱས་རང་ཉིད་ཀྱི་ཕོ་ཉ་བརྒྱུད་ནས་མི་ཡུལ་དུ་བསྟན་པའི་གནས་ལུགས་གཅིག་པུ་རེད། འཆི་བ་ནས་སླར་ཡང་སྐྱེ་བ་དང་། བསྐལ་པའི་ཆོས་ཁྲིམས་གཅོད་པའི་དུས་ཤར་བར་ཡིད་ཆེས་རྙེད་དགོས། ད་ལྟའི་ལུས་དང་ལས་དབང་ཐམས་ཅད་ཨན་ལཱས་སྔར་ནས་ཐག་བཅད་ཡོད་པར་ཡིད་ཆེས་བྱ་དགོས་པ་སོགས་སོ།།

ཆོས་ལུགས་འོས་འགན་གྱི་སྐོར་ལ། ཀློག་འདོན་བྱེད་པ་དང་ཕྱག་བྱ་བ་དང་སྨྱུང་གནས་སྲུང་བ་དང་མཇལ་སྐོར་བྱེད་པ་བཅས་ཀྱི་ནང་དོན་མཆིས། གཞན་ཡང་། དབྱི་སི་ལན་ཆོས་ལུགས་ཀྱིས་འཇིག་རྟེན་པའི་འགྲོ་འདུག་སྤྱོད་གསུམ་དང་བཅས་པར་སྒྲིག་ལམ་དང་བླང་བྱ་ནན་མོ་བཏོན་ཡོད་པ་དཔེར་ན། དུ་ཆང་སྤང་བ་སོགས་སོ།།

དབྱི་སི་ལན་གསར་བཏོད་དང་དར་སྤེལ་གྱི་གོ་རིམ་ཁྲོད་དུ། ཡེ་ཤུ་ཆོས་ལུགས་ཀྱི་ལྷ་སྒྲུང་དང་ཆོས་ཁྲིམས་དང་དགོངས་པ་སོགས་མང་དུ་སྡུད་ལེན་བྱས་པ་རེད་ལ། ཕྱིས་སུ་ཆོས་ལུགས་གྲུབ་མཐའ་ཆེ་ཁག་གཉིས་སུ་གྱེས་པ་ནི། ཞིན་ཉི་པ་དང་ཧྲི་ཡེ་པ་གཉིས་སུ་གྲགས།

2 ཨ་རབ་རིག་གནས་ཀྱི་གྲུབ་འབྲས།

དུས་རབས་བརྒྱད་པ་ནས་བཅུ་གཅིག་པའི་བར་ནི་ཨ་རབ་རིག་གནས་དར་རྒྱས་སུ་ཕྱིན་པའི་གནས་སྐབས་དང་། སྐབས་དེའི་རིག་གནས་ཀྱི་གྲུབ་འབྲས་ཀྱང་རྨད་དུ་བྱུང་བར་མངོན།

ཨ་རབ་པ་ཚོས་རང་ཉིད་ཀྱི་དགོས་མཁོ་དང་ཉམས་མྱོང་གཞིར་བཞག་གིས་གནམ་དཔྱད་རིག་པ་དང་ལི་ཐོ་གསར་བཟོ་གནང་ཞིང་། སའི་གོ་ལ་ཟླུམ་པོ་ཡིན་པརབསྒྲུབས་པ་དང་།  ཉི་མར་བསྐོར་བའི་གཞུང་ལུགས་བརྩམས་། དེར་མ་ཟད། ལྷོ་བྱང་དཀྱིལ་ཐིག་གི་རིང་ཚད་དང་སའི་གོ་ལའི་བོངས་ཚད་ཀྱང་བརྩིས་པ་རེད། གཞན་ཡང་། ཆོས་ལུགས་ཀྱི་ཆོ་ག་དང་བྱེད་སྒོ་སྣ་ཚོགས་སུ་སྤྱོད་པའི་ལུགས་རྙིང་གི་ལི་ཐོ་དང་ཞིང་ལས་འདེབས་འཛུགས་སོགས་སུ་སྤྱོད་པའི་ལུགས་གསར་གྱི་ལི་ཐོའང་གསར་དུ་བཟོས་པའོ།།

ཨ་རབ་མི་དམངས་ཀྱི་རྩིས་རིག་གི་གྲུབ་འབྲས་ནི་ཁྱད་དུ་འཕགས་པ་ཞིག་རེད། ཁོང་པ་ཚོས་སྔ་དུས་སུ་ཨ་རབ་ཀྱི་གསལ་བྱེད་ཉེར་བརྒྱད་ཀྱིས་ཨང་ཀི་མཚོན་པར་བྱས་ནའང་དེ་ནི་ཧ་ཅང་སྟབས་བདེ་ཞིག་མ་རེད། ཨ་པོ་སི་རྒྱལ་རབས་ཀྱི་སྐབས་སུ། རྒྱ་གར་གྱི་ཨང་རྟགས་ཨ་རབ་ལུང་བར་དར་བ་དང་། མཁས་པ་ཆེན་པོ་ཧྭ་ཆི་ཙི་མོ་ཞུ་བ་པོའི་འབད་བརྩོན་ལ་བརྟེན་ནས་ཨ་རབ་ཀྱི་ས་ཁོངས་སོ་སོར་ཁྱབ་ཅིང་བེད་སྤྱོད་དུ་བཏང་། ཕྱིས་སུ་ཨང་ཀི་དེ་དག་ཡོ་རོབ་གླིང་དུ་དར་བ་དང་། མི་ཚོས་ཨ་རབ་ཀྱི་ཨང་ཀི་ཞེས་སུ་འབོད་པ་རེད། མཁས་པ་ཁོང་གིས་བརྩམས་ཆོས་མང་དུ་བརྩམས་གནང་མཛད་ཅིང་། ཁོང་ནས་བཟུང་སྟེ། ཚབ་རྩིས་ཞེས་པ་དེ་རྩིས་རིག་ལས་ལོགས་སུ་བུད་དེ་རིག་ཚན་རང་རྐྱ་པ་ཞིག་ཏུ་གྲུབ་ཅིང་། ཀུན་གྱིས་ཚབ་རྩིས་ཀྱི་མེས་པོར་བསྔགས་པ་རེད།

ཨ་རབ་ཀྱི་གསོ་རིག་གི་གྲུབ་འབྲས་ཀྱང་གཞན་ལ་ངོ་གནོང་མི་དགོས་པའི་ཚད་དུ་བསླེབས་ཡོད། སྐབས་དེར། ཁོང་པ་ཚོས་ཆང་བཅུད་ལ་བརྟེན་ནས་རྨ་ཁ་བཀྲུ་བ་དང་། སྦྲིད་སྨན་བཏང་ནས་ཕྱི་ནད་གཤགས་བཅོས་བྱེད་པར་མཁས་པ།  དེར་མ་ཟད། སྐྱུག་བཤལ་དང་རྒྱུ་ཚད་དང་འབྲུམ་ནད་གསོ་བའི་ལག་རྩལ་ཡར་དར། ཨ་རབ་ཀྱི་གསོ་རིག་མཁན་པོ་དབྱི་སི་ཧ་ཀི་སོགས་ཀྱིས་བརྩམས་པའི《མིག་ནད་ཀྱི་སྐོར》ཞེས་པ་དང་། 《འབྲུམ་པ་དང་སིབ་བེ》ཞེས་པ་སོགས་ནི་འཛམ་གླིང་དུ་མིང་གྲགས་ཆེ་བར་མ་ཟད། དུས་རབས་བཅུ་གཉིས་པ་ནས་བཅོ་བརྒྱད་པའི་བར་དུ། ཡོ་རོབ་གླིང་གི་སློབ་ཆེན་གྱི་ཁྲིད་གཞིར་བདམས་མྱོང་།

ཨ་རབ་ཀྱི་རྩོམ་རིག་གིས་འཛམ་གླིང་རྩོམ་རིག་ལོ་རྒྱུས་སྟེང་གོ་གནས་འགངས་ཆེན་ཟིན་ཡོད། ཨ་པོ་སི་རྒྱལ་རབས་ཀྱི་སྐབས་སུ་སྙན་ངག་གསར་རྩོམ་ནི་ཤིན་ཏུ་དར་རྒྱས་ཆེ་སྟེ། སྙན་ངག་མཁན་པོ་ནོ་ཝ་སི་དང་མེ་ཨ་ལི། མོ་ཧི་ནེ་པི་སོགས་ཀྱིས་མཚོན་བརྩམས་ཆོས་ཕུལ་དུ་བྱུང་བ་དག་ཀློག་མཁན་ཀུན་གྱི་མིག་གི་དགའ་སྟོན་དང་བསམ་པའི་ལོངས་སྤྱོད་དུ་བཀྲམ་ཡོད། ཨ་རབ་རྩོམ་རིག་གི་ཏོག་ལྟ་བུར་གྱུར་པ་ནི་དམངས་ཁྲོད་གཏམ་རྒྱུད་དེ། དཔེར་མཚོན་ལ། 《ཞག་མ་སྟོང་རྩ་གཅིག》ཅེས་པ་ཡོད། བརྩམས་ཆོས་དེའི་ཐོག་མའི་འབྱུང་ཁུངས་ནི་པར་ཟིག་གི་གཏམ་རྒྱུད་སྟོང་ཞེས་པ་དེ་ཡིན་ཞིང་། དེའི་རྨང་གཞིའི་སྟེང་དུ། ཀེ་རེ་སི་དང་རྒྱ་གར་ལ་སོགས་པའི་དམངས་ཁྲོད་གཏམ་རྒྱུད་སྡུད་ལེན་བྱས་ཏེ་གྲུབ་པ་རེད། གཏམ་རྒྱུད་དེ་དུས་རབས་བརྒྱད་པའི་སྐབས་སུ་ས་ཁྱབ་རྡོ་ཁྱབ་དུ་གྱུར་པ་དང་། ལོ་ངོ་བརྒྱ་ཕྲག་ལྷག་གི་ཁ་སྣོན་དང་བཟོ་བཅོས་ཡང་ཡང་བརྒྱབ་མཐར། དུས་རབས་བཅོ་བརྒྱད་པའི་སྐབས་སུ་གཏན་ལ་ཕབ་ཅིང་ལེགས་གྲུབ་བྱུང་། བརྩམས་ཆོས་དེས་ཨ་རབ་བཙན་རྒྱལ་རིང་ལུགས་སྐབས་ཀྱི་སྤྱི་ཚོགས་འཚོ་བ་དང་ཡུལ་སྲོལ་གོམས་གཤིས་མངོན་པར་བསྟབས་ཤིང་། ཨ་རབ་མི་དམངས་ཀྱི་ཕུན་སུམ་ཚོགས་པའི་རྟོག་འཆར་དང་བློ་གྲོས་མཚོན་འདུག་པར་མ་ཟད། དེ་ནི་ཨ་རབ་མི་དམངས་ཀྱིས་འཛམ་པོ་གླིང་ལ་ཕུལ་པའི་རྩོམ་རིག་སྒྱུ་རྩལ་གྱི་ལེགས་སྐྱེས་གྱ་ནོམ་པ་ཞིག་ཀྱང་ངོ་།།

དུས་རབས་བརྒྱད་པའི་གོང་རོལ་དུ། ཨ་རབ་ཀྱི་ལོ་རྒྱུས་ཕལ་ཆེ་བ་ངག་ཐོག་ནས་བརྒྱུད་པ་གཙོ་ཆེ་ཞིང་། དུས་རབས་བརྒྱད་པའི་རྗེས་སུ། དབྱི་སི་ལན་ཆོས་ལུགས་དང་ཨ་རབ་བཙན་རྒྱལ་རིང་ལུགས་ཀྱི་བྱུང་འཕེལ་དང་བསྟུན་ནས། ཡི་གེར་ཕབ་པའི་ལོ་རྒྱུས་བརྩམས་ཆོས་མང་དུ་བྱུང་། ལོ་རྒྱུས་རིག་པ་གྲགས་ཆེན་ལ། 《ཐེ་པོ་ལི》ཞུ་བ་སྟེ། ཁོང་ནི་ཨ་རབ་ཀྱི་དུས་རབས་རིམ་བྱུང་གི་ལོ་རྒྱུས་རྩོམ་པའི་མེས་པོ་ལྟ་བུ་དང་། འཐུབ་ཚབ་བརྩམས་ཆོས་ལ། 《སྔོན་བྱོན་མཁས་པ་དང་རྒྱལ་པོ་རིམ་བྱུང་རྒྱས་པ》ཞེས་པ་དང་། 《གསེར་གྱི་རྩྭ་ཐང》ཞེས་པ་གཉིས་བཞུགས།

ཨ་རབ་བཙན་རྒྱལ་གྱི་རྒྱ་ཆེ་བའི་མངའ་ཁོངས་དང་ཚོང་ལས་ལ་མོས་པའི་ཁྱད་ཆོས་དེས། ཁོང་པ་ཚོར་ས་རྒྱུས་ཤེས་བྱ་ངེས་པར་མཁོ་དགོས་བྱུང་བ་དང་། ས་རྒྱུས་རིག་པའང་དེ་བསྟུན་གྱིས་འཕེལ་རྒྱས་སུ་སོང་། གོང་སྨྲས་ཀྱི་མཁས་པ་ཧྭ་ཚི་ཚི་མོ་ཞུ་བ་པོས《ས་རྒྱུས》ཞེས་པའི་གཞུང་བརྩམས་པ་དེ་ཨ་རབ་ཀྱི་ས་རྒྱུས་རིག་པའི་རྨང་གཞི་ལེགས་པོ་བཏིངས་ཤིང་། ཕྱིས་སུ་ས་རྒྱུས་མཁས་པ་སུ་ལི་མན་དང་དབྱི་ཏི་ལེ་སི་གཉིས་ནས་བརྩམས་པའི་དཔེ་གཞུང་སྟེ། 《ཤར་ཕྱོགས་ཡུལ་དུ་བསྐོར་བའི་ཟིན་བྲིས》ཞེས་པ་དང《འཛམ་གླིང་གི་ས་བབ་རྒྱས་བཤད》ཅེས་པ་གཉིས་ཀྱང་ཤིན་ཏུ་གྲགས་ཆེ་བའོ།།

དེ་མིན་ཨ་རབ་ཀྱི་གླུ་དབྱངས་ནི་འཛམ་པོ་གླིང་གི་གླུ་དབྱངས་མ་ལག་ཆེ་གསུམ་གྱི་གྲས་སུ་བགྲང་བ་ཡོད་ཅིང་། 《དབྱངས་ཀྱི་འདེགས་འཇོག་སྨྲ་བ》ཞེས་པ་སོགས་གཞུང་ལུགས་ཀྱི་བརྩམས་ཆོས་ཀྱང་ཤིན་ཏུ་མང་། ཁོང་པ་ཚོའི་ཁང་བའི་བཟོ་བཀོད་དེ་དཔེར་ན་དབྱི་སི་ལན་གྱི་ཕྱག་ཁང་བཞེངས་ལུགས་ལ་ཐུན་མིན་གྱི་ཁྱད་ཆོས་ཡོད་པ་བཅས་ཞིབ་ཏུ་ཨ་རབ་ཀྱི་ལོ་རྒྱུས་ཆེད་རྩོམ་དག་ཏུ་གཟིགས་པར་འཚལ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-08-19

གསར་སྤེལ་མཁན། :གཡང་སྒྲོལ་མ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།