རྒྱ་གར་གྱི་གནའ་རབས་རིག་གནས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱ་གར་གྱི་གནའ་རབས་རིག་གནས།
སའི་དབང་དུ་བྱས་ན། རྒྱ་གར་གྱི་སྐམ་ས་ཆེན་པོ་དེ་ནི་བྱང་ཕྱོགས་ཧི་མ་ལ་ཡ་དང་འདབས་འབྲེལ་ཞིང་། ཤར་ལྷོ་ནུབ་གསུམ་ནི་རྒྱ་མཚོ་ཆེན་པོར་ཕྱོགས་ནས་ཡོད། ཡུལ་དེའི་ས་ཁོངས་རྒྱ་ཆེ་ཞིང་། ནུབ་ཕྱོགས་ནི་ཆར་ཆུ་མོད་པའི་ཚ་ཁུལ་ཡིན་ལ། བྱང་ཕྱོགས་ནི་ཆུ་བོ་གངྒ་དང་རྒྱ་གར་ཆུ་བོ་གཉིས་འབབ་རྒྱུད་ཀྱི་བདེ་ཐང་རེད། རྒྱ་གར་ཡུལ་དུ་ཞིང་ལས་རིག་གནས་དར་སྔ་ཞིང་། ཡུལ་འདིར་མི་རིགས་སྣ་ཁ་མང་བ་དང་། རྒྱལ་ཕྲན་དང་མི་རིགས་ཕན་ཚུན་བར་གྱི་འགལ་རྩོད་དང་། ཆོས་ལུགས་ཀྱི་དར་རྒུད་རབས་དང་རིམ་པ་བྱུང་བས་ན། རྒྱ་གར་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་རང་གཤིས་ཏེ། བློ་ཁོག་ཆེ་ཞིང་རྒྱ་མཚོ་བཞིན་སྡུད་ཕོད་པའི་རིག་གནས་སེམས་ཁམས་དང་། ཆོས་ལུགས་རྣམ་པ་སྣ་ཚོགས་འགལ་འབྲེལ་གྱིས་གནས་པའི་རིག་གནས་སྣང་ཚུལ་གྲུབ་ཡོད།
1 ནང་བསྟན་གྱི་བྱུང་བ་དང་དར་ཁྱབ།

ནང་བསྟན་མ་དར་བའི་གོང་རོལ་ཏུ། རྒྱ་གར་དུ་ཡང་ཡུལ་གྲུ་གཞན་དག་དང་འདྲ་བར་ཤེས་རིག་གི་ས་བོན་སྦྲུམ་ཞིང་མྱུ་གུ་འབུས། དཔེར་ན་སྤྱི་ལོ་སྔོན་གྱི་ལོ་ངོ2000ཡས་མས་སུ་དར་བའི་ཐམ་ཡིག་དེ། ནེ་རོ་གཙང་པོའི་འདྲ་གཟུགས་ཡི་གེ་དང་། གཙང་ཆེན་གཉིས་རྒྱུད་ཀྱི་གཟེར་ཡིག རྨ་ཆུའི་འགྲམ་རྒྱུད་ཀྱི་རུས་ཡིག་བཅས་གནའ་རབས་ཤར་ཕྱོགས་ཀྱི་ཡིག་རིགས་བཞིའི་གྲས་སུ་བགྲངས་ཡོད།

རྒྱ་གར་ནི་མི་རིགས་དང་ཆོས་ལུགས་མང་བའི་རྒྱལ་ཁབ་ཅིག་རེད། གནའ་བོའི་རྒྱ་གར་གྱི་ཆོས་ལུགས་ཆེ་གྲས་ཁག་ལ། བྲམ་ཟེ་ཆོས་ལུགས་དང་ཧིན་རྡུ་ཆོས་ལུགས་དང་དབྱི་སི་ལན་ཆོས་ལུགས་དང་སངས་རྒྱས་ཆོས་ལུགས་བཅས་ཡོད། དེའི་ཁྲོད་དུ་སངས་རྒྱས་ཆོས་ལུགས་ཀྱིས་གནའ་བོའི་རྒྱ་གར་ཙམ་དུ་མ་ཟད་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་ཡུལ་ཁམས་ཆེན་པོར་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་། དེ་ནི་འཛམ་གླིང་གི་ཆོས་ལུགས་ཆེན་པོ་གསུམ་གྱི་ཡ་གྱལ་ཏུ་གཏོགས།

སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པ་ནས་སྤྱི་ལོའི་སྔོན་གྱི་དུས་རབས་ལྔ་བའི་བར་དུ། ཆུ་བོ་ཆེན་པོ་གངྒའི་འགྲམ་རྒྱུད་ཀྱི་བཟོ་ཞིང་ཚོང་གསུམ་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། རིམ་བཞིན་ཕྱུག་པོར་གྱུར་བའི་ལག་ཤེས་བཟོ་ལས་མཁན་དང་ཚོང་བ་དག་ནི་བྲམ་ཟེ་ཆོས་ལུགས་དང་རིགས་རུས་ཆོ་འབྲང་གི་ལམ་ལུགས་ལ་དགའ་བ་ལྷོད་ཅིང་འཁང་ར་ཇེ་ཆེར་གྱུར་པའི་དུས་མཚུངས་སུ། མཁས་བརྒྱ་འགྲན་གླེང་གི་དུས་སྐབས་གསར་བ་ཞིག་ཏུ་བསླེབས་ཏེ་ལྟ་གྲུབ་སྣ་ཚོགས་བྱུང་། སངས་རྒྱས་ཆོས་ལུགས་ནི་དུས་སྐབས་དེ་འདྲ་ཞིག་ཏུ་འཁྲུངས་པ་རེད།

སངས་རྒྱས་ཆོས་ལུགས་ཀྱི་སྲོལ་བཏོད་པ་པོ་ནི་ཡོངས་གྲགས་སུ་ཟས་གཙང་སྲས་སམ་ཤཱཀྱ་ཐུབ་པ་སྟེ། དགུང་གྲངས་ཉེར་དགུའི་སྟེང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་། ལོ་ངོ་དྲུག་གི་རིང་ལ་དཀའ་བ་སྤྱད་པའི་མཐར། མངོན་པར་རྫོགས་པའི་སངས་རྒྱས། དེ་ནས་ཀྱང་ཆོས་འཁོར་རིམ་པ་གསུམ་དུ་བསྐོར་ཏེ་གདུལ་བྱ་རབ་ཏུ་རྒྱས། ཆོས་ཀྱི་སྒྲ་དབྱངས་ཕྱོགས་མཐར་བསྒྲགས།

སངས་རྒྱས་བསྟན་པའི་ལྟ་དགོངས་ཟབ་མོ་དང་། སེམས་ཅན་ཐམས་ཅད་མར་མ་གྱུར་པ་མེད་པའི་འདྲ་མཉམ་གྱི་ལྟ་བ་དེ་དག་གིས་བྲམ་ཟེ་ཕུད། རྒྱལ་རིགས་རྗེ་རིགས་སོགས་རིགས་གཞན་གསུམ་གྱི་དང་བ་དབང་མེད་དུ་དྲངས་ཤིང་རྗེས་སུ་ཡི་རང་དང་རྒྱབ་སྐྱོར་ཆེན་པོ་ཐོབ་སྟེ་འཕེལ་རྒྱས་བླ་མེད་བྱུང་ལ། ཆོས་རྒྱལ་མྱ་ངན་མེད་སོགས་ཀྱི་རིང་ནས་སངས་རྒྱས་ཆོས་ལུགས་དེ་རྒྱལ་ཁབ་ཀྱི་ཆོས་ལུགས་སུ་བཀུར་བ་རེད།

སྤྱི་ལོ་ཚུགས་མ་ཐག་པའི་ཡས་མས་ནས་དུས་རབས་བཅུ་པའི་བར་དུ། བསྟན་པ་བྱང་ནས་བྱང་དུ་དར་ཏེ། བོད་ཡུལ་དང་རྒྱ་ནག བྱང་ཁོ་རེ་ཡ། འཇར་པན་སོགས་སུ་ཁྱབ་སྤེལ་བྱུང་བ་དང་། རང་རེ་བོད་ཡུལ་འདིར་བཀའ་བསྟན་གཉིས་ཀྱིས་མཚོན་པའི་པོ་ཏི་རི་བོའི་གཏོས་དང་མཉམ་པ་ཡོད་པ་དག་ནི་སྔོན་བྱོན་ལོ་པཎ་རྣམས་ཀྱི་བཀའ་དྲིན་གཞལ་ཏུ་མེད་པའོ།། གཞན་ཡང་འབར་མ་དང་སིངྒ་ལ་སོགས་ཡ་གླིང་ཤར་ལྷོའི་ཡུལ་གྲུ་ཁག་ལའང་ས་ཁྱབ་རྡོ་ཁྱབ་ཏུ་གྱུར། དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་དུ། སངས་རྒྱས་བསྟན་པ་དེ་ཡ་གླིང་ཤར་ལྷོའི་རྒྱལ་ཁབ་ཁག་ནས་ཡོ་རོབ་གླིང་དང་མེ་གླིང་སོགས་སུ་དར་བ་དང་། འཛམ་གླིང་གི་ཆོས་ལུགས་ཆེ་གསུམ་གྱི་གྲས་སུ་ཚུད།

དུས་རབས་དགུ་པར་ཧིན་རྡུ་ཆོས་ལུགས་དང་དབྱི་སི་ལན་ཆོས་ལུགས་རྒྱ་གར་དུ་དར་སྤེལ་བྱུང་བ་དང་བསྟུན། སངས་རྒྱས་ཆོས་ལུགས་ཀྱི་བསྟན་པའང་རིམ་བཞིན་རྒུད་པའི་ལམ་དུ་དེད་ཅིང་། དུས་རབས་བཅུ་གསུམ་པའི་མཚམས་སུ་བསླེབས་པ་ན་ཕལ་ཆེར་རྩ་མེད་དུ་བཟོས། ཡིན་ནའང་། དུས་རབས་བཅུ་དགུ་པའི་སྐབས་སུ། སངས་རྒྱས་བསྟན་པ་སླར་ཡང་སིངྒ་ལ་ནས་རྒྱ་གར་དུ་དར་ཏེ་མེ་རོ་སོས་པར་གྱུར། དེང་གི་དུས་འདིར། འཛམ་པོ་གླིང་གི་རྒྱལ་ཁབ་དང་ཡུལ་གྲུ་མི་འདྲ་བ་སོ་སོར་སངས་རྒྱས་བསྟན་པའི་ནུས་པ་བསམ་གྱིས་མི་ཁྱབ་པ་ཐོན་དང་འདོན་བཞིན་ཡོད་ལ། ཆོས་དད་མི་སྣའང་དུང་ཕྱུར་བཅུ་ཕྲག་ལ་ཉེ་བ་ཡོད་སྐད།

2 རང་བྱུང་ཚན་རིག་དང་འཛུགས་སྐྲུན་སྒྱུ་རྩལ།

གནའ་རབས་རྒྱ་གར་གྱི་རང་བྱུང་ཚན་རིག་སྟེ། ལྷག་པར་དུ་གནམ་དཔྱད་རིག་པ་དང་རྩིས་རིག་དང་གསོ་རིག་གི་ཕྱོགས་ནས་གྲུབ་འབྲས་རྨད་དུ་བྱུང་བ་བླངས་འདུག

གནའ་བོའི་རྒྱ་གར་གྱི་གནམ་དཔྱད་རིག་པ་དེ་བཅའ་བ་རིམ་བྲོ་དང་འབྲེལ་བ་དམ་ཟབ་མཆིས་ལ། ཞིང་ཕྱུགས་ལས་རིགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་བྱུང་བ་ཞིག་ཀྱང་རེད། སྔ་དུས་རིག་བྱེད་ཀྱི་གཞུང་དག་ཏུ། འཇིག་རྟེན་ཆགས་ལུགས་སྐོར་གསུངས་ཡོད་པར་མ་ཟད། རྒྱུ་སྐར་ཆེན་པོ་བདུན་དང་སྐར་ཁྱིམ་ཉེར་བརྒྱད་ཀྱི་སྐོར་ཡང་གསལ་བོར་འཁོད་འདུག གཞན་ཉི་འཛིན་ཟླ་འཛིན་གྱི་ཕྱོགས་ནས་ཀྱང་ཚིག་ཟིན་མང་དུ་བྲིས་ཡོད།

གནའ་བོའི་རྒྱ་གར་གྱི་ལུགས་རྙིང་ལི་ཐོར། ལོ་ཡི་ཁོར་མོ་གཅིག་དེ་ཉི་མ་སུམ་བརྒྱ་དྲུག་ཅུ་རེ་ལྔར་བགོས་ཤིང་། ཟླ་བ་བཅུ་གཉིས་ཡོད། ཟླ་བ་རེ་ལ་ཉི་མ་སུམ་ཅུ་དང་། ལོ་ལྔའི་རྗེས་ནས་ཟླ་ལྷག་རེ་སྣོན་པར་བྱེད། དང་པོ་དཔྱིད་དུས་དང་ཚ་དུས་དང་ཆར་དུས་དང་སྟོན་དུས་དང་འཁྱག་དུས་དང་དགུན་དུས་བཅས་དུས་ཚིགས་དྲུག་ཏུ་བགོས་ཡོད་ནའང་། ཕྱིས་སུ་དབྱར་དགུན་གཉིས་དང་ཆར་དུས་གསུམ་མ་གཏོགས་མེད་པར་བྱས་པ་རེད།

གནའ་བོའི་རྒྱ་གར་གྱི་གནམ་དཔྱད་རིག་པར་ཡང་འཕེལ་རྒྱས་ཆེན་པོ་བྱུང་ཡོད་དེ། སྤྱི་ལོ500གོང་རོལ་ནས་སའི་གོ་ལ་རང་འཁོར་རྒྱག་པའི་ལྟ་བ་བཏོན་འདུག་ལ། ལོ་ངོ་ཆིག་སྟོང་ཡས་མས་ཀྱི་གོང་རོལ་ནས་འཛམ་གླིང་སྟེང་ཆེས་ཐོག་མར་སའི་གོ་ལ་ཟླུམ་གོར་ཡིན་པ་བསྒྲུབས་པར་མ་ཟད། སའི་གོ་ལ་ནི་འདྲེན་ཤུགས་གང་རུང་གིས་བར་སྣང་ཁམས་སུ་སྤྱངས་འདུག་པའང་རྟོགས།

གནའ་བོའི་རྒྱ་གར་གྱི་རྩིས་རིག་གི་གྲུབ་འབྲས་ནི་གཞན་ལས་ཀྱང་ཁྱད་དུ་འཕགས་འདུག ཨ་ཤོ་ཀའམ་མྱ་ངན་མེད་ཀྱི་རིང་ནས་བཟུང་རྒྱ་གར་པས་ཨང་ཀིའི་མཚོན་རྟགས་གསར་བཟོ་གནང་ཞིང་། དུས་རབས་ལྔ་བའི་སྐབས་སུ་ཀླད་ཀོར་གྱི་རྟགས0འདི་རྙེད་པ་རེད། དེར་རྩིས་རིག་བྱུང་འཕེལ་གྱི་ངོས་ཐད་ནས་བལྟས་ན་རླབས་ཆེན་གྱི་དོན་སྙིང་དང་ལྡན། དུས་རབས་བརྒྱད་པར་བསླེབས་པའི་ཚེ། རྒྱ་གར་པས་གསར་བཟོ་མཛད་པའི་ཨང་ཀི1ནས0གྱི་མཚོན་རྟགས་དེ་ཨ་རབ་ལུང་པར་དར་ཁྱབ་བྱུང་ཞིང་། དེ་ནས་ཀྱང་ཡོ་རོབ་གླིང་དུ་སྤེལ། དུས་ད་ལྟ་ང་ཚོས་ཨ་རབ་ཀྱི་ཨང་ཀིར་འབོད་པ་འདི་ནི་དོན་དུ་རྒྱ་གར་པའི་བློ་གྲོས་ཀྱི་ཉིང་བཅུད་ཁོ་ནར་ངེས་སོ།།

གཞན་ཡང་གནའ་བོའི་རྒྱ་གར་གྱི་གསོ་རིག་ཕྱོགས་ནས་བཤད་ན། རིག་བྱེད་ཀྱི་གཞུང་སྣ་ཚོགས་སུ། ནད་རིགས་དོན་བདུན་གྱི་ངོས་འཛིན་དང་བཅོས་ཐབས་གསུངས་ཡོད་པ་ཅན་དང་། སྨན་སྣ་བདུན་བརྒྱ་དྲུག་ཅུའི་ངོས་འཛིན་དང་ཕན་ནུས། ཞིབ་ཕྲར་བྲིས་ཡོད་པ་ཅན་སོགས་མང་དུ་མཆིས་ཤིང་། དེ་དག་དེང་དུས་ཀྱང་བེད་སྤྱོད་པ་རེ་འགའ་ཡོད། གཞན་ཡང་གཤགས་བཅོས་རིག་པ་དང་བརྟག་ཐབས་དང་། སྦྲིད་སྨན་གཏོང་ལུགས་དང་། བཅོས་ཐབས་རིག་པ་སོགས་ཀྱི་ཟིན་བྲིས་ཀྱང་འབོར་ཆེན་མཆིས། མདོར་ན། རིག་བྱེད་ཀྱི་སྔགས་ལ་བརྟེན་ནས་ནད་ཞི་བ། ཚེ་སྤེལ་བ། རིགས་རྒྱུད་སྤེལ་བ། རླུང་བསྒོམ་པ་སོགས་མང་པོ་ཡོད་པར་བཤད།

བཟོ་བཀོད་སྒྱུ་རྩལ་གྱི་ཕྱོགས་ནས་དཔེར་ན། སངས་རྒྱས་ཆོས་ལུགས་ཀྱི་ལྷ་ཁང་ཆོས་ཁང་དང་། མཆོད་རྟེན་སྐུ་འདྲ་སོགས་རྟེན་དང་བརྟེན་པ་ཐུན་མོང་མ་ཡིན་པ་དག་ནི་གནའ་བོའི་རྒྱ་གར་གྱི་སྒྱུ་རྩལ་གྱི་ཏོག་ལྟ་བུ་སྟེ། རང་རེའི་བོད་ལའང་དེའི་ཤན་ཤུགས་ཆེ་བར་སྨྲའོ།།

3 རྩོམ་རིག་དང་སྒྱུ་རྩལ།

གནའ་བོའི་རྒྱ་གར་ལ་མཚོན་ན་སྤྱི་ཚོགས་ཚན་རིག་གི་ཕྱོགས་ནས་གཞན་དྲིང་མི་འཇོག་པའི་འབྲས་བུ་ཁུར་གྱིས་དུད་པ་བླངས་ཤིང་། འགྲོ་མིའི་རིག་གནས་འཕེལ་རྒྱས་ཐད་བྱས་རྗེས་བླ་ན་མེད་པ་བཞག་པ་མངོན་གསལ་རེད།

གནའ་དུས་རྒྱ་གར་གྱི་ལེགས་སྦྱར་སྐད་ཀྱི་སྒྲ་གཞུང་ནི་སྤྱི་ལོའི་སྔོན་གྱི་དུས་རབས་ལྔ་བ་ནས་སྤྱི་ལོའི་སྔོན་གྱི་དུས་རབས་བཞི་བའི་བར་དུ། མ་ལག་ཅན་དང་འཐུས་ཚང་ཅན་དུ་གྲུབ་ཅིང་།  འཛམ་པོ་གླིང་གི་བརྡ་སྤྲོད་ཀུན་གྱི་མེས་པོ་ལྟ་བུར་བསྔགས་པ་རེད།

གནའ་བོའི་རྒྱ་གར་གྱི་དཔེ་གཞུང་ནི་ཕུན་སུམ་ཚོགས་པ་ཞིག་སྟེ། དེའི་འབྱུང་ཁུངས་ཕལ་ཆེ་བ་རིག་བྱེད་ཀྱི་གཞུང་ཡིན་པ་དང་། རྩོམ་རིག་སྒྱུ་རྩལ་ཡང་དེ་ལས་མ་འདས།

རིག་བྱེད་ཅེས་པ་ནི་རིག་པའམ་གསལ་བ་ལ་འཇུག་པ་དང་། དེ་ལ་བཞི་ལས། སྙན་ངག་གི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད། ངེས་བརྗོད་ཀྱི་རིག་བྱེད། མཆོད་སྦྱིན་གྱི་རིག་བྱེད་བཅས་སོ།། དཔེར་ན། སྲིད་སྲུང་གི་རིག་བྱེད་ནི་འཇིག་རྟེན་གྱི་ལུགས་བཟང་ངན་སྟོན་པ་སྟེ། 《ལུགས་ཀྱི་བསྟན་བཅོས》ལྟ་བུའོ།།

གནའ་དུས་རྒྱ་གར་གྱི་ལོ་རྒྱུས་སྙན་རྩོམ་རིང་མོ་གཉིས་སུ་གྲགས་པའི《བྷ་ར་མི་ཊ》དང《རཱ་མ་ཡ་ཎ》གཉིས་ནི། དམངས་ཁྲོད་གླུ་བ་དང་མགུར་པ་དག་གི་བློ་གྲོས་གཞི་གཅིག་ཏུ་བསྡུས་པའི་རྩོམ་རིག་གི་ཁྱད་ནོར་ཞིག་སྟེ།   རྒྱ་གར་ཙམ་དུ་མ་ཟད་འཛམ་གླིང་རྩོམ་རིག་ལོ་རྒྱུས་སྟེང་གོ་གནས་འགངས་ཆེན་ཟིན་ནས་ཡོད།  དེ་གཉིས་ཀའང་སྤྱི་ལོའི་སྔོན་གྱི་དུས་རབས་བཞི་པ་ནས་གཉིས་པའི་བར་དུ་ཡིག་ཐོག་ཏུ་ཕབ་ཅིང་གྲུབ།

དཔེར་ན།  《རཱ་མ་ཡ་ཎ》ཞེས་པ་ནི་དོན་གྱི་བྱུང་བ་བརྗོད་པའི་སྙན་ངག་རིང་མོ་ཞིག་སྟེ།   གཙོ་བོའི་སྲིན་པོའི་རྒྱལ་བོ་ལིངྒ་མགྲིན་བཅུ་དང་རྒྱལ་བོ་རཱ་མ་ཎ་གཉིས་ཀྱིས་མཛེས་མ་སཱི་ཏཱ་འཕྲོག་རྩོད་བྱས་པའི་གཏམ་རྒྱུད་བརྗོད་ཡོད།

གནའ་དུས་རྒྱ་གར་གྱི་མིང་དུ་གྲགས་པའི་སྒྲུང་གཏམ་ལ《སྟོན་པའི་སྐྱེས་རབས》དང《ལས་བརྒྱ་བ》སོགས་བཞུགས། དེ་མིན་ཟློས་གར་དང་ཞབས་བྲོ་སོགས་འཛམ་པོ་གླིང་ལ་ངོམ་དུ་རུང་བ་མང་སྟེ། 《བྱ་ལེན་མའི་ཟློས་གར》ལྟ་བུ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྙན་པ་འཕུར་བ་ཅན་ཤིན་ཏུ་མང་ངོ་།།

གཞན་ཡང་། ཆོས་ལུགས་གཞན་གྱི་རིག་གནས་སྒྱུ་རྩལ་དང། ཁྲིམས་ལུགས། བཟོ་བཀོད་སྒྱུ་རྩལ་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་། དེ་དང་དེ་དག་གིས་ཐག་ཉེ་རིང་གི་རྒྱལ་ཁབ་ཀུན་ལ་ཤུགས་རྐྱེན་འདྲ་མིན་ཐེབས་ཡོད་པ་རྣམས་འདིར་བརྗོད་དུ་མི་བཏུབ་ཅིང་། མདོར་ན། གནའ་བོའི་རྒྱ་གར་ནི་སྐྱེས་བུ་དམ་པ་མང་པོ་འཁྲུངས་པའི་ཡུལ། ཕྱི་ནང་གི་ཆོས་ལུགས་མང་བོ་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་དང་། སྒྱུ་རྩལ་དང་རྩེད་མོའི་རིགས་མཐའ་ཡས་པ་དང་། རས་གོས་དར་ཟབ་སོགས་དང་། སྨན་དང་རིན་པོ་ཆེ་རིགས་སྣ་ཚོགས་པའི་འབྱུང་ཁུངས། ཆོས་དང་ནོར་གྱི་འབྱོར་བས་མི་དམན་ཞིང་། ས་ཚིགས་དང་ཆོས་ཚིགས་གཉིས་ཀའི་དབང་དུ་བྱས་པའི་ཡུལ་དབུས། རྒྱ་གར་འཕགས་པའི་ཡུལ་ཞེས་མཁས་པའི་ངག་ལས་གསུངས་པ་ལྟར་རོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-08-18

གསར་སྤེལ་མཁན། :གཡང་སྒྲོལ་མ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།