རིག་རྩལ་བསྐྱར་དར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རིག་རྩལ་བསྐྱར་དར།
རིག་རྩལ་བསྐྱར་དར་གྱི་ལས་འགུལ་དེ་ཆེས་ཐོག་མར་དབྱི་ཐ་ལི་རྒྱལ་ཁབ་ཏུ་མྱུ་གུ་འབུས་ཤིང་རྩ་བ་ཚུགས། རྗེས་སོར་རིམ་གྱིས་དབྱིན་ཇི་དང་ཧྥ་རན་སེ་དང་འཇར་མན་དང་སི་ཕེན་སོགས་སུ་དར་ཁྱབ་བྱུང་། རིག་རྩལ་བསྐྱར་དར་ལས་འགུལ་གྱིས་མི་ཆོས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། རྩོམ་རིག་སྒྱུ་རྩལ་དང་ཆབ་སྲིད་བསམ་བློ། ལོ་རྒྱུས། སློབ་གསོ། སྤྱི་ཚོགས་འཚོ་བ། རང་བྱུང་ཚན་རིག་བཅས་དུས་རབས་དཀྱིལ་མའི་རྨོངས་འཐོམ་དང་མུན་ནག ལྐོག་གྱུར། འདོད་སྤོང་བཅས་ཀྱི་ལྷ་དབང་སྨྲ་བའི་འཆིང་སྒྲོག་ལས་ཐར་བར་བྱས་ཤིང་། མཁས་དབང་གནམ་གྱིས་ས་བཀབ་པ་ལྟ་བུ་མང་བོ་བྱོན་ཏེ་རིག་གནས་ཀྱི་འབྲས་བུ་གཡུར་དུ་ཟ་བ་བླངས། རིག་རྩལ་བསྐྱར་དར་ཞེས་པའི་ཐོག་མའི་བརྗོད་དོན་ནི། གནའ་བོའི་ཀེ་རེ་སི་དང་རོ་མའི་ཤེས་རིག་སླར་གསོན་དང་བསྐྱར་དར་དུ་གཏང་རྒྱུ་དེ་རེད། རིག་རྩལ་བསྐྱར་དར་སྐབས་སུ་བྱོན་པའི་རྩོམ་རིག་དང་སྒྱུ་རྩལ། བསམ་བློ། སློབ་གསོ་བཅས་ཕྱོགས་གང་ཐད་ནས་གནའ་བོའི་ཀེ་རེ་སི་དང་རོ་མ་ལས་བརྒལ་པར་གྱུར་ཅིང་། དུས་རབས་ཁྱད་རྟགས་མངོན་པར་གསལ། རིག་རྩལ་བསྐྱར་དར་གྱི་བསམ་བློའི་མཛུབ་སྟོན་ལྟ་བུར་གྱུར་པ་ནི་མི་ཆོས་རིང་ལུགས་རེད། མི་ཆོས་རིང་ལུགས་ཞེས་པ་དེ་མཐར་གཏུགས་ན་མི་རང་ཉིད་བརྗོད་དོན་ཀུན་གྱི་སྙིང་བོར་བཞག་སྟེ་དུས་རབས་དཀྱིལ་མའི་ལྷ་གཙོ་བོར་བྱས་པའི་བསམ་བློའི་ཁ་གཏད་གཅོག་པ་དང་རྩོད་སློང་བྱས་པ་སྟེ། ནང་དོན་གཙོ་བོར་གཤམ་གྱི་ཕྱོགས་འགའ་མཆིས། དང་བོ། མི་གཤིས་ཀྱི་མཛེས་པ་གོང་དུ་བསྟོད་ཅིང་ལྷ་དབང་གི་གཉའ་ནས་མར་ཕབ་པ་རེད། མི་ཆོས་རིང་ལུགས་ཀྱིས་མིའི་རིན་ཐང་དང་རྩིས་ཐང་། བསམ་བློ་བཅས་པར་གོང་བཀུར་དང་གཅེས་སྤྲས། གཙིགས་འཛིན་ཚད་མེད་བྱས་ཐོག ཆོས་ཚོགས་དང་ལྷའི་དབང་ཤུགས་ཀྱིས་ཡོད་ཚད་བདག་ཏུ་བཟུང་བ་དང་། མི་ནི་དཀོན་མཆོག་གི་བྲན་དུ་འཁོལ་པར་ངོ་རྒོལ་བྱས་པ་རེད། གཉིས་པ། རང་གཤིས་འཆིང་འགྲོལ་གཏོང་བ་དང་། འདོད་སྤོང་རིང་ལུགས་ལ་ངོ་རྒོལ་བྱས། མི་ཆོས་རིང་ལུགས་སྨྲ་བ་དག་གིས་མིའི་འདོད་པ་ཁས་ལེན་ཅིང་། མི་ཞིག་ཡིན་ན་རང་ཉིད་ཀྱི་འདོད་པ་བསྐང་ཆེད་དུ་ཕྱི་ནང་གཉིས་ཀའི་ལོངས་སྤྱོད་སྒྲུབ་ཆོག་པ་དང་། འཇིག་རྟེན་པའི་བདེ་སྐྱིད་འཚོ་བ་ཉམས་སུ་མྱང་ཆོག་ལ། བྱ་བ་གང་དང་ཅིར་ཡང་འཇུག་འདོད་ཀྱི་བློ་དེ་མཆོག་ཏུ་འཛིན་པར་བྱས་ཏེ། ཆོས་ལུགས་ཀྱི་འདོད་སྤོང་དང་ཆོག་ཤེས་ངན་ངོན་གྱི་འཚོ་བར་རྒྱབ་ཏུ་ཕྱོགས་པ་རེད། གསུམ་པ། མི་ཆོས་རིང་ལུགས་ཀྱིས་དཔྱོད་ཤེས་དང་ཚན་རིག་གི་གོ་ཧྲག་བགོས་ཏེ། ལྐོག་གྱུར་རིང་ལུགས་དང་ཤེས་རྨོངས་རིང་ལུགས་ལ་དགག་པ་ཚ་ནན་དུ་བཏང་། ཁོང་པ་ཚོས་དཔྱོད་ཤེས་ཀྱི་རིག་སྟོབས་དང་སློབ་གསོའི་ཕན་ནུས། ཚན་རིག་གི་བདེན་དྲང་བཅས་གཙིགས་ཆེན་དུ་འཛིན་པ་དང་། མིའི་ཁྱད་འཕགས་ཀྱི་རིན་ཐང་ནི་རིགས་སྟོབས་བསམ་གྱིས་མི་ཁྱབ་པ་ཡོད་པས་དང་། མིས་རང་ཉིད་ཀྱི་འཇོན་ཐང་དང་བློ་གྲོས་ལ་བརྟེན་ནས་རང་བྱུང་དང་སྤྱི་ཚོགས་ཀྱི་གབ་པ་མངོན་དུ་དབྱུང་དགོས་ཤིང་། བསམ་བློ་དེ་སྲོག་ཤིང་དུ་བྱས་ཏེ་ཆོས་ལུགས་ཀྱི་སློབ་གསོ་སྒེར་སྡོམ་བདག་བཟུང་དང་། མི་སེར་རྨོངས་ལམ་དུ་ཁྲིད་པའི་སྲིད་ཇུས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་པ་བཅས་སོ།། རིག་རྩལ་བསྐྱར་དར་གྱི་ལས་འགུལ་བྱུང་བ་དེས། མི་རྣམས་ཆོས་ལུགས་དང་ལྷ་དབང་སྨྲ་བའི་མུན་དོང་ལས་དྲངས་ཤིང་། ཤེས་རྨོངས་དང་འདོད་སྤོང་། ལྐོག་གྱུར་གྱི་འཆིང་སྒྲོག་ལས་ཐར་བར་བྱས་ཏེ་འོད་ཟེར་སྟོང་ལྡན་གྱི་དཔྱོད་ཤེས་དང་ཚན་རིག་གི་ལམ་ཆེན་དུ་བཀྲི་བར་མཛད་དོ།། དུས་རབས་བཅོ་ལྔ་བའི་དུས་མཇུག་ཏུ། དབྱི་ཐ་ལི་ནས་དབུ་ཚུགས་པའི་རིག་རྩལ་བསྐྱར་དར་གྱི་ལས་འགུལ་དེ་ཡུལ་དུས་ཀྱིས་བར་མ་ཆོད་ཅིང་། དབང་ཤེད་ཀྱིས་མགོ་མ་ནོན་པར་དབྱིན་ཇི་དང་འཇར་མན་དང་ཧྥ་རན་སེ་དང་སི་ཕན་སོགས་སུ་དར་ཁྱབ་བྱུང་།
གཞི་རྩའི་གནས་ཚུལ།

ཕྱི་ཡིག་གི་མིང་།
Renaissance
རྒྱལ་ཁབ་གཙོ་བོ།
དབྱི་ཐ་ལི།
འཐུས་ཚབ་མི་སྣ།
ཏན་ཏིང་། པོ་ཅ་ཆིག པི་ཐི་ལ་ཁི།
དུས་རབས།
དུས་རབས་14ནས་དུས་རབས་17(16)བར།
1 མི་ཆོས་རིང་ལུགས་ཀྱི་རྩོམ་རིག

རིག་རྩལ་བསྐྱར་དར་གྱི་ལས་འགུལ་དེ་ཐོག་མར་རྩོམ་རིག་གི་ཁྱབ་ཁོངས་སུ་བྱུང་བ་རེད། སྐབས་དེར་གྲོང་ཁྱེར་ཧྥོ་ལོ་ལུང་ས་རུ་བཞུགས་པའི་ཏན་ཏིང་དང་། པི་ཐི་ལ་ཁི། པོ་ཅ་ཆིག་གསུམ་པོ་ནི་དབྱི་ཐ་ལིའི་སྔ་དུས་རིག་རྩལ་བསྐྱར་དར་སྐབས་ཀྱི་ཤིང་རྟ་ཆེན་པོ་གསུམ་དུ་བགྲང་།

但丁.jpgཏན་ཏིང་ནི་གྲོང་ཁྱེར་ཧྥོ་ལོ་ལོན་སའི་ཆབ་སྲིད་པ་དང་སྙན་ངག་པའི་ཆོ་ལོ་བཞེས་མཁན་ཏེ།   ཁོང་གི་བརྩམས་ཆོས་གྲགས་ཅན་ལ《ལྷའི་རོལ་དབྱངས》ཞེས་པ་བཞུགས།  སྙན་ངག་རིང་མོ་དེ་དམྱལ་ཁམས་དང་། དམྱལ་ཁམས་ཆེན་མོ། ལྷ་ཡུལ་བཅས་ལེའུ་གསུམ་དུ་བགོས་ཡོད་པ་དང་། རྩོམ་པ་པོས་སྒྱུ་འཕྲུལ་གྱི་ལག་ཐབས་ལ་བརྟེན་ནས་ཁོང་རང་ཉིད་དམྱལ་ཁམས་དང་དམྱལ་ཁམས་ཆེན་མོ་དང་ལྷ་ཡུལ་བཅས་སུ་འགྲིམས་པའི་མཐོང་ཐོས་བྲིས་འདུག

བརྩམས་ཆོས་དེར། རྩོམ་པ་པོས་ཆགས་སྲེད་རུལ་སུངས་ཅན་གྱི་ཆོས་ལུགས་མི་སྣ་དང་། མ་རུངས་གདུག་རྩུབ་ཅན་གྱི་དབང་སྒྱུར་པ་རྣམས་དམྱལ་ཁམས་སུ་བརྫངས་འདུག་པ་དང་། ང་རྒྱལ་ཁེངས་དྲེགས་ཅན་དང་། ལེ་ལོ་སྒྱིད་ལུག་ཅན། ཕྲག་དོག་འདོད་སྲེད་ཅན་དག་དམྱལ་ཁམས་ཆེན་མོར་བཅུག་ཡོད་ལ། དེ་མིན་དྲང་བདེན་བྱམས་སེམས་ཅན་དང་རང་འཁྲིའི་ལས་ཀར་འབུངས་པ་ཅན་རྣམས་མཛེས་སྡུག་དཔལ་སྐྱིད་དང་། བདེ་སྐྱིད་རྫོགས་ལྡན་གྱི་ལྷ་ཡུལ་དུ་དྲངས་ཡོད་པ་བྲིས་ཡོད། ལྷའི་རོལ་དབྱངས་ཀྱིས་ཆོས་ལུགས་ཀྱི་རུལ་སུངས་དང་དབང་སྒྱུར་པའི་གདུག་རྩུབ་ལ་དགག་པ་ཚ་ནན་དུ་བཏང་བ་དང་ཆབས་ཅིག་ཏུ། རང་དབང་བརྩོན་ལེན་དང་། བརྩེ་དུངས་འཐོབ་རེ། ཤེས་བྱ་བློར་འབྱོར། ཕུགས་བསམ་མངོན་འགྱུར་བྱེད་པའི་སྙིང་སྟོབས་ལ་བསྟོད་གླུ་ཕུལ་ཏེ། གསོན་ཉམས་དོད་པའི་མི་སྣའི་སྣང་བརྙན་མང་པོ་བཞེངས་བསྐྲུན་གནང་འདུག་གོ།

རྩོམ་རིག་མཁན་པོ་པོ་ཅ་ཆིག་ལགས་ཀྱི་འཐུས་ཚབ་བརྩམས་ཆོས་ལ། 《ཉིན་བཅུའི་གཏམ་རྒྱུད་བརྒྱ་པ》ཞེས་པ་བཞུགས། གཏམ་རྒྱུད་ཐུང་ངུ་ཕྱོགས་བསྒྲིགས་དེར། མི་ཡུལ་གྱི་སྐྱིད་སྡུག་སྣ་ཚོགས་ཡི་གེའི་རིས་སུ་ཕབ་འདུག་ཅིང་། ཆོས་ཚོགས་ཀྱི་གྲྭ་པ་དག་གི་ཆགས་སྲེད་དང་གཡོ་ཁྲམ་དང་ནག་ཉེས་འདོད་རྔམ་གྱི་འཚོ་བ་ལས་གཞན། སྐུ་དྲག་མི་དྲག་དག་གི་གདུག་རྩུབ་དང་རུལ་སུངས་དང་རྨོངས་རྟུལ་དང་ཐ་ཤལ་གྱི་སྤྱོད་པར་སྨྱུག་རྩེའི་མདུང་ཁ་རྣོན་པོ་གཏད་འདུག བརྩམས་ཆོས་དེས་ཕོ་མོ་འདྲ་མཉམ་གྱི་བརྗོད་སྙིང་བསྟན་ཡོད་པར་མ་ཟད། མང་ཚོགས་ཀྱི་བློ་གྲོས་དང་ཕོ་མོའི་བརྩེ་སེམས་ཟོལ་མེད་ཀྱང་བྲིས་གནང་མཛད་དེ།  ཆོས་ཚོགས་ཀྱི་འདོད་སྤོང་རིང་ལུགས་དང་རྒྱབ་ཀྱིས་ཕྱོགས་འདུག

པི་ཐི་ལ་ཁི་མཆོག་ནི་མི་ཆོས་རིང་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་དུ་བསྔགས་པར་བྱེད། ཁོང་གིས་ཆེས་ཐོག་མར་ལྷའི་རིག་པ་དང་མིའི་རིག་པ་གཉིས་ཁ་གཏད་དུ་ལངས་འདུག་པའི་ལྟ་བ་བཏོན། ཁོང་གི་བརྩམས་ཆོས་ལ་ལོ་རྒྱུས་སྙན་རྩོམ་རིང་མོ་དང་དུངས་བརྗོད་སྙན་ངག བསྟོད་པ་སོགས་བཞུགས་ཤིང་། དེའི་ཁྲོད་དུ《བསྟོད་གླུ་ཕྱོགས་བསྒྲིགས》ཞེས་པ་ནི་གཞན་ཀུན་ལས་མིང་གྲགས་ཆེ། རྩོམ་པ་པོས་ཚེ་སྲོག་དཔང་དུ་བཞག་སྟེ་མི་ཡུལ་གྱི་བརྩེ་དུངས་ལ་བསྔགས་པའི་མེ་ཏོག་གཏོར་ཅིང་། ཡིད་འགུགས་ཀྱི་ནུས་པ་ཆེས་ཆེར་ལྡན་ནོ།།

ཡོ་རོབ་གླིང་གི་རྒྱལ་ཁབ་སོ་སོའི་དཔལ་འབྱོར་གྱི་ཆ་རྐྱེན་དང་ལོ་རྒྱུས་རིག་གནས་ཀྱི་གནས་བབ་དང་ས་ཡུལ་གྱི་གོ་བབ་བཅས་མི་འདྲ་བའི་དབང་གིས། རིག་རྩལ་བསྐྱར་དར་ལས་འགུལ་བྱུང་བའི་དུས་ཚོད་ཀྱི་སྔ་གཞུག་དང་ཁྱད་ཆོས་དང་རྣམ་པ་བཅས་ཀྱང་མི་འདྲ་བ་རེད།

དུས་རབས་བཅོ་ལྔ་བའི་དུས་དཀྱིལ་ནས་དུས་རབས་བཅུ་བདུན་པའི་དུས་མགོར། ཡོ་རོབ་གླིང་དུ་བྱོན་པའི་མི་ཆོས་རིང་ལུགས་ཀྱི་དེད་དཔོན་ཆེན་པོའི་དཔེར་མཚོན་ལ། དབྱི་ལ་སི་མོ་དང་ཁོང་གི་《བླུན་པོའི་རང་གཏམ》ཞེས་པ། ལ་པོ་ལེ་དང་ཁོང་གི《གྱད་མི》ཞེས་པ། སི་ཝན་ཐེ་སི་དང་ཁོང་གི《ཐང་ཅི་ཁེ་ཏི》ཞེས་པ། ཧྲ་ཧྲི་པི་ཡ་དང་ཁོང་གི《ཧ་མི་ལེ་ཐི》ཞེས་པ་སོགས་བགྲང་གིས་མི་ལངས་ཏེ། དེ་དག་གི་སྐོར་དེབ་ཕྲེང་འདིའི་བརྩམས་བྱ་གཞན་དུ་འབྱུང་བས་ན་རེ་ཞིག་བསྡུས་སོ།།

2 དངོས་ཡོད་རིང་ལུགས་ཀྱི་སྒྱུ་རྩལ།

དུས་རབས་དཀྱིལ་མའི་ཡོ་རོབ་གླིང་རིས་བྲིས་དང་། བརྐོས་བྲིས། བཟོ་བཀོད། འདྲ་གཟུགས་བཅས་གང་ཡིན་རུང་། དེའི་བརྗོད་དོན་མ་ལུས་ཡེ་ཤུའི་ཆོས་ལུགས་དང་མ་འབྲེལ་བ་མེད་ལ། བརྩམས་ཆོས་དག་ལས་མངོན་པ་ནི་འདོད་སྤོང་དང་། ལྐོག་གྱུར། རྨོངས་འཐོམ་གྱི་ངོས་ཟུར་ཁོ་ན་རེད།

མི་ཆོས་རིང་ལུགས་ཀྱི་བསམ་བློའི་རླངས་ཕྲེང་དྲག་ཏུ་གཡོས་པས་ན། སྒྱུ་རྩལ་གྱི་རྩོལ་བའང་ཆོས་ལུགས་ཀྱི་ར་བ་ལས་ཐར་ཏེ། དངོས་ཡོད་འཚོ་བའི་ཁྲོད་ཀྱི་མི་སྣའི་སྣང་བརྙན་གཙོ་བོར་བཞེངས་蒙娜丽莎.jpgཔའི་蒙娜丽莎.jpgམི་ཆོས་རིང་ལུགས་ཀྱི་སྒྱུ་རྩལ་འཁྲུངས་པ་རེད།  དེས་ནི་མི་རང་ཉིད་བརྗོད་བྱར་བྱས་པའི་རྨང་གཞིའི་སྟེང་དུ།  མིའི་ལུས་སྟོབས་དང་སྒེག་ཉམས། ནང་སེམས་ཀྱི་མཛེས་པ་བཅས་སྒྱུ་རྩལ་གྱི་ལམ་ནས་མངོན་པར་བསྟབས་འདུག དངོས་ཡོད་རིང་ལུགས་པས་མི་སྣ་དང་རང་བྱུང་ཁོར་ཡུག་གཉིས་ཕན་ཚུན་སྦྲགས་མར་མཛད་པ་དང་། སྒྱུ་རྩལ་དང་དངོས་ཡོད་འཚོ་བའི་བར་དུ་འབྲེལ་ལམ་ཟབ་མོ་བསྐྲུན། ཁོང་ཚོས་ད་དུང་གཤགས་བཅོས་རིག་པ་དང་། འོད་རིག་པ། དབྱིབས་རྩིས་རིག་པ་སོགས་རང་བྱུང་ཚན་རིག་གི་གྲུབ་འབྲས་དག་སྒྱུ་རྩལ་གསར་རྩོམ་གྱི་ལག་ལེན་ཁྲོད་དུ་བེད་སྤྱད་དེ། གསར་རྩོམ་ལག་ཐབས་སྔར་བས་གྱ་ནོན་པ་དང་ཕུན་སུམ་ཚོགས་པ་དང་ལུགས་དང་མཐུན་པར་བྱས་རྗེས་མི་དམན་པ་བཞག དུས་སྐབས་དེར་བྱོན་པའི་ཆོ་ཐོ་དང་མཱ་ས་ཆོ། པོ་ཐི་ཆེ་ལི་སོགས་ནི་ནམ་མཁའི་སྐར་མདའ་ཞིག་དང་འདྲ་བར་ལོ་ངོ་སྟོང་ཕྲག་གི་མཚན་མོ་འོད་ཀྱིས་གཤགས་པར་གྱུར་ཏོ།། གྲོང་ཁྱེར་ཧྥོ་ལོ་ལུང་སའི་སྒྱུ་རྩལ་དང་། ལྷག་པར་དུ་ཡང་རིས་བྲིས་སྒྱུ་རྩལ་གྱི་གྲུབ་འབྲས་རྨད་དུ་བྱུང་བ་དེས་དབྱི་ཐ་ལི་ཙམ་དུ་མ་ཟད། ཡོ་རོབ་ནུབ་མའི་རྒྱལ་ཁབ་ཁག་གི་སྒྱུ་རྩལ་འཕེལ་རྒྱས་ཐད་ལ་སྐུལ་འདེད་ཆེན་པོ་གནང་ཞིང་། རིག་རྩལ་བསྐྱར་དར་སྐབས་ཀྱི་སྒྱུ་རྩལ་གྱི་མགོ་ཁུངས་ལྟ་བུར་གྱུར་བ་རེད།

དུས་རབས་བཅོ་ལྔ་བའི་དུས་མཇུག་དང་དུས་རབས་བཅུ་དྲུག་པའི་དུས་མགོར། དབྱི་ཐ་ལིའི་རིག་རྩལ་བསྐྱར་དར་དེ་རྫོགས་ལྡན་གསར་བའི་དུས་སུ་བསླེབས་པ་དང་། ཏཱ་ཝེན་ཆི་དང་སྨེ་ཁེ་ལིང་ཅི་ལོ། ར་ཧྥེལ་གསུམ་ལ་མཁས་པ་མི་གསུམ་ཞེས་འབོད་པ་རེད། ཁོང་པ་ཚོས་རང་ཆས་སུ་མངའ་བའི་སྒྱུ་རྩལ་གྱི་བློ་སྦྱོང་ཐུན་མོང་མིན་པ་ལ་བརྟེན་ནས། མིའི་ནང་སེམས་ཀྱི་འཇིག་རྟེན་ལ་རྟོག་འཇུག་བྱས་པ་དང་། མིའི་རྩིས་ཐང་དང་རང་རློམ། རང་བདག ཁེར་ཚུགས་སོགས་སྒྱུ་རྩལ་གྱི་ལམ་ནས་མཚོན་པ་དང་། སྔར་བས་གཏིང་ཟབ་པ་དང་རྒྱ་ཆེ་བའི་སྒོ་ནས་མི་སྣའི་སྣང་བརྙན་བཞེངས་བསྐྲུན་མཛད་དེ། དངོས་ཡོད་སྒྱུ་རྩལ་གྱི་དུས་རབས་གསར་པའི་སྒོ་མོ་ཕྱེ།

ཏཱ་ཝེན་ཆི་ལགས་ནི་ཕུལ་དུ་བྱུང་བའི་སྒྱུ་རྩལ་པ་དང་ཚན་རིག་པ་ཡིན། ཁོང་གིས་རང་བྱུང་ཁམས་ཆེན་མོ་ཇི་མ་ཇི་བཞིན་དུ་འབྲི་བར་དང་དོད་གནང་ཞིང་། རི་ཆུའི་བཀོད་པར་བརྟེན་ནས་མི་སྣའི་达芬奇.jpgསྣང་བརྙན་འབུར་ཐོན་དུ་བྱེད་པར་མཁས་ལ། གཤགས་བཅོས་རིག་པ་དང་འོད་ཀྱི་འགྱུར་བ་ཕྲ་མོ་དག་ལ་བརྟེན་ནས་རི་མོའི་སྒྲིག་རིམ་གསལ་ཞིང་མ་འདྲེས་པའི་ཁྱད་ཆོས་འཛོམས། ཁོང་གི་བརྩམས་ཆོས་ལ་《མཐའ་མཇུག་གི་དགོང་ཟས》དང《མིན་ན་ལེ་ཧྲ》ཞེས་པ་སོགས་བཞུགས།

སྨི་ཁེ་ལིང་ཅི་ལོ་ནི་མིང་དུ་གྲགས་པའི་རི་མོ་པ་དང་བརྐོས་བྲིས་པ་དང་བཟོ་སྐྲུན་པ་ཡིན། ཁོང་གི་གསར་རྩོམ་གྱི་བརྗོད་བྱ་གཙོ་བོའི་གཙོ་བོ་ནི་མི་སྣའི་སྣང་བརྙན་རེད་འདུག ལྷག་པར་དུ་ཡང་སྐྱེས་པའི་གཟུགས་སྟོབས་དང་ཁྱད་འཕགས་ཀྱི་སྣང་བརྙན་མཚོན་པར་ནང་བྱན་ཆུད་ཅིང་། མིའི་ནང་སེམས་དང་ཕྱི་ལུས་ཀྱི་མཛེས་པར་བསྟོད་བསྔགས་ཚད་མེད་གནང་ཡོད་པ་ལགས། ཁོང་གི་འཐུས་ཚབ་བརྩམས་ཆོས་རྡོ་བརྐོས་ཏཱ་ཝེ་ཞེས་པ་སོགས་བཞུགས།

ར་ཧྥེལ་ལགས་ཀྱང་མཁས་པ་མི་གསུམ་གྱི་གྲས་ཏེ། མིང་དུ་གྲགས་པའི་རི་མོ་པ་དང་བཟོ་སྐྲུན་མཁན་པོ་རེད། ཁོང་གི་སྒྱུ་རྩལ་བརྩམས་ཆོས་ནི་ཏཱ་ཝེན་ཆི་ལྟ་བུའི་ཞིབ་ཚགས་དང་མངོན་ཆུང་མིན་ལ། སྨི་ཁེ་ལིང་ཆི་ལོ་ནང་བཞིན་གྱི་བརྗིད་ཉམས་དང་མཉམ་འུར་གྱིས་ཁྱོགས་འདུག་པའང་མ་ཡིན་པར་བརྩམས་ཆོས་ཀྱི་མགོ་མཇུག་ཀུན་དུ་ཞི་དུལ་བག་ཡོད་དང་སྒེག་པའི་ཉམས་ལྡན་ཞིང་། བརྗོད་བྱ་གཏིང་ཟབ་པའི་ཁྱད་ཆོས་མངོན་འདུག ཁོང་གི་བརྩམས་ཆོས་ལ་ཞི་སི་ཐེན་གྱི་འཕགས་མ་ཞེས་པ་དང་ཡ་ཏཱེན་གྱི་གྲུབ་མཐའ་ཞེས་པ་གཉིས་ཤིན་ཏུ་གྲགས་ཆེ་བའོ།།

3 མཚན་ཉིད་ཀྱི་ལྟ་བ་དང་ཆབ་སྲིད་ཀྱི་གཞུང་ལུགས།

དུས་སྐབས་འདིར་བྱུང་བའི་མཚན་ཉིད་ཀྱི་ལྟ་བ་གཙོ་བོ་ནི་དངོས་གཙོ་རིང་ལུགས་ཀྱི་ཁྱད་ཆོས་ལྡན་པ་དང་། དེས་ཆོས་གྲྭའི་མཚན་ཉིད་ལ་རྩོད་སློང་དང་ཁ་གཏད་བཅག་པ་རེད། མི་ཆོས་རིང་ལུགས་སྨྲ་བ་དག་གིས་རང་བྱུང་དང་མི་ཚེའི་རྣམ་བཞག་གི་གཞུང་བཤད་མང་དུ་བརྩམས་ཤིང་། ལྷ་ཆོས་རིག་གནས་ལ་དགག་པ་བརྒྱབ་པའི་རྨང་གཞིའི་སྟེང་དུ་དངོས་གཙོ་རིང་ལུགས་ཀྱི་མཚན་ཉིད་ལྟ་བ་ཡུན་གྱིས་ཆགས།

དུས་རབས་བཅོ་ལྔ་བའི་དུས་མཇུག་ནས་བཟུང་། ཡོ་རོབ་གླིང་གི་མ་རྩ་རིང་ལུགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན། རང་བྱུང་ཚན་རིག་ཀྱང་ཡར་ངོའི་ཟླ་ལྟར་འཕེལ།  མི་ཆོས་རིང་ལུགས་སྨྲ་བ་དག་དང་བསྡུར་ན། རང་བྱུང་མཚན་ཉིད་རིག་པ་བས་སྔར་ལས་ཀྱང་ཚན་རིག་དང་དཔྱོད་ཤེས་ལ་གཙིགས་ཆེན་གནང་བར་མ་ཟད།  ཚན་རིག་དང་དཔྱོད་ཤེས་ཀྱི་ལག་ཆར་བརྟེན་ནས་སྒེར་སྡོམ་རིང་ལུགས་ཀྱི་རྣམ་པ་སྣང་ངོ་ཅོག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ། དམངས་བྱིངས་ཀྱི་བསམ་བློ་འཆིང་འགྲོལ་དང་རང་བྱུང་ཚན་རིག་གོང་འཕེལ་དུ་འགྲོ་བར་བྱས་རྗེས་བླ་མེད་བཞག དུས་སྐབས་དེར་བྱོན་པའི་རང་བྱུང་མཚན་ཉིད་སྨྲ་བའི་ཁྲོད་དུ། ཉི་ཟླ་ལྟ་བུའི་མཁས་པ་ནི་ཉི་ཀོ་ལ་དང་པུ་རོ་ནོ་གཉིས་རེད།

པེ་ཀིན་ནི་དུས་རབས་བཅུ་དྲུག་པར་སྐུ་འཁྲུངས་ཤིང་། དངོས་ཡོད་རིང་ལུགས་པ་དང་དེང་རབས་ཚོད་ལྟའི་ཚན་རིག་གི་ཤིང་རྟའི་སྲོལ་འབྱེད་པ་ཡིན། ཁོང་གི《བསྐྱར་དར་ཆེན་པོ》ཞེས་པ་ནི་འཛམ་གླིང་ན་མིང་དུ་གྲགས་པའི་མིའི་རིགས་ཀྱི་བསམ་བློའི་བྱུང་བ་བརྗོད་པའི་བརྩམས་ཆོས་རེད་ལ། དེའི་ནང་དོན་གཙོ་བོ་ནི་ལག་ཆ་གསར་བ་ཞེས་པ་སྟེ། བརྩམས་ཆོས་དེར། རྩོམ་པ་པོས་དངོས་ཡོད་རིང་ལུགས་ཀྱི་འཇུག་ཐབས་གསར་པ་རྐྱང་རྐྱང་ངོ་སྤྲོད་གནང་ཡོད་པ་དཔེར་ན། ཕྱོགས་བསྡུས་ཀྱི་ཐབས་ཤེས་དང་དབྱེ་ཞིབ་ཀྱི་ཐབས་ཤེས་དང་ཡོངས་ཁྱབ་ཀྱི་ཐབས་ཤེས་སོགས་མཆིས། ཐབས་ཤེས་དེ་དག་ངོ་སྤྲོད་གནང་བས་ནི་རང་བྱུང་ཁམས་ཀྱི་ཆོས་ཉིད་སྔར་ལས་གཏིང་ཟབ་པ་དང་ཡང་དག་པའི་སྒོ་ནས་གསེད་འགྲོལ་བྱེད་པར་མཐུན་རྐྱེན་ལེགས་པོ་བསྐྲུན། ཕེ་ཀེན་རང་ངོས་ནས་གསུངས་དོན། ལག་པས་དྲང་ཐིག་བྲིས་པ་དང་ཚད་ཤིང་གིས་བྲིས་པ་གཉིས་ཡེ་ནས་མི་འདྲའོ།། ཞེས་པ་ལྟར་རོ།།

མི་ཆོས་རིང་ལུགས་ཀྱི་བསམ་བློ་དར་རྒྱས་སུ་བྱུང་བ་དང་བསྟུན། གསར་དར་གྱི་མ་རྩ་གྲལ་རིམ་གྱིས་རང་སྒེར་གྱི་ཕན་ཁེ་བསམས་ཏེ། གཅིག་གྱུར་གྱི་མི་རིགས་རྒྱལ་ཁབ་འཛུགས་པ་དང་། བཀས་བཀོད་རྒྱུད་འཛིན་གྱི་བཅད་བཟུང་གི་རྣམ་པ་མཇུག་བསྒྲིལ་བའི་འདོད་བློ་ཉིན་བཞིན་ཇེ་ཆེར་གྱུར། དེ་བས། ཆབ་སྲིད་ཀྱི་ཕྱོགས་ནས་རྒྱལ་པོའི་སྒེར་གཅོད་ལམ་ལུགས་ཀྱི་གཞུང་ལུགས་བྱུང་བ་དང་། དེའི་འཐུས་ཚབ་རྩོམ་པ་པོ་ནི་དབྱི་ཐ་ལིའི་མཱ་ཅི་ཡ་ཝེ་ལེ་དང་ཧྥ་རན་སིའི་པུ་ཏན་སོགས་རེད།

马.jpgམཱ་ཅི་ཡ་ཝེ་ལེ་ནས་བརྩམས་པའི་དཔེ་གཞུང་སྟེ《རྒྱལ་པོའི་རྣམ་བཤད》ཅེས་པར། རྒྱལ་པོའི་སྒེར་གཅོད་ལམ་ལུགས་ཀྱི་ལྟ་བ་བསྒྲགས་ཡོད་པ་དང་། དེའི་ནང་དོན་གཙོ་བོར། རྒྱལ་པོར་ཀུན་སྤྱོད་ཀྱི་རྣམ་བཞག་གང་གིས་ཀྱང་ཁ་ལོ་བསྒྱུར་མི་བཏུབ་པ་དང་། རྒྱལ་པོས་དྲག་ཤུགས་སྤྱད་ནས་ངོ་རྒོལ་པ་མཐའ་དག་གཉའ་ནས་མནན་ཆོག་པ་དང་། རྒྱལ་པོས་རང་ཉིད་གཞན་དུ་བརྫུ་མཁས་ཤིང་མི་ལ་མགོ་སྐོར་བསླུ་བྲིད་བཏང་ཆོག་པ་དང་། རྒྱལ་པོས་ཚད་ངེས་ཅན་ཞིག་ནས་མི་ལ་སྐྲག་སྣང་བསླངས་ཆོག་མོད་ཀྱི། འོན་ཀྱང་མི་ལ་ཞེ་འཁོན་གྱི་སེམས་པ་སྐྱེས་སུ་འཇུག་མི་ཆོག་པ་བཅས་སོ།།

དུས་རབས་བཅུ་དྲུག་པའི་སྐབས་སུ། མ་རྩ་རིང་ལུགས་ཀྱི་ཐོན་སྐྱེད་བྱེད་སྟངས་སྔར་ལས་འཕེལ་རྒྱས་སུ་སོང་བའི་དབང་གིས། གྲོང་ཁྱེར་པ་དང་གྲོང་གསེབ་ཀྱི་དབུལ་བོ་དག་གི་ཁྲོད་ནས་ཆེས་ཐོག་མའི་འབྱོར་མེད་གྲལ་རིམ་གྱི་ཁྱུ་ཚོགས་བསྐྱེད། ཁོ་པ་ཚོར་མ་རྩ་གྲལ་རིམ་གྱི་བཤུ་གཞོག་རབས་དང་རིམ་པ་ཐེབས་པས་ན། བཤུ་གཞོག་གྲལ་རིམ་ཡོད་ཚད་ལ་ངོ་རྒོལ་བྱེད་པའི་འབྱོར་མེད་གྲལ་རིམ་གྱི་ལས་འགུལ་བྱུང་བ་དང་། སྟོང་བསམ་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མྱུ་གུའང་གནས་བབ་དེ་འདྲའི་འོག་ནས་འབུས་འགོ་བརྩམས་པ་རེད། མོ་ཨར་ལགས་ཀྱི་བརྩམས་གནང་མཛད་པའི་《ཝུ་ཐོ་པང》ཞེས་པར། བཀས་བཀོད་རྒྱུད་འཛིན་དང་མ་རྩ་རིང་ལུགས་ཀྱི་བྱ་བྱེད་མ་རུངས་པ་དག་ལ་དགག་པ་ཚ་ནན་དུ་བཏང་ཞིང་། སྒེར་སེམས་མེད་པ་དང་། བཤུ་གཞོག་བྲལ་བ་དང་། སྡུག་བསྔལ་དབེན་པའི་ཕུགས་བསམ་གྱི་སྤྱི་ཚོགས་ཤིག་བློས་བསླངས་གནང་འདུག ཡིན་ནའང་། ཁོང་གི་དགོངས་པ་དེས་དུས་ཕྱིས་ཀྱི་སྤྱི་ཚོགས་རིང་ལུགས་ལ་ཤན་ཤུགས་ཟབ་མོ་ཐེབས་པ་རེད།

4 ཉེ་རབས་ཀྱི་ལོ་རྒྱུས་རིག་པ་དང་སློབ་གསོའི་འཆིང་འགྲོལ།

རིག་རྩལ་བསྐྱར་དར་གྱི་སྐབས་སུ། ལོ་རྒྱུས་སྨྲ་བ་དག་གིས་དཔའ་སྤོབས་དང་ལྡན་པའི་སྒོ་ནས་ཆོས་ལུགས་ཀྱི་བཀག་རྒྱ་ཅི་རིགས་བསལ་ཅིང་། མིའི་བྱ་བྱེད་མཐའ་དག་ལོ་རྒྱུས་འབྲི་རྩོམ་གྱི་ལྟེ་བར་བྱས་པ་དང་། ལོ་རྒྱུས་དང་དངོས་ཡོད་ཟུང་དུ་སྦྲེལ་ཐོག་སྤྱི་ཚོགས་སྣང་ཚུལ་གྱི་རྒྱུ་རྐྱེན་རྟེན་འབྲེལ་དང་འཕེལ་རྒྱས་ཀྱི་ཆོས་ཉིད་ངེས་པར་བྱེད་པའི་ལོ་རྒྱུས་ཀྱི་ལྟ་བ་ཆགས་པར་མ་ཟད། ལོ་རྒྱུས་ཀྱི་སློབ་གསོའི་རིན་ཐང་གལ་ཆེན་དུ་དགོངས་ཏེ། ལོ་རྒྱུས་ཞིབ་འཇུག་དང་སློབ་གསོ་གཉིས་ཆེད་ལས་ཅན་གྱི་ལམ་བུར་ཞུགས། དུས་སྐབས་དེར་བྱོན་པའི་ལོ་རྒྱུས་སྨྲ་བ་རྣམས་ནི་དུས་རབས་ཀྱི་ཚོར་སྣང་སྐྱེན་པ་ཅན་ཤ་སྟག་སྟེ། ཁོང་པ་ཚོར་བདེན་པ་བརྡར་བའི་སྙིང་སྟོབས་ཀྱིས་ཕྱུག་ཅིང་གནའ་རྫས་རྟོག་དཔྱོད་ཀྱི་སྤྲོ་བས་ཀུན་ནས་བརྟས་ཐོག ལོ་རྒྱུས་ཡིག་ཆ་དག་ཐེར་དང་དག་བསྒྲིགས་ཀྱི་ཕྱོགས་ལ་བྱས་རྗེས་བླ་མེད་བཞག་པ་དང་དུས་མཚུངས་སུ། མིའི་སེམས་ཁམས་དང་རང་གཤིས་ཀྱི་ཁྱད་ཆོས་ལ་བློ་ཞིབ་མོས་རྣམ་པར་བཏགས་ཏེ། བསམ་བློ་དང་བརྩེ་དུངས་ཀྱི་ཕྱོགས་ཀུན་ནས་བརྗོད་པའི་རྣམ་ཐར་དང་རྟོགས་བརྗོད་ཀྱི་རིགས་དར་ཁྱབ་ཆེན་པོ་བྱུང་ངོ་།། པོ་ལོ་ཉི་དང་པི་ཨང་ཏོ། ཝ་ལ། མཱ་ཅི་ཡ་ཝེ་ལེ། ཁི་མན། མོ་ཨར་སོགས་ནམ་མཁའི་སྐར་ཆེན་ལྟ་བུའི་མཁས་པ་མང་དུ་བྱོན་ཏེ་ཡོ་རོབ་གླིང་གི་ཉེ་རབས་ལོ་རྒྱུས་རིག་པའི་རྨང་གཞི་བརྟན་པོ་བཏིང་།

སྤྱི་ཚོགས་དང་ཐོན་སྐྱེད་ཉིས་ས་ནས་གོང་འཕེལ་དུ་ཕྱིན་པའི་དགོས་དབང་གིས། ཆོས་ཚོགས་ཀྱིས་བདག་ཏུ་བཟུང་བའི་སློབ་གསོའི་རྣམ་པ་གཞན་དུ་བསྒྱུར་མགོ་བརྩམས་པ་དང་། གསར་དར་གྱི་སློབ་གསོའི་གཞུང་ལུགས་དང་གསར་དར་གྱི་སློབ་གྲྭའང་རབས་དང་རིམ་པ་ཚུགས་ཏེ། སློབ་གསོ་མྱོང་མཁན་པ་དག་གི་བློ་རིག་དང་འཇོན་ཐང་། གཤིས་སྤྱོད། རང་གཤིས། མཛེས་དཔྱོད། བདེ་ཐང་བཅས་ཕྱོགས་གང་ཐད་ནས་སྐྱེད་སྲིང་མཛད།

གསར་དར་གྱི་སློབ་གྲྭའི་སློབ་གསོ་ལ་གཤམ་གྱི་ཁྱད་ཆོས་འགའ་མཆིས་ཏེ། དང་བོ། ཕྱོགས་ཡོངས་ཀྱི་འཇོན་ནུས་སྐྱེད་སྲིང་བྱེད་པ། གཉིས་པ། སྤྱི་ཚོགས་ཚན་རིག་གི་ཁྲིད་གཞི་མང་དུ་བཏང་བ། དེ་སྔའི་ཆོས་ཚོགས་ཀྱི་ཁྲིད་ཚན་བདུན་ཏེ། བརྡ་སྤྲོད་དང་ཚིག་རྒྱན། རྩོད་སྒྲུབ་རིགས་པ། རྩིས་ཕྲེང་། དབྱིབས་རྩིས། གནམ་རིག གླུ་དབྱངས་ལས་གཞན། སྒྱུ་རྩལ་དང་ཆབ་སྲིད། ལོ་རྒྱུས། མཚན་ཉིད་རིག་པ་སོགས་ཀྱང་གསར་དུ་བསྣན། གསུམ་པ། སྤྱོད་ལམ་གསར་པ་བཙུགས་པ། གཙོ་བོ་འཇིག་རྟེན་པའི་དཔའ་སྤོབས་དང་བཟོད་བསྲན་དཀའ་ཐུབ། རྒྱལ་གཅེས་ཀྱི་བསམ་པ། སྤྲོ་སྣང་ཡར་ཐོན། རང་དབང་། འདྲ་མཉམ། སྙིང་རྗེ་བཅས་ཀྱི་ཕྱོགས་ནས་སློབ་གསོ་གཏོང་བ་རེད། བཞི་པ། ལུས་རྩལ་སྦྱོང་བ། ལྔ་བ། སློབ་གསོའི་ཐབས་ལམ་གསར་བ་སྟེ། དགེ་རྒན་གྱིས་སློབ་མའི་གཤིས་རྒྱུད་ལ་བསྟུན་ནས་སློབ་གསོ་གཏོང་བ་ལས་ཡོད་ཚད་གཅིག་གཅོད་བྱ་མི་རུང་བ་བཅས་སོ།།

5 ཉེ་རབས་རང་བྱུང་ཚན་རིག་གི་བྱུང་བ།

རིག་རྩལ་བསྐྱར་དར་དང་མཚོ་ལམ་གསར་བ་བྱུང་བའི་དབང་གིས། ཕྱོགས་གཅིག་ནས་མི་རྣམས་ཀྱི་བསམ་བློར་བཅིངས་འགྲོལ་ཐོབ་པ་དང་། ཕྱོགས་གཞན་ནས་མི་རྣམས་ཀྱིས་རང་བྱུང་ཁམས་ལ་རྟོག་འཇུག་བྱེད་པའི་མཚར་འཛིན་གྱི་སྤྲོ་བ་ཀུན་ནས་དྲངས་པ་རེད།

ཉེ་རབས་ཀྱི་ཚན་རིག་དེ་ཐོག་མར་གནམ་དཔྱད་རིག་པ་ནས་དབུ་ཚུགས་པ་རེད་ལ། དེའི་ཁྱབ་ཁོངས་སུ་དཔེར་ན་ཀི་པེ་ཉི་དང་པུ་རོ་ནོ། ཅྭ་ལི་ལེ་སོགས་ཚན་རིག་པ་ཆེ་ཆེ་དྲག་དྲག་སྐུ་འཁྲུངས་ཤིང་། ཁོང་པ་ཚོས་སྐབས་ཐོག་དེའི་རྩིས་རིག་དང་དངོས་ལུགས་རིག་པའི་གྲུབ་འབྲས་ལོངས་སུ་སྤྱད་པའི་རྨང་གཞིའི་སྟེང་། སྔོན་གྱི་གནམ་དཔྱད་རིག་པ་བ་ཐོ་ལི་མེ་ནས་དར་བའི་སའི་གོ་ལ་ལྟེ་བར་འཛིན་པའི་ལྟ་བ་རྨང་ནས་བསློགས་པ་དང་ཆབས་ཅིག་ཏུ། ཉི་མ་ལྟེ་བ་ཡིན་པའི་ལྟ་བ་བཏོན་ཅིང་། ཉེ་རབས་ཚན་རིག་གི་སྒོ་མོ་གསར་པ་ཕྱེ།

གཞན་ཡང་རྩིས་རིག་དང་གསོ་རིག་གི་ཕྱོགས་ནས་ཀྱང་འབྲས་བུའི་ཁུར་གྱིས་དུད་པ་ཅན་མང་དུ་བྱོན་མྱོང་སྟེ། དཔེར་ན། རྒྱལ་ཁབ་པི་ལི་ཧྲིར་སྐུ་འཁྲུངས་པའི་གསོ་རིག་མཁན་པོ་ཨན་ཏི་ལེ་སི་མཆོག་གིས《མི་ལུས་གྲུབ་ལུགས》ཞེས་པ་བརྩམས་གནང་མཛད་པ་དང་། ལུས་ཀྱི་གྲུབ་ལུགས་ཡང་དག་པར་གཏན་ལ་ཕབ་སྟེ། ཉེ་རབས་ཀྱི་གཤགས་བཅོས་རིག་པའི་ཁྲི་རབས་དང་པོར་བཞུགས། གཞན་ཡང་དབྱིན་ཇིའི་གསོ་རིག་མཁན་པོ་ཧཱ་ཝེ་མཆོག་གིས་ཁྲག་རྩ་འཁོར་རྒྱུགས་ཀྱི་རྣམ་གཞག་གསར་དུ་རྙེད་པ་དང་། དུས་དེ་ནས་བཟུང་སྟེ་ལུས་ཁམས་རིག་པ་དེ་ངེས་པ་དོན་གྱིས་རང་རྐྱ་ཐུབ་པའི་རིག་ཚན་ཞིག་ཏུ་གྲུབ་ཅིང་། མཁས་པ་ཁོང་ཉིད་ལ་ཉེ་རབས་ལུས་ཁམས་རིག་པའི་ཤིང་རྟའི་སྲོལ་འབྱེད་ཀྱི་ཆོ་ལོ་བསྩལ་ཡོད་དོ།། ཞེས་རིག་རྩལ་བསྐྱར་དར་གྱི་སྐོར་རེ་ཞིག་བསྡུས་པར་རྫོགས་སོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:6  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-09-02

གསར་སྤེལ་མཁན། :གཡང་སྒྲོལ་མ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།