ཉེ་རབས་ཀྱི་རྩོམ་རིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཉེ་རབས་ཀྱི་རྩོམ་རིག
ཡོ་རོབ་གླིང་གི་ཉེ་རབས་རྩོམ་རིག་བྱུང་འཕེལ་གྱི་གོ་རིམ་ཁྲོད་དུ། གནའ་དཔེ་རིང་ལུགས་དང་བློ་དབྱེད་རིང་ལུགས། འཆར་ཡན་རིང་ལུགས། དངོས་ཡོད་དགག་རྒྱག་རིང་ལུགས་སོགས་ཀྱི་རྩོམ་རིག་གྲུབ་མཐའ་མང་དུ་བྱུང་བ་དང་། སྐབས་ཐོག་དེར་བྱོན་པའི་རྩོམ་པ་པོ་དང་བརྩམས་ཆོས་ཀྱང་འཛམ་གླིང་རྩོམ་རིག་གི་རྒྱན་དང་ཏོག་ལྟ་བུར་གྱུར་ཡོད་དོ།།
1 གནའ་དཔེ་རིང་ལུགས།

གནའ་དཔེ་རིང་ལུགས་ནི་དུས་རབས་བཅུ་བདུན་པ་དང་བཅོ་བརྒྱད་པའི་སྐབས་ཀྱི་རྩོམ་རིག་གི་གྲུབ་མཐའ་གཙོ་བོ་ཡིན་ལ། དེས་ནི་གནའ་བོའི་ཀེ་རེ་སི་དང་རོ་མའི་དུས་སྐབས་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་ལྟ་བ་དང་ལེན་རྒྱུན་འཛིན་བྱས་པར་མ་ཟད། དེ་དག་གི་བརྩམས་ཆོས་དཔེར་མཚོན་དུ་དྲངས་ཏེ། གསར་རྩོམ་གྱི་རྩ་དོན་དང་ཚད་གཞི་རབས་དང་རིམ་པ་གཏན་ཁེལ་མཛད།

གསར་རྩོམ་ལག་ལེན་གྱི་ཁྲོད་དུ། གནའ་དཔེ་རིང་ལུགས་པས་རྩོམ་ལུས་ཀྱི་ཁྱད་ཆོས་དང་ཁྱད་པར་གསལ་བོར་ཕྱེ་ཡོད་ཅིང་། སྐྱོ་གར་ཡིན་ན་ཁྱད་འཕགས་ཀྱི་སྒྱུ་རྩལ་ཞིག་སྟེ། དེའི་མི་སྣ་དག་ནི་དཔའ་བོ་དང་སྐུ་དྲག་སོགས་མི་ཆེན་གྱི་རིགས་ཡིན་དགོས་པར་བསྟན། སྤྲོ་གར་ཡིན་ན་ཐ་ཤལ་གྱི་སྒྱུ་རྩལ་ཏེ། དེའི་མི་སྣ་དག་ནི་ཆེས་དམའ་རིམ་དུ་འཚོ་བའི་ཁ་ཆུང་དབང་ཆུང་གི་རིགས་ཡིན་དགོས་པར་བསྟན་ཡོད། སྤྱིར་ཟློས་གར་གྱིས་ཐག་བཅད་གསུམ་བརྩི་སྲུང་བྱ་དགོས་ཏེ། གཏམ་རྒྱུད་ཀྱི་བྱུང་རིམ་མ་ལུས་ཀྱང་དུས་གཅིག་དང་གནས་གཅིག་དང་དོན་རྐྱེན་གཅིག་གི་སྟེང་དུ་དྲིལ་བར་བྱ་དགོས་སོ།། ཚིག་སྦྱོར་གྱི་ཆ་ནས་བཤད་ན། ངེས་པར་དག་པ་དང་གསལ་བ་དང་གཏན་ཚིགས་དང་མཐུན་པ་ཞིག་ཡིན་དགོས་པ་སོགས་རྩ་དོན་དང་ཚད་གཞི་མང་དུ་བཅས་ཡོད་དོ།།

གནའ་དཔེ་རིང་ལུགས་ཀྱི་བསམ་བློའི་ཡོ་ལང་དེ་ཐོག་མར་དུས་རབས་བཅུ་བདུན་པའི་ཧྥ་རན་སེའི་རྒྱལ་ཁབ་ཏུ་རྒྱས་གྱུར་ཅིང་། ཧྥ་རན་སེ་ནི་གནའ་དཔེ་རིང་ལུགས་པའི་དབུས་འགྱུར་གྲོང་དུ་བསྔགས་པར་མ་ཟད། ཡོ་རོབ་གླིང་གི་རྒྱལ་ཁག་སོ་སོའི་རྩོམ་རིག་ཀྱང་གནའ་དཔེ་རིང་ལུགས་ཀྱི་དུས་སྐབས་མ་བརྒྱུད་པ་མེད་ལ། མིང་དུ་གྲགས་པའི་རྩོམ་པ་པོ་བགྲང་གིས་མི་ལང་བ་བྱོན།

ཧྥ་རན་སེ་རྒྱལ་ཁབ་ལ་དཔེར་མཚོན་ན། ལ་ཞེན་དང་མོ་ལི་ཨར། ཀོ་ནེ་དབྱི་སོགས་རྒྱུ་སྐར་དབུས་ཀྱི་ཟླ་བ་ལྟ་བུའི་རྩོམ་པ་པོ་འཁྲུངས་མྱོང་ཞིང་། དེའི་ཁྲོད་དུ། ཀོ་ནེ་དབྱི་ནི་གནའ་དཔེ་རིང་ལུགས་ཀྱི་高乃依.jpgཟློས་གར་སྲོལ་འདོད་པ་པོའི་གྲས་ཀྱི་གཙོ་བོ་ཡིན་ལ། ཁོང་གི་སྐྱོ་གར་གྱི་གྲུབ་འབྲས་ནི་ཀུན་ལས་ཀྱང་ཁྱད་འཕགས་སུ་མངོན་ཏེ། 《ཤི་ཏི》་ཞེས་པ་དང་། 《ཧི་ལ་སི》ཞེས་པ། 《ཤི་ནཱ》ཞེས་པ། 《པོ་ལི་ཨོ་ཁི་ཐི》ཞེས་པ་བཞི་ནི་ཁོང་གི་སྐྱོ་གར་བརྩམས་ཆོས་ཆེ་བཞིར་བགྲང་བ་རེད། རྒྱུ་མཚན་དེའི་དབང་གིས་ཀོ་ནེ་དབྱི་ཁོང་ལ་སྐྱོ་གར་གྱི་ཡབ་ཆེན་ཞེས་པའི་ཆོ་ལོ་བསྩལ་ཡོད་དོ།།

མེ་ཨར་ཏོན་ལགས་ནི་མིང་དུ་གྲགས་པའི་གནའ་དཔེ་རིང་ལུགས་ཀྱི་རྩོམ་པ་པོ་ཞིག་ཡིན་ཞིང་། ཧྲ་ཧྲི་པི་ཡའི་རྗེས་སུ་འཁྲུངས་པའི་དབྱིན་ཇི་རྒྱལ་ཁབ་ཀྱི་ཆེས་རླབས་ཆེ་བའི་སྙན་ངག་མཁན་པོའང་རེད། ཁོང་གི་ཕུལ་དུ་བྱུང་བའི་བརྩམས་ཆོས་ནི《བདེ་སྐྱིད་བོར་བའི་ཀུན་ར》ཞེས་པ་དེ་ལགས།

བརྩམས་ཆོས་དེའི་བརྗོད་བྱ་ནི་དམ་པའི་གསུང་རབ་ལས་བྱུང་བའི་གཏམ་རྒྱུད་ཅིག་སྟེ། སཱ་ཏན་གྱིས་ལྷའི་ཕོ་ཉ་བཀའ་ལོག་པ་དག་གི་དཔུང་ཁྲིད་དེ་དཀོན་མཆོག་ལ་ངོ་རྒོལ་བྱས་པ་དང་། ཕམ་ཁ་མྱངས་རྗེས་དམྱལ་ཁམས་སུ་སྤྱུགས་པ་རེད། སཱ་ཏན་གྱིས་དགྲ་འཁོན་རྩོད་པའི་ཆེད་དུ་ལྷ་ཡུལ་གྱི་ཀུན་དགའ་ར་བར་ལྐོག་ཏུ་འཛུལ་བ་དང་། ཨ་དམ་དང་ཧྭ་ཝ་གཉིས་ལ་བསླུ་བྲིད་བཏང་སྟེ་བཀག་ཤིང་གི་འབྲས་བུ་ཐོགས་སུ་བཅུག་པས་དཀོན་མཆོག་གི་ཐུགས་སེམས་དཀྲུགས། མཐར། དཀོན་མཆོག་གིས་ཁོ་གཉིས་ཀུན་དགའ་ར་བ་ནས་མཐར་སྤྲོད་བཏང་ཞིང་མི་ཡུལ་གྱི་དཀའ་སྡུག་མྱངས་སུ་བཅུག་པའི་བྱུང་རིམ་བྲིས་ཡོད། ཡིན་ནའང་། སྙན་ངག་པས་ཡེ་ཤུ་ཆོས་ལུགས་པ་དག་གིས་གདོན་བགེགས་སུ་བརྩི་བའི་སཱ་ཏན་དེ་ཉིད་ངོ་རྒོལ་གྱི་སྙིང་སྟོབས་ལྡན་པའི་དཔེ་ལེགས་ཅན་ཞིག་ཏུ་སྒྲུབ་བཞེང་མཛད་འདུག་གོ།

2 བློ་འབྱེད་རིང་ལུགས་ཀྱི་རྩོམ་རིག

དུས་རབས་བཅོ་བརྒྱད་པར། ཡོ་རོབ་གླིང་དུ་བློ་འབྱེད་ལས་འགུལ་བྱུང་བའི་གོ་རིམ་ཁྲོད་དུ། བློ་འབྱེད་རིང་ལུགས་ཀྱི་རྩོམ་རིག་གྲུབ་མཐའ་ཡང་བྱུང་སྟེ། གནའ་དཔེ་རིང་ལུགས་པ་དང་རྒྱབ་གཏོད་པའི་རྩོམ་རིག་གི་བསམ་བློ་ཞིག་ཏུ་གྱུར།

བློ་འབྱེད་རིང་ལུགས་ཀྱི་རྩོམ་པ་པོ་རྣམས་ཀྱིས་རྩོམ་རིག་དེ་ཉིད་བསམ་བློ་སྟོན་པའི་ལག་ཆ་ལྟ་བུ་ཞིག་ཏུ་ངོས་བཟུང་ཞིང་། ཕྱོགས་གཅིག་ནས་གནའ་དཔེ་རིང་ལུགས་པས་བསྟན་པའི་དཔྱོད་ཤེས་གཙོར་བྱས་ཀྱི་ལྟ་བ་རྒྱུན་འཛིན་དང་དར་སྤེལ་དུ་བཏང་བ་དང་། ཕྱོགས་གཞན་ཞིག་ནས་བརྩམས་ཆོས་བརྒྱུད་བཀས་བཀོད་ལམ་ལུགས་དང་ཆོས་ཚོགས་ལ་དགག་པ་བརྒྱབ་ཅིང་། རང་དབང་དང་འདྲ་མཉམ། བྱམས་སྙིང་རྗེའི་ལྟ་བ་སོགས་ཁྱབ་བསྒྲགས་བྱས། དེར་མ་ཟད། བློ་འབྱེད་རིང་ལུགས་ཀྱི་རྩོམ་རིག་གིས་གནའ་དཔེ་རིང་ལུགས་པའི་རྩ་དོན་དང་ཚད་གཞི་དེ་དག་སྣང་མེད་དུ་བཏང་སྟེ། བརྩམས་ཆོས་ཀྱིས་གཙོ་ཆེ་བ་དུས་ད་ལྟ་བ་སྟོན་དགོས་པ་དང་། དངོས་ཡོད་སྤྱི་ཚོགས་བརྗོད་བྱར་བྱས་ཏེ་མང་ཚོགས་ཕལ་བའི་འཚོ་བ་དང་རེ་འདུན་ཇི་བཞིན་དུ་མཚོན་དགོས་པར་བསྟན་འདུག

བློ་འབྱེད་ལས་འགུལ་གྱི་ཚ་རླབས་དེ་ཧྥ་རན་སེ་རྒྱལ་ཁབ་ཏུ་འཕྱུར་བའི་དབང་གིས། ཧྥ་རན་སེ་ནི་བློ་འབྱེད་རིང་ལུགས་ཀྱི་རྩོམ་རིག་དར་བའི་ཡུལ་གྲུ་གཙོ་བོའི་གཙོ་བོར་གྱུར། ཧྥོ་ཨར་ཐེ་དང་རུ་སོ་སོགས་ནི་རླབས་ཆེན་གྱི་བློ་འབྱེད་བསམ་བློ་པ་ཡིན་པས་མ་ཚད། ཕུལ་དུ་བྱུང་བའི་བློ་འབྱེད་རྩོམ་པ་པོའང་ཡིན། ཧྥོ་ཨར་ཐེ་ལ་མཚོན་ན། ཁོང་གི་བརྩམས་ཆོས་ལ་བློ་འབྱེད་བསམ་བློས་ཕྱུག་པར་མ་ཟད། གཏིང་ཟབ་པའི་གནས་ལུགས་དང་འཐབ་རྩོད་ཀྱི་ངར་ཤུགས་ཀྱིས་ཀུན་ནས་བརྟས་འདུག་ལ། མིང་དུ་གྲགས་པའི་བརྩམས་ཆོས་ནི། གནས་ལུགས་སྟོན་པའི་སྒྲུང་གཏམ་གསུམ་སྟེ། 《ཁྲ་ཏི་ཀི》ཞེས་པ་དང་། 《མི་དྲང་བོ》ཞེས་པ། 《ཕོ་གསར་རྣལ་མ》ཞེས་པ་གསུམ་བཞུགས། རུ་སོ་ལགས་ཀྱི་བརྩམས་ཆོས་ལ། མི་སེམས་སྨྲེང་བར་བསྐུར་བའི་སྒྲུང་གཏམ་སྟེ། 《ཨེ་ལོ་ཆི་སི་གསར་བ》ཞེས་པ་དང་། གོ་བསྐོན་བློ་འགུགས་ཀྱི་སྒྲུང་གཏམ《ཨེ་མེལ》ཞེས་པ་དང་། རང་རྣམ་ཀྱི་རིགས་སུ་གཏོགས་པའི་སྒྲུང་གཏམ《ལྟུང་བཤགས》ཞེས་པ་གསུམ་བཞུགས་ཤིང་། དེ་དག་གིས་ཧྥ་རན་སེའི་སྤྱི་ཚོགས་ཀྱི་ངན་མཚང་དྲུས་ནས་ཕྱུང་བར་མ་ཟད། རང་དབང་དང་འདྲ་མཉམ་གྱི་འདོད་འདུན་ཤུགས་དྲག་ཏུ་བསྟན་འདུག་གོ།

བློ་འབྱེད་ལས་འགུལ་གྱི་རྩོམ་རིག་ལ་ཆ་བཞག་ནས་བཤད་ན། ཧྥ་རན་སེ་རྒྱལ་ཁབ་ལས་གཞན། དབྱིན་ཇི་དང་འཇར་མན་རྒྱལ་ཁབ་ཀྱི་གྲུབ་འབྲས་ཀྱང་འབུར་ཐོན་དུ་མཆིས་ཏེ། ལྷག་པར་དུ་ཡང་歌德1.jpgདབྱིན་ཇིའི་བློ་འབྱེད་རིང་ལུགས་ཀྱི་སྒྲུང་གཏམ་ནི་གཞན་ཀུན་ལས་ཁྱད་དུ་འཕགས་ཤིང་། སྲིད་ན་འགྲན་ཟླ་བྲལ་བའི་སྒྲུང་གཏམ་པའང་མི་ཉུང་བ་འཁྲུངས་འདུག དཔེར་ན། ཏི་ཧྥུ་དང་སི་ཝེ་ཧྥུ་ཐེ་དང་ཧྥེལ་ཏེན་སོགས་ཀྱིས་མཚོན་ནོ།། དེའི་ཁྲོད་དུ། ཏི་ཧྥུ་ལགས་ནས་མཛད་པའི་རཱ་པིན་ཟིན་གྱི་ཡུལ་གྱར་ཟིན་ཐོ་ཞེས་པ་ནི་ཀུན་ལ་རྒྱུས་མངའ་ཆེ་ཞིང་། གཞན་ཡང་། འཇར་མན་དུ་མྱུར་སྐྱོད་ཆེན་མོའི་ལས་འགུལ་བྱུང་བ་དང་བསྟུན། བློ་འབྱེད་རྩོམ་རིག་གི་གསར་རྩོམ་བྱ་བཞག་དགུང་ནས་དགུང་དུ་བསྟད་ཅིང་། ཀི་ཏི་དང་ཞེ་ལི་སོགས་སྐྱེས་ཆེན་མང་དུ་འཁྲུངས་མྱོང་། དཔེར་ན། ཀི་ཏི་ལགས་ནས་མཛད་པའི《ན་ཆུང་ཝེ་ཐིག་གི་སུན་སྣང》ཞེས་པ་ནི་ཁོང་གི་འཐུས་ཚབ་ཏུ་རུང་བའི་བརྩམས་ཆོས་ཙམ་དུ་མ་ཟད། འཇར་མན་རྩོམ་རིག་ལོ་རྒྱུས་སྟེང་གི་མི་ནུབ་པའི་རྡོ་རིང་ལྟ་བུའང་རེད་དེ། དེའི་སྐོར། དེབ་ཕྲེང་འདིར་ཚེ་གྲུབ་ཀྱིས་སྒྱུར་སྒྲིག་བྱས་པའི《འཛམ་གླིང་རྩོམ་རིག་བརྩམས་ཆོས་གྲགས་ཆེན་མཚམས་སྦྱོར》་ཞེས་པར་གསལ་བས་འཐུས་སོ།།

3 འཆར་ཡན་རིང་ལུགས་ཀྱི་རྩོམ་རིག

དུས་རབས་བཅོ་བརྒྱད་པའི་དུས་མཇུག་དང་དུས་རབས་བཅུ་དགུ་པའི་ལོ་རབས་སུམ་ཅུ་པའི་ཡས་མས་སུ། འཆར་ཡན་རིང་ལུགས་ཀྱི་རྩོམ་རིག་གྲུབ་མཐའ་དེ་ཡོ་རོབ་གླིང་གི་རྩོམ་རིག་གྲུབ་མཐའ་གཙོ་ཤོས་སུ་གྱུར་པ་རེད། ཧྥ་རན་སེའི་གསར་བརྗེ་ཆེན་མོ་དེས་ཡོ་རོབ་གླིང་གི་ཡུལ་གྲུ་ཀུན་ཏུ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་དུ་བཅུག་པ་བདེན་མོད་ཀྱི། འོན་ཀྱང་བློ་འབྱེད་བསམ་བློ་སྨྲ་བ་དག་གིས་གསུངས་པའི་རང་དབང་དང་འདྲ་མཉམ། བྱམས་སྙིང་རྗེའི་སོགས་ཀྱི་ཕུགས་བསམ་དེ་ད་དུང་ཡང་མངོན་དུ་འགྱུར་ཐབས་མ་བྱུང་། དངོས་ཡོད་ཀྱི་གནས་ཚུལ་དང་སྣང་ཚུལ་མཐའ་དག་ལ་རེ་ཆད་དང་ཡི་མུག་ཉིན་བཞིན་ཇེ་ཆེར་སོང་བ་དང་བསྟུན། རྩོམ་པ་པོ་ཕལ་མོ་ཆེ་ནས་རང་ཉིད་ཀྱི་བརྩམས་ཆོས་བརྒྱུད་སྤྱི་ཚོགས་ཀྱི་འགལ་བ་སེལ་བའི་ཐབས་ལམ་བཙལ་ཅིང་། འཆར་ཡན་རིང་ལུགས་ཀྱང་གནས་བབ་དེ་ལྟ་བུའི་ཁྲོད་དུ་རིམ་བཞིན་ནར་སོན་ཞིང་གཉོམ་ལག་རྒྱས་པར་གྱུར། འཆར་ཡན་རིང་ལུགས་ཀྱི་རྩོམ་རིག་གིས་མི་སྒེར་གྱི་ཚོར་སྣང་གཙོ་བོར་འཛིན་པ་དང་། གསར་རྩོམ་གྱི་ཁྲོད་དུ་འུད་བརྗོད་དང་འཕྲུལ་སྣང་། ངོ་མཚར་སོགས་ཀྱི་ལག་ཐབས་བེད་སྤྱོད་པར་བྱས།

འཆར་ཡན་རིང་ལུགས་དེ་ཐོག་མར་འཇར་མན་རྒྱལ་ཁབ་དུ་མྱུ་གུ་འབུས་པ་དང་རིམ་གྱིས་དབྱིན་ཇི་རྒྱལ་ཁབ་དང་ཧྥ་རན་སེ་རྒྱལ་ཁབ་སོགས་སུ་དར་ཁྱབ་བྱུང་། གྲུབ་འབྲས་གཙོ་བོ་ནི་སྙན་ངག་ཡིན་པ་དང་། དེའི་འཕྲོར་སྒྲུང་གཏམ་དང་ཟློས་གར་དུ་མངོན། འཇར་མན་གྱི་ཧེ་ཉི་དང་དབྱིན་ཇིའི་པེ་ལུང་། ཨུ་རུ་སིའི་ཕུ་ཞི་ཅིན་སོགས་ནི་འཆར་ཡན་རིང་ལུགས་ཀྱི་སྙན་ངག་པ་ཆེན་པོའི་གྲས་སུ་གཏོགས་ཤིང་། ཧྥ་རན་སེའི་ཧེ་ཀོ་ལགས་ནི་སྐབས་ཐོག་དེར་བྱོན་པའི་འཆར་ཡན་རིང་ལུགས་ཀྱི་རྩོམ་རིག་ཁྱུ་མཆོག་ཏུ་བསྔགས་པར་བྱེད་དོ།།

དེ་དག་རེ་རེ་དཔེར་མཚོན་ཙམ་དུ་བགྲངས་ན། ཧེ་ཉི་ལགས་ནི་འཇར་མན་དུ་སྐུ་འཁྲུངས་པ་དང་། ཁོང་གི་ཟུར་ཟའི་སྙན་ངག་རིང་མོ་སྟེ། 《འཇར་མན། དགུན་ལྗོངས་ཤིག་གི་བྱིས་སྒྲུང》ཞེས་པ་ལས། སྐྱེ་སྟོབས་དང་གསོན་ཤུགས་ཡོངས་སུ་ཉམས་པའི་དགུན་ལྗོངས་ཀྱིས་མུན་ནག་རུལ་སུངས་དང་ཁ་ཐོར་ཡ་བྲལ་དུ་གྱུར་པའི་འཇར་མན་རྒྱལ་ཁབ་མཚོན་པར་བྱས་ཏེ། སྐབས་ཐོག་དེའི་ཉམ་ཐག་དང་རྗེས་ལུས་ཀྱི་གནས་བབ་སྐྱོ་བོ་དེར་མཚང་འབྱིན་རྨ་མེད་དུ་གནང་འདུག

པེ་ལུང་མཆོག་གི་འཐུས་ཚབ་བརྩམས་ཆོས་ལ་སྙན་རྩོམ་རིང་མོ《ཐང་ཧོང》ཞེས་པ་བཞུགས་ཤིང་། སི་ཕེན་གྱི་སྐུ་དྲག་གིས་ཐུར་ཁེ་རྒྱལ་ཁབ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་གཞན་དག་ཏུ་སྐྱིད་སྡུག་རེས་མོས་སུ་མྱངས་པའི་བརྒྱུད་རིམ་བྲིས་པ་བརྒྱུད། ཡོ་རོབ་གླིང་གི་ལོག་སྤྱོད་ཕྱོགས་ཁག་དང་མ་རྩ་རིང་ལུགས་པ་དག་གི་ཧམ་སྲེད། མནའ་གཙིགས་མཉམ་འབྲེལ་འོག་གི་བཀས་བཀོད་སྒྲིག་ལམ་སོགས་མུན་ནག་སྤྱི་ཚོགས་ཀྱི་ཕྱོགས་སོ་སོར་ཞེ་མེར་ཞིང་སྐྱུག་བྲོ་བའི་སེམས་འདུན་བསྟན་འདུག

ཨུ་རུ་སུར་སྐུ་འཁྲུངས་པའི་ཕུ་ཧྲེ་ཁེན་ལགས་ནི་འཆར་ཡན་རིང་ལུགས་ཀྱི་འཐུས་ཚབ་སྙན་ངག་པ་ཡིན་པར་མ་ཟད། ཨུ་རུ་སུའི་ཉེ་རབས་རྩོམ་རིག་གི་ཤིང་རྟའི་སྲོལ་འབྱེད་པ་པོའང་ཡིན། ཁོང་གི་མིང་དུ་གྲགས་པའི་བརྩམས་ཆོས་ལ་སྙན་ངག་གི་ལུགས་སུ་བྱས་པའི་སྒྲུང་གཏམ་སྟེ། 《ཡེ་ཧྥུ་ཁའེ་ཉི་ཨོ་ཉེ་ཅིན》ཞེས་པ་བཞུགས་ཤིང་། བརྩམས་ཆོས་དེས་སྐུ་དྲག་འདྲ་མིན་གྱི་སྣང་བརྙན་དུ་མ་སྒྲུབ་བཞེང་མཛད་ཡོད་པ་དང་། ཨུ་རུ་སུའི་མངོན་སུམ་འཚོ་བའི་རི་མོ་ཡོངས་ཁྱབ་ཏུ་བསྟབས་འདུག་པས། དེ་ལ་ཨུ་རུ་སུའི་འཚོ་བ་ཀུན་འདུས་ཀྱི་གླེགས་བམ་ཞེས་ཀྱང་བསྔགས་པ་ཐོར། བརྩམས་ཆོས་ཧྲིལ་བོར་འཆར་ཡན་རིང་ལུགས་ཀྱི་ཁྱད་ཆོས་འཛོམས་པར་མ་ཟད། བརྩམས་ཆོས་དེ་ནི་ཨུ་རུ་སུའི་དངོས་ཡོད་དགག་རྒྱག་རིང་ལུགས་ཀྱི་རྨང་རྡོ་ལྟ་བུར་ཡང་གྱུར་ཡོད་དོ།།

ཧེ་ཀོ་ལགས་ནི་ཧྥ་རན་སེའི་འཆར་ཡན་རིང་ལུགས་ཀྱི་རྩོམ་རིག་མཁན་པོ་ཡིན་ལ། འཛམ་གླིང་རྩོམ་རིག་ལོ་རྒྱུས་བྱུང་འཕེལ་གྱི་ཁྲོད་དུའང་གཞན་གྱིས་ཚབ་བྱེད་མི་ནུས་པའི་གོ་གནས་ཟིན་ཡོད། ཁོང་雨果.jpgགི་བརྩམས་ཆོས་ཕལ་མོ་ཆེའི་བརྗོད་བྱ་ནི་ཧྥ་རན་སེའི་གསར་བརྗེ་ཆེན་མོ་གཞིར་བཟུང་བ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་ཞིང་དངོས་ཡོད་ཀྱི་ཁྱད་ཆོས་ཀྱི་ཀུན་ནས་ཕྱུག་པ་སྟེ། འཐུས་ཚབ་བརྩམས་ཆོས་ལ《པ་ལིའི་འཕགས་མ་གླིང》དང《ཡ་ང་བའི་འཇིག་རྟེན》སོགས་སྒྲུང་གཏམ་རིང་གྲས་བཞུགས།  བརྩམས་ཆོས་དེ་གཉིས་ཀྱི་ངོ་སྤྲོད་ཀྱང་དེབ་ཕྲེང་འདིའི་གཞན་དུ་གསལ་བས་བསྐྱར་ཟློས་ཀྱི་ངལ་བ་མི་འཛིན་ཞིང་། རྩོམ་རིག་ལ་མོས་པ་དག་གིས་ངེས་པར་གཟིགས་གལ་ཆེའོ།།

སྤྱིར་ན་ཉེ་རབས་ཀྱི་དུས་ནི་སྤྱི་ཚོགས་ཚན་རིག་ནས་རང་བྱུང་ཚན་རིག་བཅས་ཕྱོགས་གང་ཅིའི་ཐད་ལ་འགྱུར་ལྡོག་བླ་མེད་བྱུང་བའི་དུས་སྐབས་གལ་ཆེན་ཞིག་ཡིན་ལ། དེབ་འདིའི་གཞུང་དཀྱུས་ཀྱི་བརྗོད་གཞི་གལ་ཆེན་ཞིག་ཡིན་པའང་ངང་གིས་གྲུབ་འདུག་མོད། འོན་ཀྱང་སྨྱུག་ཐོགས་པས་བསྒྱུར་མ་བཏུབ་པས་དང་གོ་བས་མ་ལྕོགས་པས་དང་། གཞན་ཡང་སློབ་གྲྭ་ཆུང་འབྲིང་གི་སློབ་མ་རྣམས་ལ་གནས་སྐབས་སུ་དགོས་གལ་ཆེན་པོར་མ་མཐོང་བས། དཔེར་ན་ཚན་རིག་དང་དཔལ་འབྱོར། སྒྱུ་རྩལ་བཅས་ཀྱི་ས་བཅད་སྐབས་སུ་གཡག་ཞར་རྩྭ་ཟ་ཡི་རྣམ་ཐར་མི་སྐྱོང་ཀ་མེད་བྱུང་། སྒྱུ་རྩལ་གྱི་ངོས་ཁོ་ན་ནས་གླེང་ནའང་། བཟོ་བཀོད་དང་བརྐོས་བྲིས་དང་རི་མོ་དང་གླུ་དབྱངས་དང་ཞབས་བྲོ་སོགས་ཀྱི་རིགས་དབྱེ་མང་ཞིང་། དེ་ལ་ཡང་གནའ་དཔེ་རིང་ལུགས་དང་འཆར་ཡན་རིང་ལུགས་དང་དངོས་ཡོད་རིང་ལུགས་སོགས་གྲུབ་མཐའི་ཁྱད་པར་མང་དུ་བདོག་པར་མ་ཟད། པ་ལོ་ཁི་དང་ལོ་ཁི་ཁི་སོགས་བྱེ་བྲག་ཆེད་སྤྱོད་ཀྱི་བརྡ་ཐ་སྙད་དང་དེ་དག་གི་གོ་དོན།  ཁྱད་ཆོས་སོགས་ས་བཅད་ཙམ་དུ་མ་ཟད་ལེའུའི་བདག་ཉིད་ཅན་དུ་འབྲི་རྒྱུ་མཆིས་ཙ་ན་བདག་ལྟས་ནུས་པ་མ་ཡིན་ནོ་ཞེས་ཡང་གཅིག་བཟོད་གསོལ་ཞུའོ།།

4 དངོས་ཡོད་དགག་རྒྱག་རིང་ལུགས་ཀྱི་རྩོམ་རིག

དུས་རབས་བཅུ་དགུ་པའི་ལོ་རབས་སུམ་ཅུ་བ་ནས་མགོ་བཟུང་སྟེ། ཡོ་རོབ་གླིང་དུ་དངོས་ཡོད་དགག་རྒྱག་རིང་ལུགས་ཀྱི་རྩོམ་རིག་དེ་གཞན་ཀུན་ལས་དར་རྒྱུགས་ཆེ་བར་གྱུར་པ་རེད། གྲུབ་མཐའ་འདིའི་རིགས་སུ་གྱུར་པ་དག་གིས་ནི་མིག་སྔར་གྱི་སྤྱི་ཚོགས་སྒྲིག་ལམ་ལ་དགག་རྒྱག་གི་རྣམ་འགྱུར་འཛིན་པས་ན། སུའུ་ལེན་གྱི་རྩོམ་རིག་སྨྲ་བ་ཆེན་པོ་ཀོར་ཅི་ལགས་ནས་དངོས་ཡོད་དགག་རྒྱག་རིང་ལུགས་ཞེས་པའི་མཚན་གསོལ་བར་མཛད།

དངོས་ཡོད་དགག་རྒྱག་རིང་ལུགས་ནི་འཆར་ཡན་རིང་ལུགས་ཀྱི་རྨང་གཞིའི་སྟེང་ནས་དར་ཁྱབ་དང་འཕེལ་རྒྱས་སུ་བྱུང་བར་མངོན། གྲུབ་མཐའ་སྔ་ཕྱི་གཉིས་ཀས་ཀྱང་མི་སེར་དཀྱུས་མའི་སྐྱིད་སྡུག་བདག་གིར་བཞེས་ཤིང་། སྐུ་དྲག་མི་དྲག་དང་མ་རྩ་རིང་ལུགས་ཀྱི་ཉམ་ང་རུལ་སུངས་ལ་དགག་བཞག་མཐའ་གཅིག་ཏུ་སྤྲོས་པས་ན། དམངས་གཙོ་རིང་ལུགས་དང་མི་ཆོས་རིང་ལུགས་ཀྱི་བསམ་བློ་ལྡན་པར་སྨྲ། འཆར་ཡན་རིང་ལུགས་ཀྱི་རྩོམ་པའི་ཁྱུ་མཆོག་སྐོར་ཞིག་དུས་ཕྱིས་སུ་དངོས་ཡོད་རིང་ལུགས་ཀྱི་གསར་རྩོམ་ལམ་བུར་ཞུགས་པ་རེད།

དངོས་ཡོད་དགག་རྒྱག་རིང་ལུགས་ཀྱི་རྩོམ་རིག་དེ་ཐོག་མར་ཧྥ་རན་སེ་རྒྱལ་ཁབ་ཏུ་བྱུང་བ་དང་། རིམ་བཞིན་དབྱིན་ཇི་དང་ཨུ་རུ་སུའི་རྒྱལ་ཁབ་ཁག་ཏུའང་དར་སྤེལ་བྱུང་། དུས་མཉམ་དུ་ཡོ་རོབ་དང་ཨ་རི་སོགས་ས་ཆ་གཞན་དུའང་འབྲས་བུ་ཁུར་དུ་ལྕི་བ་བྱུང་ངོ་།།

ཧྥ་རན་སེ་ནི་དངོས་ཡོད་དགག་རྒྱག་རིང་ལུགས་ཆེས་དར་ཁྱབ་ཆེ་བའི་རྒྱལ་ཁབ་ཅིག་རེད། སྤྱི་ལོ1830ལོར་སི་ཐང་ཏཱ་ལགས་ནས་མཛད་པའི་སྒྲུང་རིང《དམར་པོ་དང་ནག་པོ》་ཞེས་པ་པར་དུ་བསྐྲུན་པ་དེས་ནི་དངོས་ཡོད་རིང་ལུགས་ཀྱི་བརྩམས་ཆོས་དང་བོ་འཇིག་རྟེན་གྱི་ལྟད་མོ་མངོན་པ་ཡོངས་སུ་མཚོན། དེ་ཡང་ཧྥ་རན་སེའི་རྩོམ་རིག་མཁན་པོ་པར་ཀྲ་ཁེ་ལགས་ཀྱིས་དངོས་ཡོད་དགག་རྒྱག་རིང་ལུགས་ཀྱི་རྩོམ་རིག་དེ་གསར་རྩོམ་ལག་ལེན་དང་གཞུང་ལུགས་འཛུགས་སྐྲུན་ཉིས་ཐད་ནས་རྩེ་མོའི་རྩེ་མོར་བསྐྱལ་བ་རེད། དགུང་གྲངས་ཉི་ཤུ་ལྷག་གི་གསར་རྩོམ་གྱི་མཛད་བཟང་རྒྱུན་བསྐྱངས་པའི་འབྲས་བུར། སྒྲུང་གཏམ96གིས་གྲུབ་པའི་བརྩམས་ཆོས་ཆེན་པོ《མི་ཡུལ་གྱི་སྤྲོ་གར》ཞེས་པ་ཀློག་མཁན་དགྱེས་པའི་དགའ་སྟོན་དུ་སྨིན། དེའི་ཁྲོད་དུ《ཀི་ལང་ཐེ》་ཞེས་པ་དང《ཀོ་ལི་ཐིག》ཅེས་པ་སོགས་འཐུས་ཚབ་བརྩམས་ཆོས་འདུ། 《མི་ཡུལ་གྱི་སྤྲོ་གར》ཞེས་པར་མི་སྣ་2400ལྷག་གི་སྣང་བརྙན་བཞེང་སྐྲུན་གནང་འདུག་ལ། མི་ཚོས་ཧྥ་རན་སེའི་ཟུར་ངོས་ཀུན་འཛོམས་ཀྱི་གསུང་རབ་ཏུ་བསྔགས་པར་བྱེད་དོ།། གཞན་ཡང་། མོ་པོ་སང་ལགས་ནི་ཧྥ་རན་སེའི་སྒྲུང་གཏམ་འབྲིང་ཐུང་གྲས་འབྲི་མཁན་གྱི་ཁྱུ་མཆོག་ཡིན་ལ། 《ལུག་ཚིལ་རིལ་བུ》དང《བདག་གི་ཁུ་བོ་དབྱི་ལི》《མགུལ་རྒྱན》ཞེས་པ་བཅས་ནི་འཛམ་གླིང་ན་མིང་དུ་གྲགས་ཤིང་། མ་རྩ་རིང་ལུགས་ཀྱི་ཧམ་སྲེད་འདོད་བརྐམ་དང་བཅས་པར་དགག་པ་མཐིལ་ཕྱིན་དུ་མཛད་ཡོད་པ་རེད།

狄更斯.jpgཏི་ཀི་སི་ལགས་ནི་དུས་རབས་བཅུ་དགུ་བར་དབྱིན་ཇི་རྒྱལ་ཁབ་ཏུ་བྱོན་པའི་དངོས་ཡོད་དགག་རྒྱག་རིང་ལུགས་ཀྱི་འཐུས་ཚབ་མི་སྣ་ཡིན་ལ། མི་ཆོས་རིང་ལུགས་ཀྱི་བསམ་བློ་དང་བཞད་གད་ཟུར་ཟའི་ལག་ཐབས་ཀྱིས་ཕྱུག་པའི་རྩོམ་པ་པོ་སྟེ། ཁོང་གི་བརྩམས་ཆོས་གྲགས་ཆེན་ལ། 《སྨུག་གྲོང་གི་དྭ་ཕྲུག》ཅེས་པ་དང་། 《མཁར་ཟུང་ཟིན་ཐོ》ཞེས་པ་སོགས་བགྲང་གིས་མི་ལངས། བརྩམས་ཆོས་དེ་དག་གིས་ཡར་རྒྱལ་པོ་ནས་མར་སྤྲང་པོའི་བར་གྱི་འཚོ་བ་མཚོན་པའི་དུས་མཚུངས་སུ། འབྱོར་ལྡན་གྲལ་རིམ་གྱིས་འབངས་ཕལ་བར་བཤུ་གཞོག་གཉའ་གནོན་བྱེད་པའི་ངང་ཚུལ་སྐྱུགས་བྲོ་བ་དག་ལ་དགག་པ་ཚ་ནན་དུ་བཏང་ཡོད། གཞན་ཡང་། ཞཱ་ལོ་ཏི་དང་ཨེ་མི་ལེ་དང་། ཆོ་ཀྲི་སོགས་ལྕམ་སྲིང་གསུམ་གྱིས་མཚོན་པའི་བུད་མེད་རྩོམ་པ་པོའང་མཆིས་ཏེ། བརྩམས་ཆོས་གྲགས་ཆེན་ལ་དཔེར་ན《ཅན་ཨེ》ཞེས་པ་དང་། 《འུར་ཟིང་གི་རི་གྲོང》ཞེས་པ་དང་། 《ཧྥེ་ལོ་སི་གཙང་ངོས་ཀྱི་རང་འཐག》ཅེས་པ་བཞུགས་སོ།།

སྙན་ངག་པ་ཆེན་པོ་ཕུ་ཧྲི་ཁེན་གྱི་རྗེས་སུ། ཨུ་རུ་སུའི་རྒྱལ་ཁབ་ཏི་ཀོ་ཀི་ལེ་དང་། ཏོལ་ཟི་ཏོ་ཡེ་ཧྥུ་སི་ཁེ། ཏོལ་སི་ཐེ། ཆི་ཁི་ཧྥུ་སོགས་དངོས་ཡོད་དགག་རྒྱག་རིང་ལུགས་ཀྱི་རྩོམ་པ་པོ་མང་པོ་འཁྲུངས་ཤིང་། ཁོང་པ་རྣམས་ནས་འཐབ་རྩོད་ཀྱི་སྙུག་རྩེ་བཀས་བཀོད་ཞིང་བྲན་རིང་ལུགས་དང་ཧྲ་ཧོང་གོང་མའི་སྒེར་གཅོད་ལམ་ལུགས་ལ་གཏད་དེ། སྒྱུ་རྩལ་དང་བསམ་བློ་ཉིས་ཆ་ནས་ཁྱད་དུ་འཕགས་པའི་བརྩམས་ཆོས་འབོར་ཆེན་བརྩམས་གྲུབ་མཛད། དེའི་ཁྲོད་དུ། ཏོལ་སི་ཐེ་མཆོག་ནི་སྙན་གྲགས་ས་སྟེང་དུ་ཁྱབ་པ་ཞིག་སྟེ། ཁོང་གི་འཐུས་ཚབ་བརྩམས་ཆོས་ལ《འཐབ་འཁྲུག་དང་ཞི་བདེ》《ཨན་ན་ཁ་ལེ་ཉི་ན》《བསྐྱར་གསོན》ཞེས་པ་སོགས་བཞུགས་ཤིང་། བརྩམས་ཆོས་དེ་གསུམ་པོས་ཨུ་རུ་སིའི་དངོས་ཡོད་དགག་རྒྱག་རིང་ལུགས་ཀྱི་གསར་རྩོམ་ཆུ་ཚད་ཆེས་མཐོ་ཤོས་སུ་བསླེབས་པར་བྱས་སོ།།

གཞན་ཡང་། རྒྱལ་ཁབ་དང་ཡུལ་གྲུ་གཞན་དག་ཏུ། དཔེར་ན། ཨན་ཐུའུ་ཧྲིན་དང་མར་ཁེ་ཐུའུ་ཝུན་སོགས་དངོས་ཡོད་དགག་རྒྱག་རིང་ལུགས་ཀྱི་སྐྱེས་ཆེན་མང་དུ་བྱོན་མྱོང་ངོ་།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-08-18

གསར་སྤེལ་མཁན། :གཡང་སྒྲོལ་མ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།