ཆོས་ལུགས་བཅོས་བསྒྱུར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆོས་ལུགས་བཅོས་བསྒྱུར།
དུས་རབས་བཅུ་དྲུག་པའི་དུས་མགོ་ནས་དུས་རབས་བཅུ་བདུན་པའི་དུས་དཀྱིལ་དུ། མ་རྩ་རིང་ལུགས་དང་རིག་རྩལ་བསྐྱར་དར་གྱི་ལས་འགུལ་བྱུང་བ་དང་བསྟུན། ཆོས་རྒྱལ་གྱི་དབང་ཆ་རིམ་བཞིན་ཉམས་རྒུད་དུ་གྱུར་པ་དང་། གསར་དར་གྱི་མ་རྩ་གྲལ་རིམ་གྱིས་སྣེ་དྲངས་ཤིང་། རྒྱ་ཆེའི་ཞིང་པ་དང་གྲོང་ཁྱེར་པ་དག་རྗེས་སུ་འབྲངས་ཐོག ས་སྐྱོང་རེ་གཉིས་རྒྱབ་རྩར་ལངས་པའི་ཆོས་ལུགས་བཅོས་བསྒྱུར་གྱི་ཚ་རླབས་ཤིག་ཡོ་རོབ་གླིང་གི་ཕྱོགས་མཚམས་ཀུན་ལ་ཁྱབ། སྔ་རྗེས་སུ། འཇར་མན་གྱི་མཱ་ཏེན་ལུའུ་ཏི་ལགས་ཀྱི་ཆོས་ལུགས་བཅོས་བསྒྱུར་དང་། ཅ་ཨར་ཝེན་གྱི་ཆོས་ལུགས་བཅོས་བསྒྱུར་སོགས་རིམ་པར་བྱུང་། ཆོས་ལུགས་བཅོས་བསྒྱུར་གྱི་ལས་འགུལ་དེ་ནི་དོན་དམ་དུ་བསམ་བློའི་གསར་བརྗེ་ཐེངས་ཤིག་རེད་ལ། དེས་ནི་ཆོས་ལུགས་དད་མོས་དང་རིག་གནས་བསམ་བློ་བཅས་པར་འགྱུར་བ་ཟབ་མོ་བཏང་། དེ་ནས་བཟུང་སྟེ། ཡེ་ཤུ་ཆོས་ལུགས་ལ་གནམ་བདག་ཆོས་ལུགས་དང་ཏུང་ཀྲིན་ཆོས་ལུགས་དང་ཆོས་ལུགས་གསར་མ་གསུམ་གྱི་གྲུབ་མཐའ་བྱུང་། ཆོས་ལུགས་བཅོས་བསྒྱུར་གྱི་ལས་འགུལ་ནི་རིག་རྩལ་བསྐྱར་དར་གྱི་བྱུང་འཕེལ་དང་འབྲེལ་བ་དམ་ཟབ་མཆིས། རིག་རྩལ་བསྐྱར་དར་གྱི་སྐབས་སུ། མི་ཆོས་རིང་ལུགས་སྨྲ་བ་དག་གིས་རྩོམ་རིག་སྒྱུ་རྩལ་ལམ་ཡང་ན་རྣམ་པ་གཞན་དག་ལ་བརྟེན་ནས་གནམ་བདག་ཆོས་ལུགས་ཀྱི་རུལ་སུངས་ལ་དགག་རྒྱག་གཏིང་ཐུབ་དུ་བྱས་པ་དང་། དེ་དང་འབྲེལ་ཏེ་མི་ཆོས་རིང་ལུགས་ཀྱི་བསམ་བློ་སྣ་ཚོགས་བྱུང་བར་བརྟེན། མཱ་ཏེན་ལུའུ་ཏི་ལགས་ཀྱིས་ཆོས་ལུགས་བཅོས་བསྒྱུར་ལ་ཤེས་རིག་གི་གསོ་བཅུད་མང་དུ་བསྩལ་ཏོ།།
གཞི་རྩའི་གནས་ཚུལ།

ཕྱི་ཡིག་གི་མིང་།
Religious reform
མཚོན་རྟགས།
《རྩ་ཚིག་གི་དཔྱད་པ་གོ་དགུ་མ།》
1 མཱ་ཏེན་ལུའུ་ཏི་དང་འཇར་མན་གྱི་ཆོས་ལུགས་བཅོས་བསྒྱུར།

དུས་རབས་བཅོ་ལྔ་བའི་དུས་མཇུག་དང་དུས་རབས་བཅུ་དྲུག་པའི་དུས་མཇུག་ཏུ། འཇར་མན་རྒྱལ་ཁབ་དེ་དབྱིན་ཧྥ་གཉིས་དང་བསྡུར་ན། དཔལ་འབྱོར་ད་དུང་རྗེས་ལུས་ཡིན་པ་དང་། རྒྱལ་ཁབ་ཁ་ཐོར་ཡ་བྲལ་གྱི་ངང་ཚུལ་དུ་ལུས་འདུག དེར་བརྟེན། རོ་མའི་ཆོས་སྐྱོང་སྲིད་གཞུང་གིས་འཇར་མན་གྱི་གནས་ཚུལ་དམིགས་བསལ་བ་དེར་བལྟས་ནས་རྐམ་སྲེད་ཀྱི་འགྲམ་ཆུ་ལྡང་ཞིང་། ལོ་རེ་བཞིན་དུ་འཇར་མན་ནས་རྒྱུ་འབྱོར་བ་འབོར་ཆེན་བསླུ་ལེན་བྱས་པ་རེད། དུས་སྐབས་དེར་འཇར་མན་ནི་ཆོས་རྒྱལ་གྱི་བཞོན་མར་འབོད་པའང་ཡོད། ཕྱིས་སུ། འཇར་མན་གྱི་དཔལ་འབྱོར་འཕེལ་རྒྱས་སུ་ཕྱིན་པ་དང་། མི་རིགས་ཀྱི་གོ་རྟོགས་སད་པའི་རྒྱུ་མཚན་གྱིས་རོ་མའི་ཆོས་གཞུང་ལ་ཉིན་བཞིན་མི་དགའ་བའི་རྣམ་འགྱུར་ཇེ་དྲག་ནས་ཇེ་དྲག་ཏུ་གྱུར།

མཱ་ཏེན་ལུའུ་ཏི་མཆོག་ནི་ཝེ་ཏིན་པོ་སློབ་ཆེན་གྱི་ལྷ་རིག་སྨྲ་བའི་བྷོ་ཧྲི་ཡིན་ལ། སློབ་མཐར་ཕྱིན་རྗེས་མ་ཡུམ་སློབ་ཆེན་གྱི་དགེ་རྒན་དུ་བཞུགས་མྱོང་། ཁོང་གིས་རང་ཉིད་ཀྱི་སྐྱེས་སྦྱངས་ལ་བརྟེན་ནས་ཆོས་ལུགས་ཞིབ་འཇུག་གཏིང་ཟབ་ཏུ་གནང་ཞིང་། ལྟ་བའི་ཆ་ནས་ཡེ་ཤུ་ཆོས་ལུགས་ཀྱི་རྩ་ཚིག་ལ་དོགས་སློང་མཛད་པར་མ་ཟད། ཆོས་རྒྱལ་གྱི་དབང་གྲགས་གཏན་ནས་ཁས་མི་ལེན། སྤྱི་ལོ1517ལོར། ཆོས་རྒྱལ་གྱིས་འཇར་མན་ཏུ་ལྟུང་བཤགས་ཀྱིན་རིན་དོད་བསྡུས་པའི་སྐབས་སུ། མཱ་ཏེན་ལུའུ་ཏི་ལགས་ཁོང་ཁྲོས་མ་བཟོད་པར་ཝེ་ཏིན་པོ་ཆོས་ཁང་ཆེན་མོའི་སྒོ་ཆེན་དུ། 《རྩ་ཚིག་གི་དཔྱད་པ་གོ་དགུ་མ》ཞེས་པ་སྦྱར་ཞིང་། ཟུར་དང་ངོས་གང་རུང་ནས་ཆོས་རྒྱལ་གྱི་བྱ་སྤྱོད་དེའི་རིགས་ལ་དགག་པ་ཚ་ནན་དུ་བཏང་སྟེ། སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་ནས་རྒྱབ་སྐྱོར་དང་ཁས་ལེན་ཐོབ་ཅིང་། ཆོས་ལུགས་བཅོས་བསྒྱུར་གྱི་ཡོ་ལང་རྒྱས་མགོ་བརྩམས།

རྩ་ཚིག་གོ་དགུ་མའི་བསྒྲུབ་བྱ་གཙོ་བོ་ནི། ཆོས་འཆད་མཁན་ནམ་ཆོས་བདག་ནི་མི་དང་དཀོན་མཆོག་བར་གྱི་སྨྱན་པ་མིན་ལ། མིས་རང་ཉིད་ཀྱི་དད་པ་མི་བསླུ་བར་བསྟེན་ན་ད་གཟོད་དཀོན་མཆོག་གིས་རྗེས་སུ་འཛིན་པ་རེད། གཞན་ཡང《དམ་པའི་གསུང་རབ》ཀྱི་བསྟན་དོན་ངོ་མ་ཁས་ལེན་པ་ལས་ཆོས་ཚོགས་ཀྱི་བཀའ་ཁྱབ་ལ་རྟོན་མི་རུང་ངོ་།། དེའི་རྗེས་སུ། ཁོང་གིས《འཇར་མན་གྱི་ཡེ་ཤེ་ཆོས་ལུགས་པར་སྤྲིངས་པའི་འཕྲིན》ཞེས་པ་དང་། 《ཡེ་ཤུ་ཆོས་ལུགས་པའི་རང་དབང》ཞེས་པ་སོགས་བརྩམས་ཆོས་འབོར་ཆེན་བརྩམས་པ་དང་། བརྩམས་ཆོས་དེ་དག་ཏུ་ཁོང་གི་ཆོས་ལུགས་བཅོས་བསྒྱུར་གྱི་དགོངས་པ་གལ་ཆེན་མཚོན་འདུག་པ་དཔེར་ན། བསྲི་ཚགས་གྲོན་ཆུང་ཅན་གྱི་ཆོས་ཚོགས་འཛུགས་དགོས་པ་སྟེ། བྱབས་ཁྲུས་དང་ཇ་མཆོད་ཀྱི་ཆོ་ག་ལས་གཞན་པའི་བྱེད་སྒོ་མཐའ་དག་སྤོང་བ་དང་། རོ་མའི་ཆོས་ཚོགས་ཀྱི་དབང་ཆ་བླ་ན་མེད་པ་དག་ད་ནས་བཟུང་སྟེ་བརྩི་འཁུར་གྱི་ཡུལ་དུ་བྱར་མི་རུང་བ་བཅས་སོ།།

2 ཅ་ཨར་ཝེན་གྱི་ཆོས་ལུགས་བཅོས་བསྒྱུར།

ཅ་ཨར་ཝེན་ནི་ཧྥ་རན་སེ་རྒྱལ་ཁབ་ཏུ་སྐུ་འཁྲུངས་ཤིང་། ལུའུ་ཏི་ལགས་ཀྱི་ཤན་ཤུགས་ཐེབས་འོག ཆོས་ལུགས་བཅོས་བསྒྱུར་གྱི་ལྟ་བ་བཏོན་ཏེ། ཧྥ་རན་སེའི་ཆོས་ཚོགས་ཀྱི་མནར་གཅོད་ཐེབས་ཤིང་། མཐར་སུའུ་ཙེར་རྒྱལ་ཁབ་ཏུ་ཡུལ་གྱར་བྱུང་།

སྤྱི་ལོ1534ལོར《ཡེ་ཤུ་ཆོས་ལུགས་ཀྱི་རྩ་གཞུང》ཞེས་པའི་དཔེ་ཆ་བརྩམས་ཤིང་། གཞུང་དེར་ཁོང་གིས་ཀྱང་མི་བསླུ་པའི་དད་པར་བསྟེན་ན་དཀོན་མཆོག་གིས་རྗེས་སུ་འཛིན་འགྱུར་དང་། གྲོན་ཆུང་བསྲི་ཚགས་ཅན་གྱི་ཆོས་ཚོགས་འཛུགས་དགོས་པའི་ལྟ་བ་བཏོན་པ་ལས་གཞན། སྙིང་བོའི་སྙིང་བོར་གྱུར་བ་ནི། འགྲོ་མིའི་ལས་དབང་མ་ལུས་ཀུན་མཁྱེན་ཀུན་བཟོད་ཅན་གྱི་དཀོན་མཆོག་གིས་སྔར་ནས་ཐག་བཅད་ཡོད་ཅིང་། ཐག་བཅད་དེའི་ནང་བཞིན་དུ། རང་ཉིད་ཀྱི་གདུལ་བྱར་གྱུར་པ་ཅན་རྣམས་དག་ཞིང་དུ་འདྲེན་པ་དང་། གདུལ་བྱར་མ་གྱུར་པ་རྣམས་ཕྱིར་མི་ལྡོག་པའི་དམྱལ་ཁམས་སུ་བརྫང་བར་གྱུར། དེས་ན་ད་ལྟའི་དུས་ཀྱི་གདུལ་བྱ་པ་དག་གི་ལས་འགན་ནི་རང་ཉིད་དཀོན་མཆོག་ལ་དད་པའི་ཆ་ནས། དམ་པའི་གསུང་རབ་ལས་གསུངས་པ་ལྟར་དུ་སྦྱོར་བ་ཅི་རིགས་རྩོམ་དགོས་པ་དེའོ།།

གཞན་ཡང་། ཁོང་གིས་རྒན་རབས་ལམ་ལུགས་ཀྱི་ཆོས་ཚོགས་འཛུགས་དགོས་པའི་ལྟ་བ་བཏོན་པ་སྟེ། ཆོས་ཚོགས་ཀྱི་གོ་གནས་ནི་ཆོས་པ་རྒན་རབས་པ་དང་། ཆོས་དཔོན། ལས་འཛིན་གསུམ་གྱིས་གྲུབ་དགོས་པ་རེད། དེའི་ཁྲོད་དུ། རྒན་རབས་དག་ནི་ཆོས་ཚོགས་ཀྱི་དབང་ཆ་མཐོ་ཤོས་ཏེ། དད་ལྡན་པའི་ཁྲོད་ནས་མི་སྣ་བཅུ་གཉིས་བདམས་ནས་གྲུབ་པ་དང་། དེའི་དབང་ཆ་ནི་ཆོས་ཚོགས་ཀྱི་ལས་བྱ་སྤྱི་དང་། སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་སྒྲིག་ལམ་ལ་ལྟ་རྟོག་བྱེད་དགོས་པ་རེད། ཆོས་དཔོན་གྱི་འགན་དབང་ནི་སློབ་ཁྲིད་ཀྱི་བྱ་བ་དང་དམ་པའི་གསུང་རབ་ཀྱི་དགོངས་འགྲེལ་གནང་རྒྱུ་དེ་རེད། དེའི་བྱིངས་ཀྱི་ལས་བྱ་རྣམས་རིམ་པ་བཞིན་དུ་ལས་འཛིན་རྣམས་ཀྱིས་སྒྲུབ་དགོས་པར་བསྟན། དེ་བས་རྒན་རབས་ལམ་ལུགས་ཀྱི་ཆོས་ཚོགས་ལ་དམངས་གཙོའི་ཁྱད་ཆོས་ངེས་ཅན་ལྡན་འདུག

གོང་སྨྲས་ཀྱི་ཆོས་ལུགས་བཅོས་བསྒྱུར་ལས་གཞན། དབྱིན་ཇི་རྒྱལ་ཁབ་ཏུ་བྱུང་བའི་ཆོས་ལུགས་བཅོས་བསྒྱུར་གྱི་ལས་འགུལ་སོགས་ཀྱང་ཡོང་མོད་ཀྱི། སྤྱིའི་ཆ་ནས་མི་འདྲ་ས་མེད་པས་རེ་ཞིག་འདིར་བསྐངས་པ་ལགས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-08-18

གསར་སྤེལ་མཁན། :གཡང་སྒྲོལ་མ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།