གཙང་ཆེན་གཉིས་རྒྱུད་ཀྱི་གནའ་རབས་རིག་གནས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཙང་ཆེན་གཉིས་རྒྱུད་ཀྱི་གནའ་རབས་རིག་གནས།
ཡ་གླིང་ནུབ་མའི་ཡུ་ཧྥ་ལ་ཏི་གཙང་པོ་དང་ཏི་ཀི་ལེ་སི་གཙང་པོ་གཉིས་ནི་ནུབ་བྱང་ཕྱོགས་ནས་ལྷོ་ནུབ་ཕྱོགས་སུ་འབབ་ཅིང་། དེ་གཉིས་བཞུར་བའི་ས་ཁོངས་ཆེན་པོ་དེར་གཙང་ཆེན་གཉིས་རྒྱུད་ཅེས་ཀྱང་འབོད་པར་བྱེད། གནས་དེའི་ས་གཤིས་ལེགས་ཤིང་འགྲིམ་འགྲུལ་གྱི་གོ་བབ་གལ་ཆེན་བཟུང་ཡོད་ལ། མི་ལོ5000ལྷག་གི་གོང་རོལ་ནས་མིའི་རིགས་ཀྱི་ཞབས་རྗེས་འཁོད་ཅིང་། ཤེས་རིག་གི་མེ་ཏོག་བཞད། ས་ཁོངས་མི་གཅིག་པའི་མི་རིགས་སོ་སོས་གནས་དེ་རེས་མོས་སུ་བདག་གིར་བཟུང་སྟེ། ཕན་ཚུན་འདྲེས་ཤིང་འདྲེས་པའི་ཤུགས་རྐྱེན་འོག་ཏུ། རྣམ་པ་དུ་མར་སྣང་བའི་གཙང་ཆེན་གཉིས་རྒྱུད་ཀྱི་གནའ་རབས་ཤེས་རིག་བསྐྲུན།
1 རང་བྱུང་ཚན་རིག

སྤྱི་ཚོགས་ཐོན་སྐྱེད་དང་འཚོ་བའི་དགོས་མཁོའི་དབང་གིས་རང་བྱུང་ཚན་རིག་དར་མགོ་བརྩམས། གནའ་རབས་གཙང་ཆེན་གཉིས་རྒྱུད་ཀྱི་ཞིང་ལས་ལག་རྩལ་དར་རྒྱས་སུ་ཕྱིན་པ་དང་བསྟུན། ལི་ཐོའི་དགོས་མཁོའང་ཉིན་བཞིན་སྐོམ་པ་ཆུ་འདོད་ལྟར་དུ་གྱུར། དེའི་དུས་མི་རྣམས་ཀྱིས་ཟླ་བའི་བྲི་གང་ལ་བརྟག་དཔྱད་ཞིབ་འཇུག་བྱས་པའི་རྨང་གཞིའི་ཐོག་ལུགས་རྙིང་གི་ལི་ཐོ་གཏན་ལ་ཕབ་ཅིང་། ཟླ་བའི་འཕེལ་འགྲིབ་གཅིག་གི་ཡུན་ཚད་དེ་ཟླ་བ་གཅིག་ལ་བྱས། ཟླ་བ་རེ་ལ་ཉི་མ་ཉེར་དགུའམ་སུམ་ཅུ་དང་། ལོ་རེར་ཟླ་བ་བཅུ་གཉིས་དང་། ལོ་གཅིག་ལ་ཉི་མ་སུམ་བརྒྱ་ང་བཞིར་ཐག་བཅད། དེ་ནི་སའི་གོ་ལ་ཉི་མར་བསྐོར་ཐེངས་གཅིག་ལ་ཉིན་བཅུ་གཅིག་གིས་ཉུང་བས་ན། ཁོང་པ་ཚོས་ཟླ་ལྷག་བརྩིས་ཏེ་གནད་དོན་སེལ་བར་བྱས་ཤིང་། ལོ་མང་གེ་མོ་ཞིག་ལ་ཟླ་བ་བཅུ་གསུམ་འབྱུང་བ་རེད། 

གནའ་བོའི་པཱ་པི་ལོན་རྒྱལ་རབས་ཀྱི་སྐབས་སུ། མི་རྣམས་ཀྱིས་བརྟན་སྐར་དང་རྒྱུ་སྐར་ཆེན་པོ་ལྔའི་བར་གྱི་ཁྱད་པར་ཤེས་པས་མི་ཚད། སྐར་རིས་ཀྱང་གསར་དུ་བཟོས་ཤིང་། ནམ་མཁའི་སྐར་མ་དེ་དག་གི་ཁ་ཕྱོགས་གཞིར་བྱས་ཏེ་སྐར་ཁྱིམ་བཅུ་གཉིས་སུ་བགོས་པ་དང་། ད་ལྟ་ང་ཚོས་ཉི་མའི་འཁོར་ལམ་དུ་འབོད་པའང་དུས་དེ་ནས་བྱུང་བར་མངོན།
  པཱ་པི་ལོན་རྒྱལ་རབས་གསར་མའི་དུས་སྐབས་སུ། གཙང་ཆེན་གཉིས་རྒྱུད་དུ་ཆེས་ཐོག་མར་གཟའ་འཁོར་ཞེས་པའི་ཐ་སྙད་བྱུང་ཞིང་། ཁོང་པ་ཚོས་ཟླ་གཅིག་དེ་གཟའ་འཁོར་བཞི་རུ་བགོས་པ་དང་། གཟའ་འཁོར་གཅིག་ལ་ཉིན་བདུན་ཡོད་པ་བྱས་ཐོག ཉི་མ་རེ་རེ་ཉི་མའི་ལྷ་དང་ཟླ་བའི་ལྷ། གཞན་ས་ཆུ་མེ་ལྕགས་ཤིང་བཅས་ཀྱིས་རེས་མོས་སུ་བསྐོར་བར་ངོས་བཟུང་འདུག ཉི་མ་བརྩི་ཚུལ་འདི་ནི་ས་ཁྱབ་རྡོ་ཁྱབ་དུ་གྱུར་ཏེ་དུས་ད་ལྟར་ཐུག་ཡོད་པ་རེད།

གཙང་ཆེན་གཉིས་རྒྱུད་ཀྱི་ས་བབ་ནི་འགྲུལ་ལམ་གལ་ཆེན་ཡིན་པའི་དབང་གིས། ས་དེ་གའི་མི་རྣམས་ཚོང་ལས་ལ་བློ་མོས་ཤིང་དེར་མཁས། རྐྱེན་དེ་དང་དེ་འདྲའི་དབང་གིས་ཚོང་རྩིས་ཞིབ་མོ་རྒྱག་པའི་དགོས་མཁོ་ཇེ་ཆེར་གྱུར་པ་དང་། རིམ་བཞིན་རྩིས་རིག་དར་མགོ་བརྩམས་པ་སྟེ། ཁོང་པ་ཚོས་གྲངས་གནས་བཅུ་འཕར་གྱི་གནས་ལུགས་ཤེས་པས་མི་ཚད། གྲངས་གནས་དྲུག་ཅུ་འཕར་ལུགས་ཀྱང་བློ་ཁོག་ཏུ་ཆུད་དེ་སྒོར་མཐའ་དང་དུས་ཚོད་བརྩི་ལུགས་ལ་སྟབས་བདེ་མི་ཉུང་བ་བཟོས། སྐབས་དེར། སྒོར་མཐའ་གཅིག་གི་ཚད་ལ360ཡིན་པ་དང་། ཉིན་གཅིག་དེ་དུས་ཚོད་བཅུ་གཉིས་སུ་བགོས་ཤིང་།  དུས་ཚོད་གཅིག་ལ་ཝུ་སི་སུམ་ཅུར་བྱས་ཏེ་བསྡོམས་པས་ཉི་མ་གཅིག་ལ་ཝུ་སི360ཡོད་པར་བྱས། གཞན་ཡང་མཐའ་མང་དབྱིབས་དང་སྐས་དབྱིབས་བརྩི་ཚུལ་ཡང་ཁོང་དུ་ཆུད་འདུག ད་དུང་། རྒྱལ་ཁབ་གཞུང་ནས་གཅིག་གྱུར་སྒོས་རིང་ཐུང་ལྕི་ཡང་སོགས་ཀྱི་ཚད་གཞི་གཏན་ལ་ཕབ་པའོ།།

2 ཡི་གེ་དང་རྩོམ་རིག

སྤྱི་ལོའི་སྔོན་གྱི་ལོ་ངོ3500ཡས་མས་སུ། སུའུ་མེར་པ་རྣམས་ཀྱིས་རྡོ་ངོས་དག་ཏུ་རི་མོའི་ཡི་གེ་བརྐོས་ཤིང་། སྤྱི་ལོ་སྔོན་གྱི་ལོ་ངོ3000ཡས་མས་སུ། ཁོང་པ་ཚོས་འདམ་རྩྭའི་གཞུང་རྟ་བེད་སྤྱད་དེ་ཡིག་རིས་དེ་དག་ཕྱེད་མ་བསྐམས་ཀྱི་འདམ་གཞོང་དུ་སྦྱར་ཐོག ཉི་མར་སྐེམ་པའམ་མེ་བསྲེགས་རྒྱག་པའི་སྲོལ་བཏོད་ཅིང་། དེའི་དབྱིབས་ཚུགས་ནི་ཤིང་གཟེར་དང་འདྲ་བས། ང་ཚོས་དེ་ལ་གཟེར་ཡིག་ཅེས་བོས་པ་ཡིན། གཟེར་ཡིག་གསར་བཏོད་བྱས་རྗེས་སུ། གཙང་ཆེན་གཉིས་བརྒྱུད་ཀྱི་ཕྱོགས་དང་མཚམས་སུ་ཁྱབ་གདལ་དུ་གྱུར་ཅིང་རྒྱུན་འཛིན་དར་སྤེལ་གནང་། ལྷག་པར་དུ། ཡ་གླིང་ནུབ་མའི་ཁྱབ་ཁོངས་སུ་སུའུ་མེར་ལྟེ་བ་བྱས་ཏེ་གཟེར་ཡིག་རིག་གནས་ཀྱི་ཁོར་ཡུག་ཁྱུད་མོ་ཆགས། དེར་མ་ཟད། གཟེར་ཡིག་གིས་ནི་གནའ་རབས་ཨེབ་ཅི་དང་ཧྥེ་ཅི་ཉི་པ་རྣམས་ཀྱི་ཡི་གེ་གསར་བཟོ་ཐད་ལའང་ཤུགས་རྐྱེན་མི་ཉུང་བ་བཟོས། བགྲང་བྱ་སུམ་སྟོང་ལྷག་གི་ལོ་ཟླའི་ཆར་ཆུ་དང་གཙང་ཆེན་གཉིས་ནས་ལུད་པའི་བྱེ་འདམ་སོགས་ཀྱིས་གཟེར་ཡིག་དེ་འབྱུང་བའི་ཁམས་སུ་བསྣུབས་ཤིང་། སྤྱི་ལོ་ཚུགས་མ་ཐག་པའི་གཡས་གཡོན་དུ་དེ་ལས་ཀྱང་སྔོན་དུ་ཐོན་པའི་སྒྲ་སྦྱོར་ཡི་གེས་འཐུས་པར་བྱས།

རང་བྱུང་ས་བབ་དང་། མི་རིགས་ཀྱི་གྲུབ་སྟངས། དཔལ་འབྱོར་གྱི་རྣམ་པ། གཞན་ཡང་འཐབ་རྩོད་འཁྲུག་སློང་དང་ཆབ་སྲིད་ཀྱི་འགྱུར་ལྡོག་སྣ་ཚོགས་ཀྱིས་བློ་གྲོས་ལྡན་པའི་གཙང་ཆེན་གཉིས་རྒྱུད་ཀྱི་མི་དམངས་མང་ཚོགས་ལ་རྩོམ་རིག་གི་རྒྱུ་ཆ་དཔག་མེད་དུ་བསྩལ་ཅིང་། ཁོང་པ་ཚོས་ཀྱང་དེ་དག་ཁོལ་དུ་ཕྱུང་སྟེ་འཛམ་གླིང་ཧྲིལ་བོར་ངོམ་དུ་རུང་བའི་བརྩམས་ཆོས་མི་ཉུང་བ་མངོན་པར་བསྟབས། རྩོམ་ལུས་ལ་གཏམ་རྒྱུད་དང་ལྷ་སྒྲུང་། སྙན་ངག  ལེགས་བཤད་བཅས་མཆིས་ཤིང་། དཔེར་ན། 《ཨེ་ནོ་མ་ཨེ་ལ་ཧྲི》ཞེས་པའི་ལོ་རྒྱུས་སྙན་རྩོམ་རིང་མོ་དང་། 《ཆུ་ལོག་གི་གཏམ་རྒྱུད》ཅེས་པ་སོགས་ཡོད།  དེ་ལས་ཀྱང་ཆེས་མིང་དུ་གྲགས་པ་ནི་ལོ་རྒྱུས་སྙན་རྩོམ་རིང་མོ《ཅིར་ཅ་མེ་ཧྲི》ཞེས་པ་སྟེ། དང་པོ་སུའུ་མེར་པ་རྣམས་ནས་མགོ་བརྩམས་ཤིང་། ངག་ཐོག་ནས་མི་རབས་དུ་མར་བརྒྱུད་མཐར། སྤྱི་ལོའི་སྔོན་གྱི་ལོ་ངོ2000ཡས་མས་སུ་ཡི་གེར་ཕབ་ཅིང་གྲུབ། དེ་ནི་རྒྱལ་པོ་ཅིར་ཅ་མེ་ཧྲིའི་དཔའ་སྤོབས་མཚོན་པའི་སྙན་ངག་རིང་མོ་ཞིག་གོ །

3 ཆོས་ལུགས་དང་ཁྲིམས་ལུགས། 

རང་བྱུང་ས་བབ་དང་། མི་རིགས་ཀྱི་གྲུབ་སྟངས་མི་འདྲ་བ་དང་། ཆབ་སྲིད་ཀྱི་འགྱུར་བ་སྣ་ཚོགས་ཀྱི་དབང་གིས། གཙང་ཆེན་གཉིས་རྒྱུད་ཀྱི་ཆོས་ལུགས་ནི་ས་གནས་རང་བཞིན་དང་གུ་དོག་རང་བཞིན་དང་དུས་རབས་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན་པ་ཞིག་སྟེ། ཁྱད་ཆོས་དེ་དག་ཡོད་པའི་དབང་གིས་རྗེས་སོར་འཛམ་གླིང་རང་བཞིན་གྱི་ཆོས་ལུགས་སུ་འགྱུར་མ་ཐུབ་པ་རེད། ཡིན་ནའང་། དེས་ཡེ་ཤུ་ཆོས་ལུགས་དང་དབྱི་སི་ལན་ཆོས་ལུགས་ལ་རིག་པའི་གསོ་བཅུད་མི་ཉུང་བ་བསྩལ་ཡོད་དེ། དཔེར་ན། ཡེ་ཤུ་ཆོས་གཞུང་དམ་པའི་གསུང་རབ་ཅེས་པར་འཁོད་པའི་འཇིག་རྟེན་ཆགས་ལུགས་དང་། འགྲོ་མི་བྱུང་ཚུལ། ཆུ་ཡི་འཕྲུལ་འཁོར་བསྐོར་བ་སོགས་ནི་ཐོག་མར་གཙང་ཆེན་གཉིས་རྒྱུད་དུ་དར་བར་མཁས་ཀུན་མགྲིན་གཅིག་ཏུ་སྨྲའོ།།

གོང་སྨྲས་ས་བབ་སོགས་ཀྱི་རྒྱུ་རྐྱེན་དེ་དག་དང་། གཞན་ཡང་ཚོང་ལས་དཔལ་འབྱོར་དར་རྒྱས་སུ་ཕྱིན་པའི་དབང་གིས། ས་གནས་ཀྱི་དབང་བསྒྱུར་པས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་གཏན་འཇགས་ཀྱི་ཆེད་དུ་ཁྲིམས་སྲོལ་བཟོས་ཤིང་། སྤྱི་ལོའི་སྔོན་གྱི་ལོ་ངོ3000གྱི་དུས་དཀྱིལ་དུ། སུའུ་མེར་པ་རྣམས་ཆེས་ཐོག་མར་སྲོལ་ཁྲིམས་ལས་ཐར་ཏེ། མིའི་རིགས་ལོ་རྒྱུས་སྟེང་གི་ཁྲིམས་གཞུང་ཐོག་མ་བརྩམས་མོད་ཀྱི། ཡིད་ཕངས་པ་ཞིག་ལ་ད་སྔ་དུམ་མཚམས་རེ་གཉིས་ལས་མཇལ་རྒྱུ་དཀོན། དུས་ཕྱིས་ཀྱི་ལོ་རྒྱུས་ནང་དུ། གཙང་ཆེན་གཉིས་རྒྱུད་ཀྱི་མི་རྣམས་ཀྱིས་ཁྲིམས་གཞུང་རབས་དང་རིམ་པ་བརྩམས་ཤིང་། དེའི་ཁྲོད་དུ་ཆེས་མིང་གྲགས་ཆེ་བ་ནི《ཧན་མོ་ལ་པི་ཁྲིམས་གཞུང》ཞེས་པ་དེའོ།།

ཁྲིམས་གཞུང་དེ་ནི་རྡོ་བརྐོས་མ་ཞིག་སྟེ། མཐོ་ལ་སྨིས་གཉིས་ཚེག་གཉིས་ལྔ་ཡོད་པ་དང་། ཀླད་མཐའི་རིང་ཚད་ལ་སྨིས་གཅིག་ཚེག་དྲུག་ལྔ་དང་། ཞབས་མཐའི་རིང་ཚད་ལ་སྨིས་གཅིག་ཚེག་དགུ་ཐིག་མཆིས། ཁྲིམས་གཞུང་ནི་གཟེར་ཡིག་གིས་བརྐོས་འདུག་སྟེ། ཁྱོན་བསྡོམས་ཐིག་ཕྲེང་3500ཡོད་པ་དང་། དོན་ཚན་282འདུས་པ་ལ། སྔོན་འགྲོ་དང་གཞུང་དངོས་མཇུག་བྱང་གསུམ་གྱིས་གྲུབ། དེའི་ནང་དོན་རྒྱ་ཆེ་ཞིང་སྤྱི་ཚོགས་ཀྱི་ཕྱོགས་སོ་སོར་ཁྱབ་འདུག་ལ། མིའི་རིགས་ལོ་རྒྱུས་སྟེང་ཅུང་འཐུས་ཚང་བའི་ཡིག་ཐོག་གི་ཁྲིམས་གཞུང་དང་བོ་རེད། ཁྲིམས་གཞུང་དེས་གཙང་ཆེན་གཉིས་རྒྱུད་ཙམ་དུ་མ་ཟད། གནའ་བོའི་ཀེ་རི་སི་དང་རོ་མའི་ཁྲིམས་གཞུང་ལའང་ཤུགས་རྐྱེན་མི་དམན་པ་བཞག་ཡོད་དོ།།

4 གྲོང་ཁྱེར་དང་འཛུགས་སྐྲུན། 

གནའ་བོའི་གཙང་ཆེན་གཉིས་རྒྱུད་ནི་ཡ་གླིང་ནུབ་མའི་ཚོང་འགྲུལ་རྒྱུ་ལམ་གལ་ཆེན་ཞིག་ཡིན་པའི་དབང་གིས། ཚོང་ལས་དང་མི་ཚོགས་ཀྱི་འདུ་འགོད་ཤིན་ཏུ་རྒྱས་ཤིང་། གནས་དེར་གྲོང་དང་གྲོང་རྡལ་ནས་རིམ་བཞིན་ཆེས་ཐོག་མའི་གྲོང་ཁྱེར་གྱི་རྣམ་པ་ཆགས། ཡིན་ནའང་། འཐབ་རྩོད་འཁྲུག་སློང་ཟམ་མ་ཆད་པའི་དབང་གིས་གྲོང་ཁྱེར་དེ་དག་ཀྱང་རྟ་དམག་ཁྲི་ཕྲག་གི་རྨིག་པའི་རྡུལ་དུ་གྱུར་ཏེ། ད་ལྟ་ང་ཚོའི་མིག་གི་བགོ་སྐལ་དུ་སྨིན་མ་ནུས། གྲོང་ཁྱེར་དེ་དག་ལས་ཆེས་མིང་དུ་གྲགས་པ་ནི་པཱ་པི་ལོན་རྒྱལ་རབས་གསར་མའི་སྐབས་ཏེ། ཕལ་ཆེར་སྤྱི་ལོ་སྔོན་གྱི་ལོ་ངོ500ཡས་མས་སུ་བཞེངས་པའི་གྲོང་ཁྱེར་པཱ་པི་ལོན་ཞུ་བ་དེ་རེད། གྲོང་ཁྱེར་གྱི་བཟོ་བཀོད་རྒྱ་ཆེ་ཞིང་། སྒྲིག་ཆས་མ་ཚང་བ་མེད། དེར་ཕོ་བྲང་དང་ལྷ་ཁང་སོགས་བགྲང་གིས་མི་ལངས་ཤིང་། ཆེས་ཁྱད་དུ་འཕགས་པ་ནི་ནམ་མཁའི་སྐྱེད་ཚལ་ཞེས་པ་དེའོ།། དོན་དུ་ནམ་མཁའི་སྐྱེད་ཚལ་ཞེས་པ་ནི་ས་སྟེགས་མཐོན་པོ་ཞིག་ཏུ་བཞེངས་པའི་ཆ་ནས་དེ་སྐད་ཐོགས་པ་རེད།

གྲོང་ཁྱེར་པཱ་པི་ལོན་ནི་ལྕགས་རི་མཐོན་པོ་ཕྱི་ནང་བར་གསུམ་གྱིས་བསྐོར་འདུག་པ་ཞིག་སྟེ། མཐུག་ཚད་ལ་རིམ་བཞིན་སྨིས་བདུན་དང་དསུམ་དང་བདུན་ཚེག་བརྒྱད་ཡོད་ལ། མཁར་སྟེང་ནས་རྟ་བཞི་གཤར་བྱས་ཏེ་རྒྱུག་ཆོག ལྕགས་རི་གཙོ་བོའི་རིང་ཚད་ལ་སྤྱི་ལེ་བཅུ་དྲུག་ཡོད་པ་དང་། བསྡོམས་པས་ལྕོག་ཁང་སུམ་སྟོང་ལྷག་མཆིས། ཕྱི་རོལ་ཏུ་ཆུ་རགས་ཆེན་པོ་ཞིག་བསྐོར་ཡོད་པ་དེར་ཆུ་གཏོང་བ་དང་ཕྱི་དགྲ་འགོག་པའི་ནུས་པ་ལྡན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-08-18

གསར་སྤེལ་མཁན། :གཡང་སྒྲོལ་མ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།