ཀེ་རི་སེའི་གནའ་རབས་རིག་གནས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀེ་རི་སེའི་གནའ་རབས་རིག་གནས།
གནའ་བོའི་ཀེ་རི་སེ་ནི་ཀེ་རི་སེ་ཕྱེད་གླིང་དང་ཨེ་ཆེན་ཧེ་གླིང་ཕྲན་ཁག ཡ་ཤི་ཡ་ཆུང་བའི་མཚོ་འགྲམ་བཅས་ཀྱིས་གྲུབ་པ་ཞིག་རེད། གནའ་བོའི་ཤེས་རིག་དར་ཡུལ་གཞན་དག་དང་བསྡུར་ན། རི་མང་ཞིང་བདེ་ཐང་ཉུང་ལ། གླིང་ཚོམ་གང་སར་ཁྱབ་པ་ཞིག་སྟེ། དེས་མཚོ་འགྲུལ་གྱི་ལས་རིགས་དར་བ་དང་། ཡ་གླིང་ནུབ་མ་དང་། ཨེ་ཅིབ་སོགས་དང་རིག་གནས་དཔལ་འབྱོར་གྱི་འབྲེལ་འདྲིས་བྱེད་པར་ཆ་རྐྱེན་བསྐྲུན་འདུག གནའ་བོའི་ཀེ་རི་སེའི་ཤེས་རིག་གི་གྲུབ་འབྲས་ནི་བསམ་གྱིས་མི་ཁྱབ་པ་ཞིག་སྟེ། རྩོམ་རིག་དང་ལོ་རྒྱུས་རིག་པ་དང་མཚན་ཉིད་རིག་པ་དང་རང་བྱུང་ཚན་རིག་བཅས་ཕྱོགས་གང་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ཅིང་། གནའ་བོའི་འཛམ་གླིང་རིག་གནས་ཀྱི་མཐོ་སར་འགྲེང་འདུག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
古希腊文化
ཕྱི་ཡིག་གི་མིང་།
Culture of ancient Greece
1 ཀེ་རི་སེའི་ཤེས་རིག་གི་འབྱུང་ཁུངས།

 གནའ་བོའི་ཀེ་རི་སེའི་ཤེས་རིག་གི་འབྱུང་ཁུངས་ནི་ཨེ་ཆེན་ཧེ་ཡིན་པ་དང་།   དེ་ནི་སྤྱི་ལོའི་སྔོན་གྱི་ལོ་ངོ2000ནས་སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་གཉིས་པར་བྱུང་བ་ཞིག་སྟེ།   དུས་སྐབས་དེར།  གདོད་མའི་རིགས་རྒྱུད་ལམ་ལུགས་རིམ་བཞིན་ཁ་ཐོར་ཡ་བྲལ་དུ་གྱུར་པ་དང་།  བྲན་གཡོག་ལམ་ལུགས་ཀྱི་རྒྱལ་ཁབ་ཚུགས་མགོ་བརྩམས་པར་མ་ཟད།  མཚར་སྡུག་འོད་སྟོང་འབར་བའི་རིག་གནས་བསྐྲུན་ཅིང་།   ད་སྔ་ཡན་ཆོད་དུ།  ཡོ་རོབ་གླིང་གི་གནའ་བོའི་ཤེས་རིག་ཀུན་གྱི་མགོ་ཁུངས་ལྟ་བུར་བརྩིས་འདུག

སྤྱི་ལོའི་སྔོན་གྱི་དུས་རབས་བརྒྱད་པ་ནས་དྲུག་པའི་བར་ནི་ཀེ་རི་སེའི་ཤེས་རིག་ཆགས་གནས་ཀྱི་དུས་སྐབས་རེད།   དེ་ནི་བྲན་གཡོག་ལམ་ལུགས་ཀྱི་གྲོང་དང་གྲོང་ཁྱེར་ཆགས་པའི་དུས་སྐབས་ཀྱང་རེད།   སྐབས་དེར་ཀེ་རི་སེའི་ཕྱེད་གླིང་སྟེང་དུ་གྲོང་ཁྱེར་ཉིས་བརྒྱ་ལྷག་ཡོད་པ་དང་།   དེའི་ཁྲོད་དུ་ཞིང་ལས་གཙོ་གཉེར་གྱི་སི་པ་ཏཱ་དང་བཟོ་ཚོང་གཙོ་གཉེར་གྱི་ཡཱ་ཏེན་གཉིས་ལ་མིང་གྲགས་ཆེ།   སྔ་མ་ནི་བྲན་གཡོག་སྐུ་དྲག་སྒེར་གཅོད་ལམ་ལུགས་ཀྱི་དཔེར་མཚོན་དང་།   ཕྱི་མ་ནི་བྲན་གཡོག་དམངས་གཙོ་ལམ་ལུགས་ཀྱི་དཔེར་མཚོན་དུ་བགྲང་བ་རེད།  ལྷག་པར་དུ།  ཡཱ་ཏེན་གྱི་དམངས་གཙོ་ལམ་ལུགས་ནི་དུས་སྐབས་དེར་ཆེས་སྔོན་ཐོན་གྱི་ཆབ་སྲིད་སྒྲིག་སྲོལ་ཞིག་སྟེ།  དེས་ཡཱ་ཏེན་གྱི་རིག་གནས་དཔལ་འབྱོར་སྤེལ་བར་མཐུན་རྐྱེན་ལེགས་པོ་བསྐྲུན་པར་མ་ཟད།   ཡཱ་ཏེན་ནི་ཀེ་རི་སེའི་ཤེས་རིག་གི་ལྟེ་བར་གྱ

2 རྩོམ་རིག་དང་སྒྱུ་རྩལ།

     གནའ་བོའི་ཀེ་རི་སེ་པ་རྣམས་ནི་ལྷ་ཚོགས་ལ་སྐྱབས་སུ་འགྲོ་ཞིང་།   འཇིག་རྟེན་གྱི་བྱ་དངོས་ཡོད་དོ་ཅོག་ལ་རང་རང་གི་མགོན་སྐྱབས་དང་སྲུང་མ་ཡོད་པར་འདོད།  དེར་མ་ཟད།  ལྷ་རེ་རེར་ཡང་ཕུན་སུམ་ཚོགས་པའི་གཏམ་རྒྱུད་རེ་བསྒྲིགས་ཏེ།   མགོ་རྐང་ཚང་ཞིང་བྱུང་རིམ་གྱིས་ཕྱུག་ལ།  གནས་ལུགས་གཏིང་ཟབ་པའི་ལྷ་སྒྲུང་གི་མ་ལག་ཆགས་པར་བྱས།  ཀེ་རི་སེའི་ལྷ་སྒྲུང་གི་ཁྱད་ཆོས་གཙོ་བོ་ཞིག་ནི།  གནམ་གྱི་ལྷ་དང་འཇིག་རྟེན་པའི་མི་གཉིས་བར་ཕྱིའི་བྱད་བཞིན་གྱི་ཆ་ནས་ཡིན་ནའང་འདྲ།  ནང་བསམ་བློའི་ཐད་ཡིན་ནའང་ཆོག  ལུས་ཀྱི་སྤྱོད་པའི་ངོས་ནས་ཡིན་ནའང་བླ།  དེ་དག་ཕན་ཚུན་ཧ་ཅང་ཉེ་མཚུངས་སུ་ཡོད་པས་ན།  ཀེ་རི་སེའི་ལྷ་སྒྲུང་ལ་འཇིག་རྟེན་མི་ཡུལ་གྱི་བྲོ་བས་སྟུག་ཅིང་།    རྩོམ་རིག་བརྩམས་ཆོས་ཀུན་གྱིས་སྤྱད་ན་འཛད་མཐའ་མེད་པའི་གསོས་དང་བཅུད་དུ་གྱུར་ཡོད།  

   ཀེ་རི་སེའི་ཆེས་སྔ་བའི་རྩོམ་རིག་བརྩམས་ཆོས་ནི་སྙན་ངག་སྟེ།   ཧོ་མའི་ལོ་རྒྱུས་སྙན་ངག་རིང་མོ་ལ་བྱེ་བྲག་ཏུ།   ཡེ་ལི་ཡ་ཐེ་ཞེས་པ་དང་ཨོ་ཏི་སེ་ཞེས་བམ་པོ་གཉིས་ཡོད།   དེ་ནི་མིག་ལོང་བ་ཅན་གྱི་སྙན་ངག་པ་ཧོ་མ་ཞུ་བ་པོས་དམངས་ཁྲོད་སྒྱུ་རྩལ་པས་གྱེར་འདོན་བྱས་པ་དག་རྨང་གཞིར་བྱས་ནས་བསྒྲིགས་པ་ཞིག་ཡིན་ལ།   སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་གཅིག་པ་ནས་དགུ་པའི་བར་གྱི་ཀེ་རི་སེའི་སྤྱི་ཚོགས་མངོན་པར་མཚོན་ཡོད།   སྙན་ངག་གི་ཚིག་སྦྱོར་སྡུད་ཆེ་ཞིང་།   སྣང་བརྙན་གསོན་ཉམས་དོད་པར་མ་ཟད།  སྒྲིག་གཞི་ཧ་ཅང་ཚགས་དམ།   དེ་ནི་ཀེ་རི་སེའི་རྩོམ་རིག་སྒྱུ་རྩལ་གྱི་དཔེར་མཚོན་ཡིན་པ་དང་།   དུས་ཕྱིས་ཀྱི་རྩོམ་རིག་འཕེལ་རྒྱས་ལ་བག་ཆགས་གཏིང་ཟབ་པ་བཞག་འདུག

སྤྱི་ལོའི་སྔོན་གྱི་དུས་རབས་ལྔ་བ་ནས་བཞི་བའི་བར་དུ།  ཀེ་རི་སེའི་རྩོམ་རིག་སྒྱུ་རྩལ་གྱི་གྲུབ་འབྲས་གཙོ་བོ་ནི་ཡཱ་ཏེན་གྱི་ཟློས་གར་ཏེ།  ཟློས་གར་ལ་སྐྱོ་གར་དང་སྤྲོ་གར་གཉིས་སུ་ཕྱེ་ཡོད་པ་ལས།   སྐྱོ་གར་གྱི་བརྩམས་ཆོས་དག་ནི་གཞན་ཀུན་ལས་ཁྱད་དུ་འཕགས་སོ།།

  ཆེས་ཐོག་མའི་སྐྱོ་གར་ནི་ཆང་ལྷ་མཆོད་དུས་ཀྱི་རྩེད་མོའི་རྣམ་པ་ཞིག་ཡིན་པ་དང་།    བརྗོད་བྱ་ཕལ་མོ་ཆེ་ནི་ལྷ་སྒྲུང་ལས་བྱུང་ནའང་།   དེར་མངོན་པར་གསལ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་prometheus.jpgགོ་བསྐོན་བློ་འགུགས་ཀྱི་སློབ་གསོའི་རིན་ཐང་ལྡན།  མགོ་མཇུག་བར་གསུམ་དུ་སྒེར་གཅོད་དང་བཙན་འཛུལ་དང་གཉའ་གནོན་བཅས་པར་ངོ་རྒོལ་དང་ཁ་གཏད་གཅོག་པའི་སྙིང་སྟོབས་ཀྱིས་ཕྱུག་པ་དང་ཆབས་ཅིག་ཏུ།  རང་དབང་དང་བདེན་དོན་གྱི་ཆེད་དུ་བློས་གཏོང་ཕོད་པའི་དཔའ་བོའི་མཛད་རྗེས་དང་རྒྱལ་གཅེས་རིང་ལུགས་པར་བསྟོད་གླུ་ཕུལ་ཡོད།  རྩོམ་པ་པོ་གྲགས་ཅན་ལ།   ཨེ་སི་ཁོ་ལོ་སི་དང་སི་ཧྥུ་ཁི་ལེ་སི།   ཨོ་རེ་པི་ཏི་སི་སྟེ།  ཁོང་ཚོའི་བརྩམས་ཆོས་ལ་རིམ་པ་བཞིན་དུ་དཔེར་ན།   ཐག་པས་བཀྱིགས་པའི་ཕུ་ལོ་མེ་ཤིག་སིདང་།  ཨོ་ཏི་ཕུ་སི》《མེ་ཏི་ཡབཅས་བཞུགས་སོ།།

སྤྲོ་གར་ཡང་དམངས་ཁྲོད་ཀྱི་ཆང་ལྷ་མཆོད་དུས་ཀྱི་གླུ་དགའ་རྩེད་མོའི་རིགས་ཤིག་ལས་མཆེད་པར་འདོད།   མིང་དུ་གྲགས་པའི་རྩོམ་པ་པོ་ནི་སྤྲོ་གར་གྱི་ཡབ་མེས་སུ་བསྔགས་པའི་ཨ་རེ་སི་ཏོ་ཧྥུན་ཞུ་བ་པོ་སྟེ།  ཁོང་གི་བརྗོད་བྱ་ཕལ་ཆེ་བ་དངོས་ཡོད་འཚོ་བ་ལས་ཁོལ་དུ་ཕྱུང་ཞིང་།   བཞད་གད་འཆོར་བའི་ཚིག་ཉམས་ཀྱིས་སྤྱི་ཚོགས་ཀྱི་གནད་དོན་ཚབས་ཆེན་དག་བྲིས་ཡོད།   དེ་བས།  ཁོང་གི་བརྩམས་ཆོས་ལ་དོན་གཏམ་རྩེད་མོ་དང་འདྲེས་པའི་ཐུན་མིན་གྱི་ཁྱད་ཆོས་ཆགས་ཡོད། 

སྙན་ངག་དང་ཟློས་གར་ལས་གཞན།   ཀེ་རི་སེའི་བཟོ་བཀོད་དང་བརྐོས་བྲིས་ཀྱི་སྒྱུ་རྩལ་ཡང་སྲིད་ན་འགྲན་ཟླ་བྲལ་བར་སྨྲ་ཞིང་།  ད་སྔ་མཐོང་དུ་ཡོད་པའི་ཡཱ་ཏེན་གྱི་མཁར་རྫོང་ནི་དེའི་ནང་གི་དཔེར་མཚོན་ཉག་ཅིག་ཡིན།  དེའི་བཞེངས་ལུགས་ལ་དབྱིབས་གྲུ་བཞི་ནར་མོ་དང་།  ཕྱོགས་བཞི་བོར་ཀ་བ་ཟླུམ་པོས་བསྐོར་ནས་མཆིས།   དེ་ནི་སྤྱི་ལོའི་སྔོན་གྱི་དུས་རབས་ལྔ་བའི་ཡས་མས་སུ་བསྐྲུན་པ་ཞིག་རེད།  གཞན་ཡང་ཀེ་རི་སེའི་བརྐོས་བྲིས་ནི།  གཟུགས་གཞི་སྟོབས་ཆེ་ཞིང་བསྡུར་ཚད་ལུགས་མཐུན་ཡིན་པ་སོགས་ཀྱི་ཁྱད་ཆོས་ལྡན་པས་ཀུན་གྱིས་བསྔགས་པར་བྱེད་དོ།

3 མཚན་ཉིད་དང་ལོ་རྒྱུས་རིག་པ།

 གནའ་བོའི་ཀེ་རི་སེའི་མཚན་ཉིན་སྨྲ་བ་རྣམས་ཀྱིས་འཇིག་རྟེན་གྱི་ངོ་བོ་དང་རྣམ་པ།   བྱ་དངོས་ཀྱི་འགྱུར་ལྡོག་བཅས་ལ་བརྟག་དཔྱད་དང་རྩོད་གླེང་བྱས་པའི་འབྲས་བུར།  མཚན་ཉིད་ཀྱི་ལྟ་གྲུབ་སྣ་ཚོགས་བྱུང་ཞིང་།  དངོས་གཙོ་དང་སེམས་གཙོ་སྨྲ་བའི་བར་གྱི་རྩོད་པའི་ཚ་རླབས་འཕྱུར།  

  ཧི་ལ་ཁི་ལེ་ཐི་དང་ཏི་མོ་ཁི་ལེ་ཐི་གཉིས་ནི་གནའ་བོའི་ཀེ་རི་སེའི་རླབས་ཆེན་གྱི་དངོས་གཙོ་སྨྲ་བ་གཉིས་རེད།   ཧི་ལ་ཁི་ལེ་ཐི་ལགས་ནས་དངོས་གཙོ་རྩོད་སྒྲུབ་ཀྱི་ལྟ་བ་བཏོན་པས།  ལེ་ཉིན་མཆོག་གིས་རྩོད་སྒྲུབ་སྨྲ་བའི་རྨང་འདིང་མཁན་ཞེས་བསྔགས་པ་བརྗོད་འདུག   ཧི་ལ་ཁི་ལེ་ཐི་ལགས་ནས་འཇིག་རྟེན་འདི་ལྷ་དང་སུ་གང་གིས་ཀྱང་བསྐྲུན་པ་མ་ཡིན་ཞིང་།  དེ་ནི་དུས་གཏན་གྱི་མེ་ཕུང་ཆེན་པོ་ཞིག་གོ་ཞེས་གསུངས་པ་རེད།   ཏི་མོ་ཁི་ལེ་ཐི་ལགས་ཀྱིས་དངོས་པོའི་གྲུབ་ལུགས་ལ་ཐུགས་གཞིག་ཟབ་མོ་གནང་མཐར།  རྡུལ་ཕྲན་སྨྲ་བའི་ལྟ་བ་བཏོན་ཏེ།  འཇིག་རྟེན་གྱི་དངོས་པོ་མ་ལུས་པ་ཆེས་ཆུང་བའི་རྡུལ་ཕྲན་ཚོགས་ཀྱིས་གྲུབ་པར་འདོད་དོ། །

Plato.jpg  གནའ་བོའི་ཀེ་རི་སེའི་སེམས་གཙོ་སྨྲ་བའི་མི་སྣ་གཙོ་བོ་ནི་སོ་ཀི་ལ་ཏེ་ཡིན་པ་དང་།  ཁོང་ནི་སྐུ་དྲག་གི་ཁྱིམ་རྒྱུད་ཅིག་ཏུ་འཁྲུངས།  ཁོང་གིས་བསྟན་དོན།  འཇིག་རྟེན་གྱི་ཆགས་འཇིག་མཐའ་དག་ལྷ་ཡིས་བདག་གིར་བྱས་པ་རེད་ལ།   མིས་ནི་རང་ཉིད་མ་གཏོགས་ཕྱི་ཡུལ་ངེས་མི་ནུས་ཞེས་གསུངས།  པོ་ལ་ཐུ་ནི་ཁོང་གི་ཐུགས་སྲས་ཏེ།  པོ་ལ་ཐུ་ལགས་ནས་བློ་ཚད་མ་ཡིན་པའི་ལྟ་བ་གསུངས་འདུག  ཁོང་གི་དགོངས་པར།  བློ་ནི་དང་བོ་དང་ངོ་བོ་དང་བདེན་པ་ཉག་ཅིག་སྟེ།  ཕྱི་རོལ་འཇིག་རྟེན་ནི་གཉིས་པ་དང་།  ཡང་ན་བློས་ཕར་ལ་བཏགས་པ་ཙམ་དུ་འདོད་པ་རེད།  པོ་ལ་ཐུ་ཁོང་རང་ཉིད་ཀྱང་སྐུ་དྲག་གི་རྒྱུད་པ་ཡིན་ལ།  ཁོང་གི་གསུང་རྩོམ་གྲགས་ཅན་ལཕུགས་བསམ་གྱི་རྒྱལ་ཁབཅེས་པ་བཞུགས།  པོ་ལ་ཐུ་ཁོང་གིས་ཐུགས་སྲས་ལ་ཨ་རེ་སི་ཐོ་ཐུ་མཆིས་པ་དང་།   ཁོང་ནི་ལོ་རྒྱུས་དང་ཆབ་སྲིད་དང་གསོ་རིག་དང་རྩོམ་རིག་དང་མཚན་ཉིད་བཅས་རིག་པའི་སྒོ་ཀུན་ལ་ནང་བྱན་ཆུད་པ་ཞིག་ཡིན་པར་ཀུན་གྱིས་ཁས་འཆེས་སོ།།

སྤྱི་ལོའི་སྔོན་གྱི་དུས་རབས་ལྔ་བ་ནས་བཞི་བའི་དུས་སྐབས་སུ།  གནའ་བོའི་ཀེ་རི་སེའི་ལོ་རྒྱུས་རིག་པ་ཤིན་ཏུ་དར་ཞིང་རྒྱས་པ་རེད། སྐབས་དེར།  ལོ་རྒྱུས་སྨྲ་བ་ཆེན་པོ་གསུམ་འཁྲུངས་ཤིང་།   ཁོང་པ་གསུམ་ནི་ཞི་ལོ་ཏོ་ཏི་དང་ཞིག་ཞི་ཏེ་ཏི།   སི་ནོ་ཧྥུན་བཅས་རེད། 

 ཞི་ལོ་ཏོ་ཏི་ནི་ནུབ་ཕྱོགས་ཀྱི་ལོ་རྒྱུས་སྨྲ་བའི་ཡབ་མེས་སུ་བསྔགས་པ་དང་།  ཁོང་གིས་ཆེས་ཐོག་མར་ཕྱོགས་ཡོངས་ནས་དང་ཆ་ཚང་བའི་སྒོ་ནས་ལོ་རྒྱུས་ཀྱི་བྱུང་བ་བརྗོད་ཅིང་།  བརྩམས་ཆོས་གྲགས་ཅནལོ་རྒྱུསསམ་མིང་གཞན་ལཀེ་རི་སེ་དང་པར་ཟིག་བར་གྱི་དམག་འཁྲུག་ལོ་རྒྱུསཞེས་པ་ནི་ལེའུ་དགུ་ཅན་གྱི་བདག་ཉིད་ཡིན་ལ།  སྔ་མའི་ལེའུ་བཞིའི་ནང་དུ།  ཨེབ་ཅི་དང་པཱ་པི་ལོན་དང་པར་ཟིག་དང་རྒྱ་མཚོ་ནག་པོའི་བྱང་རྒྱུད་ཀྱི་ལོ་རྒྱུས་བྲིས་ཡོད་པ་དང་།  ཕྱི་མའི་ལེའུ་ལྔའི་ནང་དུ།  རྒྱལ་ཁབ་དེ་གཉིས་ཀྱི་དམག་འཁྲུག་གི་བརྒྱུད་རིམ་ཆ་ཚང་དུ་བྲིས་འདུག   ཁོང་གི་ཁྱད་ཆོས་ནི་ལོ་རྒྱུས་ཀྱི་བྱུང་བ་ཇི་བཞིན་དུ་ལྷུག་བརྗོད་བྱས་པ་དེ་ཡིན་ལ།  ཕྱིས་ཀྱི་ལོ་རྒྱུས་འབྲི་བ་པོ་དག་གི་ཕྱི་མོ་ལྟ་བུར་གྱུར་འདུག

 ཞིག་ཞི་ཏེ་ཏི་ལགས་ཀྱི་པོ་ལོ་པིན་ཉི་ས་དམག་འཁྲུག་ལོ་རྒྱུས་ཞེས་པ་ནི། ལོ་ཚིགས་ཀྱི་རིམ་པ་ལྟར་དུ་སྤྱི་ལོའི་སྔོན་གྱི་ལོ་ངོ411གོང་དུ་བྱུང་བའི་དམག་འཁྲུག་གི་བརྒྱུད་རིམ་དང་སྐབས་དེའི་མི་དམངས་ཀྱིས་ཆབ་སྲིད་ལ་བཟུང་བའི་རྣམ་འགྱུར་བྲིས་འདུག   སི་ནོ་ཧྥུན་ལགས་ཀྱི་ཀེ་རི་སེའི་ལོ་རྒྱུས་ཞེས་པ་ནི།  ཞིག་ཞི་ཏེ་ཏི་མཆོག་གི་མཇུག་བསྐྱངས་ཏེ།  སྤྱི་ལོའི་སྔོན་གྱི་ལོ་ངོ411ནས་སྤྱི་ལོའི་སྔོན་གྱི་ལོ་ངོ362བར་གྱི་ལོ་རྒྱུས་བྲིས་འདུག་ལ།  ཀེ་རི་སེའི་གྲོང་དང་གྲོང་ཁྱེར་དག་དར་བ་ནས་རྒུད་པའི་གོ་རིམ་མ་ལུས་འདུས་ཡོད་དོ།།

4 རང་བྱུང་ཚན་རིག

སྤྱི་ལོ་སྔོན་གྱི་དུས་རབས་བཞི་བ་ནས་སྤྱི་ལོ་སྔོན་གྱིས་དུས་རབས་དང་བོའི་བར་དུ།  གནའ་བོའི་ཀེ་རི་སེའི་རང་བྱུང་ཚན་རིག་དེ་མཚན་ཉིད་རིག་པའི་མངའ་འོག་ནས་ལོགས་སུ་བུད་དེ་རིག་ཚད་རང་རྐྱ་ཐུབ་པ་ཞིག་ཏུ་གྲུབ་ཅིང་།   རྩིས་རིག་དང་དངོས་ལུགས།   གནམ་དཔྱད་རིག་པ།   གསོ་རིག་བཅས་ཀྱི་ཕྱོགས་ནས་གྲུབ་འབྲས་མངོན་གསལ་བླངས་འདུག

 གནམ་དཔྱད་རིག་པ་ནི་གནའ་བོའི་ཀེ་རི་སེའི་ཚན་རིག་གི་རིག་ཚན་ཆེ་གྲས་ཤིག་རེད་ལ།  གནམ་དཔྱད་རིག་པ་ཆེ་ཆེ་དྲག་དྲག་མང་དུ་འཁྲུངས་ཏེ་ཉི་ཟླ་སྐར་གསུམ་དང་བཅས་པར་ཞིབ་འཇུག་གཏིང་ཐུབ་ཏུ་བྱས།  སྤྱི་ལོ་སྔོན་གྱི་དུས་རབས་ལྔ་བར།  ཀེ་རི་སེའི་མཚན་ཉིད་རིག་པ་བ་ཨིན་ཕེ་ཏོ་ཁི་ལེ་མཆོག་ནས་ཉི་འཛིན་གྱི་ཆོས་ཉིད་ཡང་དག་པར་གཏན་ལ་ཕབ།  སྤྱི་ལོ་སྔོན་གྱི་དུས་རབས་བཞི་བར།  གནམ་དཔྱད་རིག་པ་བ་ཨི་ཏོ་ཁི་སོ་སི་ལགས་ནས་མིའི་རིགས་ལོ་རྒྱུས་སྟེང་ཆེས་ཐོག་མར་ཉི་ཟླ་སྐར་གསུམ་སོགས་ཀྱི་འཁོར་འགྲོས་ཇི་ལྟ་བུ་ཡིན་ཚུལ་གསལ་བོར་གསུངས། སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པར།  གནམ་དཔྱད་རིག་པ་བ་ཨ་རི་སི་ཐོ་ཁོ་སི་ལགས་ནས་ཉི་མ་ལྟེ་བ་ཡིན་པའི་ལྟ་བ་བཏོན་པ་དང་།  དུས་ཕྱིས་ཀྱི་སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པར།  ཞི་ཕ་ཁོ་སི་ལགས་ཀྱིས་དབྱིབས་རྩིས་ཀྱི་རིགས་འདེད་ལ་བརྟེན་ནས་སའི་གོ་ལ་ལྟེ་བ་ཡིན་པའི་ལྟ་བ་བཏོན་ཅིང་།  ནོར་བ་དེ་དུས་རབས་བཅུ་ཕྲག་གི་རིང་ལ་རྒྱུན་འབྱམས་སུ་སོང་ངོ་།།

རྩིས་རིག་གི་ཕྱོགས་ནས་བཤད་ན།  པཱི་ཏ་ཀི་ལ་སི་ལགས་ནས་རང་ཉིད་ཀྱི་མིང་གིས་མཚན་པའི་གཏན་སྲོལ་བརྩམས་པ་ནས་བཟུང་།   ཀེ་རི་སེའི་དབྱིབས་རྩིས་རིག་པ་བ་རྣམས་ཀྱིས་སྔ་གཞུག་ཏུ་མཉམ་གཤིབ་ཐིག་དང་།  ཟུར་གསུམ་དབྱིབས།  ཟླུམ་གོར།   ངོས་མང་དབྱིབས་བཅས་ཀྱི་གཏན་སྲོལ་གསར་དུ་བརྩམས་ཤིང་།  ཨི་ཅི་ལེ་ཏི་མཆོག་གིས་བརྩམས་པའི་དབྱིབས་རྩིས་རྩ་གཞུངཞེས་པ་ནི་དུས་ད་ལྟའང་ཀུན་གྱི་ཁྲིད་གཞིར་བེད་སྤྱོད་བཞིན་མཆིས། 

 ཨ་ཅི་མི་ཏི་མཆོག་ནི་རྩིས་རིག་སྨྲ་བ་དང་དངོས་ལུགས་སྨྲ་བ་ཡིན་པར་མ་ཟད།  ཤེད་ཤུགས་རིག་པ་དང་སྒུལ་ཤུགས་རིག་པའི་རྨང་འདིང་མཁན་ཡང་ཡིན།  ཁོང་གིས་རང་ཉིད་ཀྱི་མིང་གིས་མཚན་པའི་ལྕི་ཡང་གི་རྩ་བའི་རིགས་པ་གསར་བཏོད་གནང་ཞིང་།  འཇའ་ཤིང་གི་རྩ་བའི་རིགས་པའང་གཏན་ལ་ཕབ།  གཞན་ཡང་ཁོང་ནི་རྩིས་རིག་མཁས་པ་ཞིག་ཡིན་པའི་ཆ་ནས།   དབྱིབས་སྣ་ཚོགས་ཀྱི་བོངས་ཚད་དང་རྒྱ་ཁྱོན་བརྩི་ཚུལ་དང་། སྒོར་མཐའི་རིང་ཚད་བརྩི་ཚུལ་གྱི་སྤྱི་འགྲོས་གཏན་ལ་ཕབ་པའོ།།hippocrates.jpg

 གསོ་རིག་གི་ཕྱོགས་ནས།  ཀུན་གྱིས་གསོ་རིག་གི་མེས་པོར་བསྔགས་པའི་ཞི་པོ་ཁི་ལ་ཏི་མཆོག་ནི་ལག་རྩལ་ཕུལ་དུ་བྱུང་བས་མ་ཚད།  སྨན་གཞུང་གྲགས་ཆེན་གང་མང་མཛད་ཡོད་པ་དང་།  ཁོང་རང་ཉིད་ཀྱིས་བརྩམས་པའིཞི་པོ་ཁི་ལ་ཏིའི་མནའ་ཚིགཅེས་པ་ནི་སྨན་པ་རྣམས་ཀྱི་ཀུན་སྤྱོད་ཀྱི་ཚད་གཞིར་གྱུར་ཡོད་པ་རེད། 

 མདོར་ན།  ཀེ་རི་སེའི་གནའ་རབས་ཤེས་རིག་ནི་གནའ་བོའི་ཤར་ཕྱོགས་ཤེས་རིག་གི་ཉིང་བཅུད་དང་ལེན་བྱས་པའི་རྨང་གཞིའི་སྟེང་འཕེལ་རྒྱས་བྱུང་བ་དང་།  སྐབས་ཐོག་དེའི་འཛམ་གླིང་གི་མཚར་སྡུག་འོད་སྟོང་འབར་བའི་རིག་གནས་ཡིན་པ་དང་།  ནུབ་ཕྱོགས་རིག་གནས་ཀྱི་མགོ་ཁུངས་ལྟ་བུ་རེད་ལ།  འཛམ་གླིང་རིལ་མོའི་ཤེས་རིག་འཕེལ་རྒྱས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་དོ།།

 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:4  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-08-27

གསར་སྤེལ་མཁན། :གཡང་སྒྲོལ་མ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།