གོ་ར་ཀྵ་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གོ་ར་ཀྵ་པ།
གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ཡ་གྱལ་ཡིན། ཡོངས་གྲགས་སུ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའམ་བརྒྱད་ཅུ་ཞེས་གྲགས་པ་ནི་བླ་མ་རྡོ་རྗེ་གདན་པས་ཚོགས་འཁོར་མཛད་པའི་དུས་སྐབས་སུ་བྱོན་པའི་གྲུབ་ཐོབ་གྲངས་ལ་བརྒྱད་ཅུ་བྱུང་བར་བརྟེན་ནས་དེ་ལྟར་གྲགས་པ་ཡིན། གྲུབ་ཆེན་བརྒྱད་ཅུ་རྩ་བཞི་དེ་དག་ནི་སྤྱི་ལོའི་དུས་རབས་བདུན་པ་ནས་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་མཇུག་བར་ལོ་ངོ་དྲུག་བརྒྱའི་རིང་བྱོན་པའི་སྙན་གྲགས་ཆེ་ཤོས་ཀྱི་གྲུབ་ཐོབ་ཤ་སྟག་ཡིན།
གཞི་རྩའི་གནས་ཚུལ།

ལེགས་སྦྱར་གྱི་སྐད།
སློབ་དཔོན་གོ་རཀྵ། གོོ་རཀྵ།
བོད་སྐད།
བ་ལང་རྫི་བོ།
ཡུལ།
རྒྱ་གར་ཤར་ཕྱོགས།
རིགས།
བ་ལང་རྫི་བོ།
བླ་མ།
སློབ་དཔོན་ཨ་ཙིནྟ་པ།
དངོས་གྲུབ་ཀྱི་རྟེན།
ཙའུར་ཁ་པ་ལ་བསྙེན་བཀུར་བྱས་པ།
གྲུབ་པ་གང་ཐོབ།
མཆོག་གི་དངོས་གྲུབ།
སྤྱོད་པ།
བ་ལང་འཚོ་བ།
ཆ་བྱད།
སྐྲ་བྲག་པ་ཕྱག་མཉམ་བཞག སྐུ་ཤ་དཀར་བ། སྙན་ལ་མུ་དྲ་ནག་པོ་དང་། མགུལ་དུ་ར་དུང་བཏགས་པ།
1 རྣམ་ཐར་མདོར་བསྡུས།

སློབ་དཔོན་གོ་ར་ཀྵ་པའི(བ་ལང་རྫི་པ)ལོ་རྒྱུས་ནི།     རྒྱ་གར་ཤར་ཕྱོགས་ན་རྒྱལ་པོ་ལྷ་སྐྱོང་ཞེས་བྱ་བ་ལ་སྲས་གཅིག་བལྟམས་ནས་ལོ་བཅུ་གཉིས་ལོན་པ་ན་ཡུམ་འགུམ་པ་ལ་ཐུག་པའི་ཚེ།     བུ་ཁྱོད་རང་གི་སྲོག་ལ་བབས་ཀྱང་སྡིག་པའི་ལས་མ་བྱེད་ཅིག་ཅེས་ཞལ་ཆེམས་གསུངས་ནས།     ཡུམ་མི་རྟག་པའི་ཚུལ་བསྟན་ཏེ་གཤེགས་སོ།   །     དེ་ནས་ཡབ་རྒྱལ་པོ་ལ་འབངས་རྣམས་ཀྱིས་ཞུས་པ།    ཡུལ་གཞན་གྱི་བཙུན་མོ་ཞིག་བཞེས་དགོས་གསོལ་བ་བཏབ་པས།     ཡབ་རྒྱལ་པོས་བཙུན་མོ་ཞིག་བཞེས་ཏེ་ཞག་འགའ་ལོན་པ་དང་།    ཡབ་རྒྱལ་པོས་ནགས་གསེབ་ཏུ་ལིངས་ལ་གཤེགས་པའི་ཤུལ་དུ་བཙུན་མོས་ཁང་བཟང་གི་ཡང་ཐོག་ཏུ་ཕྱིན་པ་ན།     སྲས་དེ་མཐོང་ནས་ཆགས་པའི་དབང་གིས་འདོད་པ་སྤྱོད་པར་བརྩམས་ཏེ།     དེར་ཕོ་ཉ་བཏང་ནས་འདིར་གཤེགས་པར་ཞུ་བྱས་པས།      རྒྱལ་བུ་མ་འདོད་པ་དང་བཙུན་མོ་སྐྱེངས་ནས་འདིས་ང་ལ་བརྙས་པས་ད་ནི་དགྲ་འདི་ལས་སྙིང་ན་བ་མེད།    འདི་ཐབས་སྣ་ཚོགས་ཀྱིས་གསད་པར་བྱ་སྙམ་དུ་བསམ་ངན་སྐྱེས་ནས་འཁོར་ཀུན་ལ་འདི་སོད་བྱས་པས།     འདི་གསོད་དུ་མི་འདོད།    རྒྱལ་པོའི་སྲས་ཀྱི་དམ་པ་ཡིན་པས།     མི་རུང་ཟེར་བ་དང་།     མོ་རང་གི་ལུས་ཐམས་ཅད་བྲད་དེ་ཁྲག་ཕྱུང་ནས་གོས་ཀུན་ཡང་ཧྲལ་ཏེ་མལ་དུ་ཞུགས་པ་དང་།     ཡབ་རྒྱལ་པོས་བཙུན་མོ་ལ་ཅི་ཉེས་ཟེར།     ཁྱེད་ཀྱི་སྲས་ཀྱིས་ཚུལ་མ་ཡིན་པ་བྱས་པས།     ཁོ་མོ་འདི་ལྟར་གྱུར་ཏོ་ལོ།   །      འོ་ན་ཁྱོད་ལ་འདི་འདྲ་བ་བྱས་ནས་ངས་བུ་བསད་དོ་ཟེར་ནས་གཤེད་མ་གཉིས་བསྐོས་ནས།     འདི་གཡའ་གསེབ་ཏུ་ཁྱེར་ལ་རྐང་ལག་རྣམས་ཆོད་ལ་སོད་ཅིག་ཅེས་བསྒོས་པ་དང་།     གཤེད་མ་གཉིས་ཀྱིས་བསམས་པ།     སྲས་གསོད་པ་འདི་ལེགས་པ་མ་ཡིན་གྱི།     དེ་བས་རང་གི་བུ་བསད་ལ་འདི་གསོས་ལ་མི་གསོད་དོ་སྙམ་ནས།     རྒྱལ་བུ་ལ་འདི་སྐད་དུ།     ཉིད་གསོད་པ་ནི་བདག་གིས་མི་ཕོད་པས།     བདག་གི་བུ་ཉིད་ཀྱི་དོན་དུ་གསད་པར་བྱ་ཞེས་སྨྲས་པ་དང་།    རྒྱལ་བུ་ན་རེ།     བདག་གི་ཡུམ་གྱི་ཞལ་ཆེམས་སྲོག་ལ་བབས་ཀྱང་སྡིག་པའི་ལས་མ་བྱེད་ཅིག་ཅེས་གསུངས་པས་དེ་ལྟར་མི་རུང་།     ཡབ་ཀྱིས་བཀའ་ཇི་ལྟར་བསྩལ་བ་བཞིན་གྱིས་ལ།     ང་རང་སོད་ཅིག་གསུངས་པ་དང་།     དེ་ནས་ཤིང་རྐང་གཅིག་པའི་རྩར་གཤེད་མ་གཉིས་ཀྱིས་ཁྱེར་ལ།     རྐང་ལག་རྣམས་བཅད་དེ་བཞག     གཤེད་མ་གཉིས་རང་ཁྱིམ་དུ་སོང་ངོ་།   །དེ་ནས་རྒྱལ་བུའི་སར་སློབ་དཔོན་ཨ་ཙིནྟ་པ་ཞེས་བྱ་བ་བྱོན་ནས།     དེ་སྣོད་ལྡན་དུ་གཟིགས་ཏེ་དབང་དང་གདམས་ངག་བྱིན་ཏེ།     དེ་ནས་རྒྱང་གྲགས་ཙམ་ཞིག་ན་བ་ལང་རྫི་མང་པོ་འདུག་སར་བྱོན་ནས།      ཕ་གི་བྱ་རྒོད་ལྡིང་བའི་ས་ཕྱོགས་ཤིང་རྐང་གཅིག་པའི་དྲུང་ན།     མི་ཡན་ལག་བཅད་པ་གོ་རཀྵ་པ་ཞེས་བྱ་བ་ཞིག་གདའ་བས་དེའི་གན་དུ་སུས་འགྲོ་ནུས་བྱས་པས།      དེ་རྣམས་ཀྱི་ནང་ནས་སྤོས་འཚོང་གི་རིགས་ཀྱི་ཁྱེའུ་ཞིག་ན་རེ།     བདག་གིས་ནུས་ཟེར་སོང་ནས་བྱ་རྒོད་ལྡིང་བ་མཚན་མར་བྱས་ནས་ཕྱིན་པས་ཤིང་རྐང་གཅིག་པའི་དྲུང་ན་དེ་འདུག་པ་མཐོང་ནས་ལོག་ཕྱིན་ཏེ།     སློབ་དཔོན་ལ་འདི་བཞིན་དུ་འདུག་གོ་བྱས་པས།     སློབ་དཔོན་གྱིས་ཁྱོད་ལ་ཟ་རྒྱུ་ཅི་ཡོད།     ཤིང་དྲུང་གི་དེ་སོད་དགོས་གསུངས་པ་ལ།     བ་གླང་རྫིས་བདག་བ་ལང་འཚོ་བས་དེད་དཔོན་ཞིག་གིས་ནང་ནུབ་བཟའ་བཏུང་དུ་མ་རེ་སྟེར་བས་དེའི་ཕྱེད་ཕྱེད་ཁོང་ལ་བསྐྱལ་ནས་གསོའམ་ཞུས་པས།     དེ་རུང་གི་ཁྱོད་རང་གིས་སྐྱོལ་ཞིག་གསུངས།     དེ་ནས་རྫི་བོས་སྤྱིལ་པོ་ཞིག་ཀྱང་བྱས།     མི་གཙང་བ་ལག་པས་བསལ།     ཁ་ཟས་རྣམས་བསྙོད་ཅིང་ལོ་བཅུ་གཉིས་སུ་ཙོག་པུ་བ་གསོས།      ཙོག་པུ་བ་དེས་ཀྱང་གདམས་པ་ཉམས་སུ་བླངས་པས་གྲུབ་པ་ཐོབ།     བ་ལང་རྫིས་ཕྱིན་པས་དེ་ལངས་ནས་འདུག་པ་མཐོང་སྟེ།     རྒྱུ་མཚན་ཇི་ལྟར་ཡིན་ཞེས་དྲིས་པ་དང་།     བདག་འདི་བཞིན་དུ་རྐང་ལག་གསར་དུ་སྐྱེས་སོ་ཞེས་གསུངས་ཤིང་།     བར་སྣང་ལ་འཕགས་ནས་བ་ལང་རྫི་ལ་ཁྱེད་ལ་ངས་དྲིན་ལན་དུ་གདམས་ངག་བྱིན་ནམ་ཟེར་བ་ལ།     མི་འདོད་བདག་རང་གི་སློབ་དཔོན་ཨ་ཙིནྟ་ཞེས་པ་དེས།     ཁྱེད་ལ་བསྙེན་བཀུར་གྱིས་གསུངས་པས་ཉིད་ལ་བསྙེན་བཀུར་འདི་ཙུག་བྱས་པ་ཡིན་ནོ་གསུངས་པ་ཞུ་ཟེར།    དེ་ནས་སློབ་དཔོན་གྱི་དྲུང་དུ་ཕྱིན་ནས་གདམས་པ་བསྒོམས་ཚུལ་དང་།     བ་ལང་རྫིས་བསྙེན་བཀུར་བྱས་ཚུལ་རྣམས་ཞུས་པས་ཤིན་ཏུ་དགྱེས་ཏེ་བ་ལང་རྫིས་བ་ལང་སྐྱོང་གི་ཡོད་པའི་སར་རྣལ་འབྱོར་པ་ཆེན་པོ་ཨ་ཙིནྟ་བྱོན་ཏེ།     ཁྱོད་ཀྱིས་ངའི་བཀའ་བཞིན་བསྒྲུབས་པས།     ཁྱོད་ལ་གདམས་པ་བྱིན་གྱིས་གསུངས་དབང་བསྐུར་ཏེ་གདམས་ངག་གནང་ནས་ཡུལ་གཞན་ཞིག་ཏུ་གཤེགས་སོ།   །བ་ལང་རྫི་སྤོས་འཚོང་གི་བུས་ཀྱང་ལོ་བཅུ་གཉིས་སུ་བསྒོམས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ་མཚན་ཡང་ཙའུ་ར་ཁ་ཞེས་ཡོངས་སུ་གྲགས་སོ།   །དེས་ཀྱང་འགྲོ་བ་མང་པོའི་དོན་མཛད་ནས་མཁའ་སྤྱོད་དུ་གཤེགས་སོ།   །ཨ་ཙིནྟས་གོ་ར་ཀྵ་པའི་སར་བྱོན་ནས་ཁྱོད་ཀྱིས་སེམས་ཅན་འབུམ་ཕྲག་བརྒྱ་མ་གྲོལ་གྱི་བར་དུ་སངས་མ་རྒྱ་ཞིག་གསུངས་པས།      གོ་ར་ཀྵ་པས་ཀྱང་སེམས་ཅན་བྱུང་ཚད་ལ་དབང་བསྐུར་བྱས་པས་མ་ཧཱ་དེ་བ་ན་རེ།     སེམས་ཅན་བྱུང་ཚད་ལ་དབང་བསྐུར་མ་བྱེད་གང་གསོལ་བ་འདེབས་པ་ལ་གྱིས་ཟེར་བས།     དེ་ལྟར་བྱེད་ཅིང་དེང་སང་ཡང་དུས་བཟང་ལ་ལས་དག་པ་རྣམས་ཀྱིས་ཌ་མ་རུའི་སྒྲ་ཐོས་ཤིང་།     མི་སྣང་བའི་ཚུལ་དུ་བཞུགས་སོ།   །སློབ་དཔོན་གོ་ར་ཀྵ་པའི་རྟོགས་བརྗོད་ནི།     རིགས་ནི་འབྲིང་དང་མཆོག་དང་ཐ་མ་རུ།   །གནས་པའི་རྒྱུ་ལས་རྐྱིན་གྱི་སྟོབས་ལྡན་པ།   །འགག་མེད་རང་བྱུང་འབྲས་བུ་ངོ་མཚར་ཆེ།   །ཙའུ་ར་ཡིས་བྱང་སེམས་བསྙེན་བཀུར་བྱས།   །དེ་རྐྱེན་ཁམས་ཀྱི་སྟོབས་ཀྱིས་ས་བོན་བཏབ།   །ཨ་ཙིནྟ་ཡིས་འཆི་མེད་བདུད་རྩི་བསྟེན།   །གོ་ར་ཀྵ་པ་གཉིས་མེད་དེ་ཉིད་མཐོང་།   །སྲིད་གསུམ་བ་རྫི་རྒྱལ་པོ་ངོ་མཚར་ཆེ།   །ཞེས་གསུངས།     སློབ་དཔོན་གོ་ར་ཀྵ་པའི་རྣམ་ཐར་དང་ལོ་རྒྱུས་རྫོགས་སོ།   །


བརྡ་འགྲེལ་གདོང་འཛར།

ཆོས་ལུགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-09-24

གསར་སྤེལ་མཁན། :གཡང་སྒྲོལ་མ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།