དགེ་ལུགས་པ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

དགེ་ལུགས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ཆོས་ལུགས་གྲུབ་མཐའ། )

དགེ་ལུགས་པ།
དགེ་ལུགས་པའི་གྲུབ་མཐའ་ནི་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཞིག་ཡིན་ཞིང་། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་ཡབ་སྲས་ཀྱིས་དུས་རབས་བཅུ་བཞི་པའི་ནང་སྲོལ་བཏོད་དར་རྒྱས་མཛད་པའི་མདོ་སྔགས་བཤད་སྒྲུབ་ཟུང་འབྲེལ་གྱི་རིང་ལུགས་འཛིན་མཁན་རྗེས་འབྲང་དང་བཅས་པ། དགེ་ལུགས་པའི་གྲྭ་པ་རྣམས་ཀྱི་ཞྭ་མོ་སེར་པོ་ཡིན་པས་ཞྭ་སེར་པའང་ཟེར། དགེ་ལུགས་པ་ཞེས་པ་ནི་གདན་སའི་མིང་ལ་བརྟེན་ནས་བཏགས་པ་སྟེ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་བོད་རབ་བྱུང་བདུན་པའི་ས་གླང་སྤྱི་ལོ1409ལོར་དགའ་ལྡན་དགོན་པ་བཏབ་སྟེ་སྐུ་ཚེའི་སྨད་དུ་དེར་བཞུགས་ནས་རྗེའི་རིང་ལུགས་ཆོས་རྗེ་དགའ་ལྡན་པའི་ལུགས་ཞེས་འབོད། དེའི་ཚིག་སྣ་བསྡུས་ནས་བརྗོད་པའི་ཚེ་དགའ་ལུགས་པ་ཞེས་ཟེར་མི་བདེ་བས་དགེ་ལུགས་པ་ཞེས་མིང་དུ་འབོད་པ་རྒྱུན་ཆགས། དེ་ནས་བཟུང་དགེ་ལུགས་པའི་གྲུབ་མཐའ་དར་ཞིང་རྒྱས་པར་གྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
格鲁派
ཕྱི་ཡིག་གི་མིང་།
dge-lugs-pa
རིགས་དབྱེ།
ཆོས་ལུགས་གྲུབ་མཐའ།
དུས་སྐབས།
དུས་རབས་བཅུ་བཞི་པའི་ནང་།
སྲོལ་འབྱེད་མཁན།
རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
དགོན་སྡེ།
དགའ་ལྡན་དགོན་པ། འབྲས་སྤུངས་དགོན་པ། གཙང་བཀྲ་ཤིས་ལྷུན་པོ། སེ་ར་དགོན་པ།
1 ​མདོར་བསྟན།

དགེ་ལུགས་པའི་གྲུབ་མཐའ་ནི་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཞིག་ཡིན་ཞིང་། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་ཡབ་སྲས་ཀྱིས་དུས་རབས་བཅུ་བཞི་པའི་ནང་སྲོལ་བཏོད་དར་རྒྱས་མཛད་པའི་མདོ་སྔགས་བཤད་སྒྲུབ་ཟུང་འབྲེལ་གྱི་རིང་ལུགས་འཛིན་མཁན་རྗེས་འབྲང་དང་བཅས་པ།    དགེ་ལུགས་པའི་གྲྭ་པ་རྣམས་ཀྱི་ཞྭ་མོ་སེར་པོ་ཡིན་པས་ཞྭ་སེར་པའང་ཟེར། 

2 མིང་གི་ཐོགས་ཚུལ།

དགེ་ལུགས་པ་ཞེས་པ་ནི་གདན་སའི་མིང་ལ་བརྟེན་ནས་བཏགས་པ་སྟེ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས(སྤྱི་ལོ1357--1491)སྤྱི་ལོ1409བོད་རབ་བྱུང་བདུན་པའི་ས་གླང་ལོར་དགའ་ལྡན་དགོན་པ་བཏབ་སྟེ་སྐུ་ཚེའི་སྨད་དུ་དེར་བཞུགས་ནས་རྗེའི་རིང་ལུགས་ཆོས་རྗེ་དགའ་ལྡན་པའི་ལུགས་ཞེས་འབོད། དེའི་ཚིག་སྣ་བསྡུས་ནས་བརྗོད་པའི་ཚེ་དགའ་ལུགས་པ་ཞེས་ཟེར་མི་བདེ་བས་དགེ་ལུགས་པ་ཞེས་མིང་དུ་འབོད་པ་རྒྱུན་ཆགས། དེ་ནས་བཟུང་དགེ་ལུགས་པའི་གྲུབ་མཐའ་དར་ཞིང་རྒྱས་པར་གྱུར།  

3 བཀའ་གདམས་གསར་མ། 

ས་དགེ་བཀའ་རྙིང་མཐའ་དག་ནང་པའི་ཆོས་ལུགས་ལས་མ་འདས་པས་ཡུལ་གྱི་ཆ་ནས་བོད་ཀྱི་ནང་པའི་ཆོས་ལུགས་ཟེར་ན་ཆོག་གོ་ཞེས་སྔོན་བྱོན་མཁས་དབང་དག་གིས་གསུངས་ལ་རྙིང་མ་བ་ལས་གཞན་བཀའ་བརྒྱུད་པ་དང་། ས་སྐྱ་པ། དགེ་ལྡན་པ་ཐམས་ཅད་ཀྱི་མདོ་ཕྱོགས་ལས་བརྩམས་པའི་གྲུབ་མཐའི་རྩ་བ་ནི་ཇོ་བོ་ཨ་ཏི་ཤ་ལ་བརྟེན་ནས་དར་བའི་བཀའ་གདམས་པའི་གྲུབ་མཐའ་ལས་སོ་སོར་གྱེས་པ་ཡིན་ཞིང་། ཇོ་བོ་རྗེ་ནས་བརྒྱུད་པའི་བཀའ་གདམས་ཀྱི་བརྒྱུད་པ་གསུམ་ཀའི་གཞུང་བཤད་དང་མན་ངག་གི་བརྒྱུད་པ་ཆ་ཚང་བའི་ཐོག་གསང་བདེ་འཇིགས་གསུམ་ལ་སོགས་པའི་གསང་སྔགས་ཀྱི་ཉམས་བཞེས་ཀྱང་ཟུང་འབྲེལ་དུ་མཛད་པའི་དབང་གིས་བཀའ་གདམས་གསར་མ་ཞེས་པའི་ཐ་སྙད་འབོད་སྲོལ་བྱུང་། 

4 ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས།

ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་ཟེར་བ་ནི། སྔོན་བསྟན་པ་ཕྱི་དར་སྐབས་བླ་ཆེན་དགོངས་པ་རབ་གསལ་གྱིས་ཀླུ་མེས་དབུས་གཙང་དུ་བྱོན་ཁར་དབུ་ཞྭ་སེར་པོ་བཞེས་འཕྲོ་ཞིག་གནང་སྟེ་ང་རྗེས་སུ་དྲན་པར་གྱིས་ཤིག་གསུང་བར་བརྟེན་སྔོན་གྱི་འདུལ་འཛིན་ཆེན་པོ་རྣམས་ཀྱིས་དབུ་ཞྭ་སེར་པོ་མནབས་པ་ཡིན་པས། རྗེ་བླ་མས་ཀྱང་འདུལ་བའི་བསྟན་པ་ཉམས་པ་གཞི་ནས་གསོ་བའི་རྟེན་འབྲེལ་དུ་དབུ་ཞྭའི་ཁ་དོག་སྔོན་གྱི་འདུལ་འཛིན་རྣམས་དང་མཐུན་པའི་སེར་པོ་མཛད་པར་བརྟེན།  རྗེའི་རིང་ལུགས་ལ་ཞྭ་སེར་འཆང་བའི་ལུགས་ཞེས་ཀྱང་གྲགས་སོ། ། 

5 ཞྭ་སེར་བསྟན་པའི་དགོན་ཆེན་དྲུག
5_1 དགའ་ལྡན་དགོན་པ། 

glp1.png

འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་པའི་གླིང་ཞེས་པ་འདི་ནི་ལྷ་ས་གྲོང་ཁྱེར་གྱི་ཤར་ཕྱོགས་སྤྱི་ལེ་བཞི་བཅུ་འདས་པའི་སྟག་རྩེ་རྫོང་ཁོངས་ཀྱི་འབྲོག་རི་བོ་ཆེ་ཞེས་པའི་གནས་སུ་ཆགས་ཡོད། འདི་ནི་རྗེ་ཙོང་ཁ་པ་ཆེན་པོས་བོད་རབ་བྱུང་བདུན་པའི་ས་གླང་སྤྱི་ལོ1409ལོར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གྲོལ་མ་ཐག་སློབ་མ་ཉུང་ཤས་དང་བཅས་གནས་དེར་ཕེབས་ནས་བརྟག་པར་མཛད་པས་གནམ་ས་གང་ལ་དཔྱད་ཀྱང་བཤད་སྒྲུབ་འཆད་ཉན་འཕེལ་བའི་གནས་བཟང་པོར་གཟིགས་ནས་ས་དེར་དགོན་པ་འདེབས་པའི་ལྗགས་བཀོད་གནང་བ་ལྟར་སྲས་ཀྱི་ཐུ་བོ་རྒྱལ་ཚབ་དར་མ་རིན་ཆེན་དང་། འདུལ་འཛིན་གྲགས་པ་རྒྱལ་མཚན་གཉིས་ནས་དགེ་འདུན་ལྔ་བརྒྱ་ཙམ་ཁྲིད་པ་དང་།  དེའི་ཉེ་སྐོར་གྱི་སྐྱ་བཙུན་དང་སྡེ་པ་རྣམས་ཀྱིས་ཀྱང་དང་བ་ཆེན་པོས་ཞབས་འདེགས་ཞུས་པར་བརྟེན་ལོ་དེ་རང་ལ་གཟིམ་ཁང་གི་ཐོག་དྲངས་བྲང་ཁང(གྲྭ་ཤག)    བདུན་ཅུ་ལྷག་ཙམ་རྫོགས་པར་གྲུབ་ལ་གཞི་བཏིང་བའང་བརྒྱ་ཕྲག་བརྒལ།  བོད་རབ་བྱུང་བདུན་པའི་མེ་བྱ་སྤྱི་ལོ1417ལོར་རྗེའི་ལྗགས་བཀོད་བཞིན་ཡངས་པ་ཅན་གྱི་ནང་དུ་གཙང་ཁང་དང་། མགོན་ཁང་།  ཁྱིམ་ཀ་བ་བདུན་ཅུའི་ས།  སྒྲུབ་མཆོད་ཁང་བཅས་གྲུབ།  ལྕགས་བྱི་སྤྱི་ལོ1420ལོར་རྒྱལ་ཚབ་ཆོས་རྗེ་དང་།  འདུལ་འཛིན་གཉིས་ནས་རྗེའི་སྐུ་གདུང་རིན་པོ་ཆེ་ནང་རྟེན་དུ་བཞུགས་པའི་གསེར་གདུང་ཁང་བཞེངས། 

5_2 འབྲས་སྤུངས་དགོན་པ།

glp2.png

དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་འདི་ནི་གྲོང་ཁྱེར་ལྷ་སའི་ནུབ་ངོས་མཚམས་ཀྱི་རི་འདབས་སུ་ཆགས་ཡོད། དེ་ནི་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་དངོས་སློབ་འཕྲིན་ལས་ནམ་མཁའ་དང་མཉམ་པའི་བུ་ཆེན་བཞིའི་ཡ་རྒྱལ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན(སྤྱི་ལོ1379—1449)གྱིས་སྤྱི་ལོ1416ལོར་ཕྱག་བཏབ། དེ་ཡང་རྒྱལ་རི་དགེ་མཁར་རྒྱུ་སྐར་བཀྲ་བ་ལྟ་བུའི་དབུས་སུ་འབྲས་ས་ལུ་སྲུངས་པ་དང་གཉིས་སུ་མེད་པའི་ཁྱད་ཆོས་ལྡན་པའི་དགོན་པ་འདི་གསེར་འོད་རབ་ཏུ་འཕྲོ་བའི་རྒྱ་ཕིབས་དང་། གཉྫི་ར།  གདུགས།  རྒྱལ་མཚན་གྱིས་བརྒྱན་པ།  འདུ་ཁང་། གཙང་ཁང་། གཙུག་ལག་ཁང་རྣམས་མཐོ་ཞིང་བརྗིད་ཆགས་པ། གྲྭ་སྤྱིལ་རྣམས་རྡོ་ཐལ་དཀར་པོས་མཛེས་པར་སྤྲས་ཤིང་། གཞི་རྒྱ་ཆེ་ལ་ཁོར་ཡུག་ལྕགས་རིས་ཡོངས་སུ་བསྐོར་བ་ཞིག་ཡོད། དེ་ལྟར་ཆོས་སྡེ་ཆེན་པོ་འདི་ཐོག་མར་གཞི་བཙུགས་པ་ནས་བཟུང་སྣེའུ་རྫོང་དཔོན་ནམ་མཁའ་བཟང་པོས་སྦྱིན་བདག་མཛད་དེ་ཚོགས་ཆེན་འདུ་ཁང་དང་། སྔགས་ཁང་རྟེན་དང་བརྟེན་པ་བཅས་པ་དང་གྲྭ་སྤྱི་ལ་སོགས་མང་དུ་བསྐྲུན།

5_3 སེ་ར་དགོན་པ། 

glp3.png

ཆོས་སྡེ་ཆེན་པོ་སེ་ར་ཐེག་ཆེན་གླིང་ནི་གྲོང་ཁྱེར་ལྷ་སའི་བྱང་ངོས་མཚམས་སུ་རྒྱབ་རི་གླིང་པོ་ཆེ་ཉལ་བ་ལྟ་བུ་དང་།དེའི་རི་རྒྱུད་དུ་གདུགས་ལྟ་བུའི་རི་བོ་མཐོ་ ལ་མཛེས་པ། མཐའ་སྐོར་དུ་ཉམས་དགའི་དབེན་རི་ཁྲོད་ཀྱིས་བསྐོར་བའི་དབུས་སུ་ཆགས་ཤིང་། ཤིང་སེ་བའི་ར་བས་བསྐོར་བས་ན་སེ་ར་ཞེས་བརྗོད། དེ་ནི་རྗེ་ཙོང་ཁ་པའི་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤྰཀྱ་ཡེ་ཤེས(སྤྱི་ལོ1354---1435)ཀྱིས་བོད་རབ་བྱུང་བདུན་པའི་ས་མོ་ཕག་སྤྱི་ལོ1419ལོར་ཕྱག་བཏབ། དེ་ནི་གདན་ས་སེ་འབྲས་དགེ་གསུམ་གྱི་ནང་ནས་འདེབས་ཕྱི་མ་དེ་ཡིན།

5_4 བཀྲ་ཤིས་ལྷུན་པོ་དགོན་པ། 

glp4.png

གདན་ས་བཀྲ་ཤིས་ལྷུན་པོ་ནི་གཞིས་རྩེ་གྲོང་ཁྱེར་གྱི་ནུབ་ངོས་ཉེ་སྐོར་ཉི་མ་རིའི་ལྷོ་འདབས་སུ་ཆས་ཤིང་། དེ་ནི་གཙང་ཁུལ་གྱི་དགེ་ལུགས་པའི་དགོན་སྡེ་ཆེ་ཤོས་ཡིན། གདན་ས་དེ་ནི་རྒྱལ་བ་ཙོང་ཁ་པའི་ཞལ་སློབ་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་རྒྱལ་བ་དགེ་འདུན་གྲུབ་ཀྱིས་སྤྱི་ལོ1447ལོར་ཐོག་མར་ཕྱག་བཏབ།

5_5 སྐུ་འབུམ་དགོན་པ། 

glp5.png

སྐུ་འབུམ་བྱམས་པ་གླིང་ནི་ཟི་ལིང་གྲོང་ཁྱེར་གྱི་ལྷོ་ནུབ་ཏུ་ཡོད་ཅིང་། བར་ཐག་ན་སྤྱི་ལེ་བར་ཉེར་ལྔ་ཡོད་ལ། གནས་ས་ནི་སྐུ་འབུམ་རུ་གསར་གྲོང་གི་པདྨའི་རི་ཞེས་བྱ་བའི་འདབས་ན་བརྗིད་འདུག རྗེ་ཙོང་ཁ་པའི་བཙུན་སློབ་རིན་ཆེན་བརྩོན་འགྲུས་རྒྱ་མཚོས་སྤྱི་ལོ1560ལོར་ཕྱག་བཏབ། དགོན་པའི་གྲུབ་ཚུལ་ནི་ལྷ་ཁང་དང་ཚོགས་ཆེན་འདུག་ཁང་། མཆོད་རྟེན། གྲྭ་ཤག་མང་པོས་གྲུབ་སྟེ། ཨར་ལས་དང་བརྐོ་བཟོ། འཇིམ་བཟོ། ལྡེབས་རིས། ཐང་ཀ་གཙགས་དྲུབ་མ། མར་བཟོས་མེ་ཏོག མཆོད་མཇལ་བཅས་ཀྱི་ཕྱོགས་ནས་རིག་རྩལ་གྱི་ཆུ་ཚད་ཧ་ཅང་མཐོན་པོ་ཡོད། དགོན་པ་འདི་ནི་རང་རྒྱལ་གྱི་ནང་བའི་ཆོས་ལུགས་གྲས་ཀྱི་དགེ་ལུགས་པའི་དགོན་ཆེན་དྲུག་གི་ཡ་གྱལ་ཡིན་ཞིང་། འདིས་མིན་ཆིན་རྒྱལ་རབས་སྐབས་ཀྱི་མཚོ་བོད་ས་ཁུལ་གྱི་དཔལ་འབྱོར་དང་ཆབ་སྲིད།ཆོས་ལུགས། མི་རིགས་ཕན་ཚུན་བར་གྱི་འབྲེལ་བ།རིག་རྩལ།ཚན་རིག་བཅས་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པར་དཔེ་དངོས་རིན་པོ་ཆེ་དང་ལོ་རྒྱུས་རང་བཞིག་ལྡན་པའི་རྒྱ་ཆ་རྩ་ཆེན་བཞག་ཡོད་པ་རེད། དེར་བརྟེན། 1961ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་གནའ་རྫས་སྲུང་སྐྱོབ་ལས་ཁུངས་གལ་ཆེ་བ་ཁག་དང་པོའི་གྲས་སུ་བཞག་ནས་ཁྱབ་བསྒྲགས་བྱས།

5_6 བླ་བྲང་དགོན་པ། 

glp6.png

བླ་བྲང་བཀྲ་ཤིས་འཁྱིལ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གི་ནུབ་ཁུལ་དང་། བསང་ཆུའི་བྱང་ངོགས་སུ་ཆགས་ཡོད། སྤྱི་ལོ1709ལོར་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་ཀྱིས་ཡུལ་ལྗོངས་མཛེས་པའི་ས་འདིར་དགོན་པ་ཕྱག་བཏབ་གནང་ཞིང་།ལོ་ངོ་280ལྷག་ཙམ་གྱི་རིང་བཟོ་བསྐྲུན་དང་རྒྱ་བསྐྱེད་རྒྱུན་མ་ཆད་པར་བཏབ་པས་གྲྭ་ཚང་ཆེན་པོ་དྲུག་དང་། ལྷ་ཁང་དང་ནས་ཆེན་བཞི་བཅུ་ཞེ་བརྒྱད། གྲྭ་ཤག་ལྔ་བརྒྱ་ལྷག་ཙམ་ཡོད་པའི་བསྟན་པའི་གནས་གཞི་ཆེན་པོ་ཞིག་ཏུ་གྱུར་ཏེ་ཨ་མདོ་ཁུལ་དུ“དབུས་གཙང་ཆོས་ཀྱི་ཞིང་ཁམས་གཉིས་པ”ཞེས་པའི་མཚན་སྙན་གྱི་གྲགས་པ་འབར་ལ། དབུས་གཙང་གི་འབྲས་སྤུངས་དང་། སེ་ར། དགའ་ལྡན། བཀྲ་ཤིས་ལྷུན་པོ་དང་མཚོ་སྔོན་གྱི་སྐུ་འབུམ་བྱམས་པ་གླིང་བཅས་རང་རྒྱལ་གྱི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་གདན་ས་ཆེན་པོ་དག་གི་ནང་དུ་གཏོགས་ཤིང་། དགོན་པའི་ནང་དུ་ཨེ་ཤ་ཡའི་རྒྱན་གཅིག་གུང་ཐང་མཆོད་རྟེན་བཞུགས་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:8  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-21

གསར་སྤེལ་མཁན། :རྡོ་རྗེ་རབ་བརྟན།

རིགས་འགྲེ་བརྡ་འགྲེལ།