ལིན་ཁེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལིན་ཁེན།
ཁོང་ནི་ཁྱད་དུ་འཕགས་པའི་ཆབ་སྲིད་པ་ཞིག་ཡིན་ཞིང་། ཨ་མེ་རི་ཁའི་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཐད་ལ་བྱས་རྗེས་རླབས་ཆེན་བཞག་ཡོད། ཁོས《མི་ནག་བྲན་གཡོག་བཅིངས་འགྲོལ་གཏོང་བའི་བསྒྲགས་གཏམ》འགྲེམ་སྤེལ་བྱས་པས་ནུབ་ཕྱོགས་ཀྱི་བྲན་བདག་དང་གཞིས་ཀའི་བདག་པོ་དག་གི་གཉའ་མནན་པ་དང་ལྷོ་བྱང་ནང་འཁྲུག་གི་མཇུག་རྫོགས་པར་བྱས་ཏེ་ཨ་མེ་རི་ཁ་སྲིད་འཐོར་དུ་འགྲོ་བ་ལས་བསྐྱབས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
亚伯拉罕•林肯
ཕྱི་ཡིག་གི་མིང་།
Abraham Lincoln
རྒྱལ་ཁབ།
ཨ་མེ་རི་ཁ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1809--1865)
ལས་རིགས།
ཆབ་སྲིད་པ། ཁྲིམས་རྩོད་པ། གཏམ་བཤད་མཁན། ཙུང་ཐུང་། ས་ཞིང་ཐིག་རིས་འབྲི་མཁན། མངའ་སྡེའི་གྲོས་མི། སྤྱི་མཐུན་ཏང་གི་གཙོ་འཛིན།
འཐུས་ཚབ་བརྩམས་ཆོས།
《མི་ནག་བྲན་གཡོག་བཅིངས་འགྲོལ་གཏོང་བའི་བསྒྲགས་གཏམ》
1 ​ངོ་སྤྲོད།

ཁོང་ནི(སྤྱི་ལོ1809—1865)ཁྱད་དུ་འཕགས་པའི་ཆབ་སྲིད་པ་ཞིག་ཡིན་ཞིང་། ཨ་མེ་རི་ཁའི་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཐད་ལ་བྱས་རྗེས་རླབས་ཆེན་བཞག་ཡོད། ཁོས《མི་ནག་བྲན་གཡོག་བཅིངས་འགྲོལ་གཏོང་བའི་བསྒྲགས་གཏམ》འགྲེམ་སྤེལ་བྱས་པས་ནུབ་ཕྱོགས་ཀྱི་བྲན་བདག་དང་གཞིས་ཀའི་བདག་པོ་དག་གི་གཉའ་མནན་པ་དང་ལྷོ་བྱང་ནང་འཁྲུག་གི་མཇུག་རྫོགས་པར་བྱས་ཏེ་ཨ་མེ་རི་ཁ་སྲིད་འཐོར་དུ་འགྲོ་བ་ལས་བསྐྱབས།      

སྤྱི་ལོ1809ལོར། ལིན་ཁེན་ནི་ཁིན་ཐ་ཇི་ལྗོངས་ཀྱི་ཞིང་བ་དབུལ་བོ་ཞིག་གི་ཁྱིམ་ནས་སྐྱེས། ཁོས་བཤད་པ་ཇི་བཞིན་ཁོང་ཉིད་ཀྱི་བྱིས་དུས་ནི་དབུལ་ཕོངས་ཀྱི་ལོ་རིམ་ལོ་རྒྱུས་མདོར་བསྡུས་ཤིག་རེད། སྤྱི་ལོ1816ལོར། ལིན་ཁེན་བཟའ་མི་གང་བོ་དབྱིན་ཏི་ཨན་ན་ལྗོངས་ཀྱི་ལྷོ་ནུབ་ཕྱོགས་སུ་གནས་སྤར་པ་དང་ས་རྒོད་སློག་ནས་འཚོ་བ་རོལ་ཐབས་བྱས། ཁྱིམ་གྱི་འགྲོ་གྲོན་ལ་ཁ་སྣོན་བྱེད་ཆེད་ལིན་ཁེན་གྱིས་བྱ་བ་བསྒྲུབས་ནས་སྒོར་མོ་བཙལ་མགོ་བརྩམས། ཁོས་ཁྱིམ་མཚེས་ལ་བུད་ཤིང་འཐུ་བ་དང་གྲུ་པ། ཚོང་ཁང་གི་ཞབས་ཞུ་པ་སོགས་ཀྱི་བྱ་བ་བྱས་པ་ཡིན། འཚོ་བའི་ཆ་རྐྱེན་ཧ་ཅང་ཞན་ནའང་ལིན་ཁེན་དཔེ་ཆ་ཀློག་པར་ཧ་ཅང་དགའ། ཤོག་བུ་དང་སྨྱུ་གུ་མེད་ན་ཡང་ཁོས་ས་ཐོག་ཏུ་ཡི་གེ་བྲིས་པ་ཡིན་ལ་དཔེ་ཆ་མེད་པས་ཁོས་གཞན་ལ་གཡོག་བྱས་ཏེ་གླ་རིན་ལ་དཔེ་ཆ་གཡར་ནས་བལྟས། དེ་འདྲའི་དཀའ་སྡུག་གི་འཚོ་བར་ཁོས་གཉའ་མི་སྒུར་བར་མ་ཟད་ཁོར་བློ་སྟོབས་སྩལ་ལ་ཁོག་རྒྱ་ཆེ་ཞིང་སྙིང་རྗེ་ཆེ་བའི་གཤིས་ཀ་གྲུབ།

གྲུབ་འབྲས་སྨིན་པའི་ལིན་ཁེན་གྱིས་བརྩེ་སེམས་ཟབ་མོའི་ངང་འདི་ལྟར་བཤད། ངའི་ཡོད་ཚད་ནི་ལྷའི་ཕོ་ཉ་ལྟ་བུའི་ཨ་མས་ང་ལ་སྦྱིན་པ་ཡིན་ཞེས་ཟེར། ཁྱིམ་གྱི་ཆ་རྐྱེན་ཧ་ཅང་ཞན་པས་ཁོང་གི་ཕ་ལགས་ཁོས་ཡི་གེ་འདོན་པར་གཏན་ནས་མ་འཐད་པ་ཡིན། ཡིན་ཡང་མ་ཡུམ་ནན་ཞི་ནི་སེམས་རྒྱ་ཆེ་ལ་བརྟན་བརླིང་གི་བུད་མེད་ཅིག་ཡིན། མོས་རང་གི་བསམ་ཚུལ་རྒྱུན་འཁྱོངས་བྱས་སྟབས་ལིན་ཁེན་སློབ་གྲྭར་འགྲིམ་ཐུབ་པ་བྱུང་། ཨ་མས་མཛུབ་སྟོན་ལ་བརྟེན་ནས་ལིན་ཁེན་ལ་བརྩོན་འགྲུས་ལྡན་པ་དང་སྙིང་རྗེ་ལྡན་ལ་གཞུང་རྒྱུད་དྲང་བའི་རང་གཤིས་གྲུབ། ལིན་ཁེན་ལོ་བཅུ་ལ་སོན་དུས་ཁོང་གི་ཨ་མ་ལ་ནད་ལྕི་མོ་ཞིག་ཕོག་ནས་ཚེ་ལས་འདས། འདིས་ལོ་ན་ཆུང་བའི་ལིན་ཁེན་ལ་བཟོད་ཐབས་མེད་པའི་སྡུག་བསྔལ་ཆེན་པོ་བཟོས།

འོན་ཀྱང་། ལིན་ཁེན་ལ་མ་འགྱངས་པར་རླབས་ཆེ་བའི་ཨ་མ་གཉིས་པ་སཱ་ལི་ཐོབ། མ་ཡར་ལིན་ཁེན་ལ་བློ་སེམས་དཀར་ཞིང་ཞེ་འདང་ཟབ་པས་ཁོར་ཐབས་བརྒྱ་ཇུས་སྟོང་གི་དཔེ་ཆ་འདོན་དུ་བཅུག ཐེངས་ཤིག་ལ། ལིན་ཁེན་སྤུས་ཚད་ཅུང་བཟང་བའི་སློབ་གྲྭར་འགྲོ་འདོད་ཀྱང་ཨ་ཕས་དགོས་ངེས་མེད་པར་བསམ། འོན་ཀྱང་མ་ཡར་གྱིས་ཆོད་སེམས་བརྟན་པོས་ངང་ལིན་ཁེན་ནི་བྱིས་པ་ཁྱད་པར་ཅན་ཞིག་ཡིན་པས་ངས་ངེས་པར་དུ་སྐྱེད་སྲིང་བྱེད་དགོས་ཞེས་བཤད། མཐར་ལིན་ཁེན་མི་སེར་དཀྱུས་མ་ཞིག་ནས་ཙུང་ཐུང་དུ་བསྡད་པ་དང་། ཁོའི་རྒྱུད་ན་དེ་འདྲའི་ཀུན་སྤྱོད་ཡང་དག་དང་བློ་རྩེ་བརྟན་པོ་ཞིག་ཡོད་པ་ནི་རླབས་ཆེ་བའི་མ་ཡུམ་དེ་གཉིས་དང་འབྲེལ་བ་དམ་པོ་ཡོད།

2 དབུལ་བོའི་བུ་ཕྲུག

ལིན་ཁེན་ནི་ཨ་རིའི་ལོ་རྒྱུས་སྟེང་ཆེས་དབུལ་བའི་སྡེ་བར་སྐུ་འཁྲུངས་ཤིང་ཁོའི་ཡབ་ཆེན་ཐའོ་མཱ་སི་ནི་ཆེས་དབུལ་བའི་མི་ལྡོམ་ཞིག་ཡིན་ལ་རྒྱུན་པར་གནས་ངེས་མེད་ཀྱི་འཚོ་བ་རོལ་མཁན་ཞིག་ཀྱང་ཡིན། ལིན་ཁེན་སྐུ་འཁྲུངས་ལ་ཉེ་བའི་ཡར་སྔོན་དུ་ཁོས་ཨ་སྒོར66བཏང་ནས་ཐཱ་ཇེ་ཁུལ་གྱི་ཧཱ་ཏེན་རྫོང་ཁོངས་ཀྱི་དབུལ་ཕོངས་སྡེ་བ་ཞིག་ནས་ས་ཆུང་ཆུང་ཞིག་ཉོས་ཏེ་ཤིང་ཁང་ཧ་ཅང་ཐབས་སྡུག་པོ་ཞིག་ཕུགས།

སྤྱི་ལོ1809ལོའི་ཟླ2པར་གནས་དེ་ནས་ལིན་ཁེན་སྐུ་འཁྲུངས་པ་རེད། ལིན་ཁེན་ལོ་ཆུང་བའི་དུས་ནས་ཆུ་ལེན་པ་དང་བུད་ཤིང་སྐྱེལ་བ། ཁྱིམ་ཕྱགས་པ་སོགས་བྱེད་ཅིང་ལོ7གྱི་སྟེང་ནས་མི་ཆེན་ཚོ་དང་ལྷན་དུ་ཤིང་གཅོད་པ་དང་། རྩྭ་འབྲེག་པ། ཞིང་འདེབས་པ་སོགས་ཀྱི་དཀའ་ལས་བྱས། ད་དུང་ཁོ་རྒྱུན་པར་ཨ་ཅེ་དང་ལྷན་དུ་རྐང་རྗེན་ལ་ས་ཐག་རིང་བའི་ནགས་གསེབ་ཏུ་ཤིང་ཏོག་འཐུ་བར་འགྲོ་སྲིད།

ལིན་ཁེན་གྱི་ཆུང་མིང་ལ་ཨཱ་པེ་ཟེར་ཞིང་རྒྱུ་མཚན་ཆུང་བའི་དུས་ནས་སྡུག་མྱོང་བའི་རྐྱེན་གྱིས་ཡིན་སྙམ། ལིན་ཁེན་ཆུང་བའི་དུས་ནས་སྡུག་མྱོང་མཁན་རྣམས་ལ་ཧ་ཅང་སྙིང་རྗེ་སྐྱེས་སྲིད།

ལོ་ཞིག་གི་དགུན་ཁར་ལིན་ཁེན་གྱི་ཕ་ཡུལ་དུ་དགེ་རྒན་ཞིག་ཐོན་ནས་ཁོས་ཧ་ཅང་ཐབས་ཆག་གི་ཁང་པ་ཞིག་ཏུ་སློབ་གྲྭ་ཞིག་བཙུགས།

སློབ་ཁང་དེར་ཤེལ་སྒོ་མེད་ཅིང་འདུག་སྟེགས་དང་མདུན་ཅོག་ཚང་མ་ཤིང་སྡོང་གཏུབ་འཕྲོ་ཏག་ཏག་བསྒྲིགས་ཡོད་ལ། སློབ་ཁང་ཧ་ཅང་དམའ་སྟབས་དགེ་རྒན་གྱི་མགོ་བོ་སློབ་ཁང་གི་ཀླད་ལ་ཐུག་འདུག

ལིན་ཁེན་དང་སྡེ་བ་དེའི་བྱིས་པ་ཚང་མ་སློབ་གྲྭ་དེར་ཞུགས་པ་རེད། ཁོ་ཚོ་ལོ་ན་ཆེས་ཆེ་བ་བཅོ་ལྔ་བཅུ་དྲུག་དང་ཆེས་ཆུང་བ་བདུན་བརྒྱད་ཙམ་ཡིན་ལ། དེ་དུས་ལིན་ཁེན་ལོ11ལོན་ཡོད།

ཉིན་ཞིག་སློབ་གྲོགས་རྣམས་ཀྱིས་རུས་སྦལ་ཞིག་བཟུང་ནས་ཁ་བའི་ནང་དུ་འཕངས་ཏེ་ཚང་མས་མཐའ་བསྐོར་ནས་ལྟད་མོར་བལྟས། དེའི་སྐབས་སུ་མིང་ལ་ཐའོ་ཆོས་ཟེར་བའི་སློབ་གྲོགས་ཤིག་ཡོད་པ་དེས་ཤིང་ཐུར་གཉིས་ཀྱི་བར་ལ་རྡོ་སོལ་འབར་མ་དམར་ལྷོག་ལྷོག་ཅིག་ཁྱེར་ཡོང་ནས་རུས་སྦལ་གྱི་སྐེ་ཁུང་དུ་བཅུག རུས་སྦལ་ན་ཟུག་གིས་བཟོད་མ་ཐུབ་པར་ས་མཆོང་གནམ་མཆོང་བྱས་པར་བྱིས་པ་རྣམས་གད་མོ་དགོད་ཞོར་དུ་མཐའ་བསྐོར་ནས་བརྒྱུག

ལིན་ཁེན་ནི་བྱིས་པ་སྙིང་རྗེ་ཅན་ཞིག་ཡིན་སྟབས་སེམས་ལ་བཟོད་བསྲན་མེད་པའི་ན་ཟུག་སྐྱེས་ཏེ་སློབ་གྲོགས་ཚོ་ཁ་དྲོ་བཀྲ་ཤིས་དེ་ལྟར་མ་བྱེད་ཅེས་ཞུ་བ་བྱས། སློབ་གྲོགས་ཐའོ་ཆོས་ནི་གཟུགས་རིང་ཞིང་ཤེད་ཤུགས་ཆེ་བས་རྒྱུན་པར་སློབ་གྲོགས་ཆུང་ཆུང་ཚོ་ལ་བསམ་ནག་བྱེད་སྲིད། ལིན་ཁེན་གྱིས་དེ་ལྟར་ཞུ་བ་བྱས་པར་གཏན་ནས་མ་དགའ་བར་བྱིས་པ་ཚོ་དང་མཉམ་དུ་ལག་པའི་ཐལ་མོ་རྡེབ་བཞིན་གནམ་ལ་མཆོང་ནས། ཨཱ་པེ་སྙིང་ཆུང་། ཨཱ་པེ་སྐྱག་ཤོར་ཞེས་ལིན་ཁེན་ལ་འཕྱ་སྨོད་བྱས། ལིན་ཁེན་ཁོང་ཁྲོ་གཏིང་ནས་སྐྱེས་ཏེ་རུས་སྦལ་སྟེང་གི་མེ་ལ་རྡོག་ཐོས་བརྒྱབ་ཏེ་ཐང་དུ་གཡུག ཐའོ་ཆོས་ལིན་ཁེན་གྱི་སྐེ་ལ་འཐམ་པས་ལིན་ཁེན་གྱིས་ཤེད་ཤུགས་ཡོད་ཚད་ཕུད་དེ་ཐའོ་ཆོས་ཐང་ལ་མནན་ནས་ཕམ་པར་བཟོས། དོན་རྐྱེན་དེས་ལིན་ཁེན་གྱི་སེམས་སུ་ནམ་ཡང་ཡལ་ཐབས་མེད་པའི་ཤུགས་རྐྱེན་ཟབ་མོ་ཐེབས། རྗེས་སུ་ཁོས་དོན་རྐྱེན་དེ་ལས་བྱའི་རྩོམ་ཡིག་ཏུ་བྲིས།

ལོ་དེའི་དཔྱིད་ཀར་དགེ་རྒན་ས་ཆ་གཞན་ཞིག་ཏུ་སོང་བར་ལིན་ཁེན་ལ་སློབ་སྦྱོང་བྱེད་པའི་སྐལ་བ་དང་བྲལ། རྗེས་སུ་ཡང་ཁོ་སློབ་གྲྭ་གཞན་ཞིག་ཏུ་སོང་ཡང་མུ་མཐུད་དེ་འགྲོ་བའི་གོ་སྐབས་མ་བྱུང་། ལིན་ཁེན་གྱི་སློབ་གྲྭའི་སློབ་གསོ་དེ་བསྡོམ་ན་ཡང་ལོ་གཅིག་ལོན་མེད། དུས་དེ་ནས་བཟུང་ལིན་ཁེན་ནི་རིག་གནས་ལ་ཧ་ཅང་དགའ་བ་དང་རིག་གནས་སྦྱང་འདོད་ཀྱི་འདུན་པ་ནི་སྐོམ་པའི་ཆུ་འདོད་པ་ལྟར་གྱུར།

ཉིན་ཞིག་ཁོའི་མ་དོད་ཀྱིས་དཔེ་ཆ་འགའ་ཁྱེར་ཡོང《དམ་པའི་གསུང་རབ》《ཡཱེ་སོའི་གཏམ་དཔེ》《ལོའུ་པིན་བཤིན་ཡུལ་གྱར་གཏམ་རྒྱུད》སོགས་དཔེ་དེབ་ལྔ་ཡོད། ཁོ་ཤིན་ཏུ་དགའ་ནས་ཁོམ་པ་བྱུང་ཚེ་དཔེ་བལྟ་བྱས། ལིན་ཁེན་དཔེ་ཆ་ཉོ་བར་སྒོར་མོ་མེད་སྟབས་དཔེ་ཆ་གཡར་བར་ཧ་ཅང་དགའ། ཐེངས་གཅིག་ལ་ཁོས་ཁྱིམ་མཚེས་ཚང་ནས《ཧྭ་ཧྲིན་ཐུན་གྱི་བྱུང་བ་བརྗོད་པ》ཞེས་པའི་དཔེ་ཆ་ཞིག་གཡར། དཔེ་ཆ་དེས་ལིན་ཁེན་ལ་ཉིན་མོའི་ཟས་དང་མཚན་མོའི་གཉིད་བརྗེད་པར་གྱུར་ནས་ཁོའི་སེམས་སུ་སྔོན་བྱུང་མ་མྱོང་བའི་ཤུགས་རྐྱེན་ཟབ་མོ་ཞིག་ཐེབས། ཉིན་ཞིག་ཁོས་དཔེ་ཆར་བལྟས་རྗེས་སྒོ་འགྲམ་གྱི་ཤིང་ཁང་ཆུང་ཆུང་དེ་ནས་དཔེ་ཆ་འཁྱེར་རྒྱུ་བརྗེད། མཚན་མོ་དེར་དྲག་ཆར་སྔོན་བྱུང་མ་མྱོང་བ་ཞིག་བབས་ཏེ་དཔེ་ཆ་ཆུ་ནང་དུ་ལྷུང་བ་ལྟར་རློན་པར་གྱུར་ནས་བལྟ་ཐབས་བྲལ།

ཉིན་འགའ་འགོར་རྗེས་ཁོས་སེམས་སྐྱོ་བཞིན་དུ་དཔེ་བདག་ལ་ཞུ་བ་བྱེད་པར་མི་འགྲོ་ཐབས་མེད་བྱུང་། དཔེ་བདག་གིས་དཔེ་ཆ་མཐོང་འཕྲལ་ཁོང་ཁྲོ་གཏིང་ནས་ལངས་ཏེ་ངེས་པར་དུ་དཔེ་ཆ་གསར་བ་ཞིག་གིས་སྐྱིན་ཚབ་སྤྲོད་དགོས་ཟེར། དཔེ་ཆ་གསར་བ་ཉོ་བར་ང་ལ་སྒོར་མོ་མེད་པས་ངས་ཁྱེད་ལ་ཉིན་གསུམ་ལ་གཡོག་གླ་བྱེད་པའི་རེ་བ་ཞུས། དཔེ་བདག་ལའང་ཐབས་མེད་པས་དེ་ལྟར་བྱས། ཁོས་ཉིན་གསུམ་ལ་དཔེ་བདག་ཚང་ལ་རྩྭ་སྔོན་འཐུ་རོགས་བྱས་ཏེ་དཔེ་ཆའི་སྐྱིན་ཚབ་སྤྲད།

ལིན་ཁེན་ནི་ཞིང་གྲོང་ནས་བགྲང་བྱ22རིང་བསྡད་ཅིང་ཞིང་གྲོང་གི་བྱ་བ་ཁོ་ལ་ལས་མི་ཤེས་པ་གཅིག་ཀྱང་མེད་ལ་ལས་མ་མྱོང་བའང་གཅིག་ཀྱང་མེད། བགྲང་བྱ་ཉེར་གཉིས་རིང་གི་ཡུལ་གྱར་བའི་འཚོ་བ་ནི་གཡོག་གླ་ལ་བརྟེན་པས་ཁོས་དཀའ་སྡུག་དང་གྲང་འཁྱག་ལྟོགས་སྐོམ་སོགས་ཇི་འདྲ་མྱོང་བ་བཤད་མི་ཤེས་པ་ཞིག་རེད། འོན་ཀྱང་ཁོའི་མི་ཚེའི་རྒྱང་བསྐྱོད་ཀྱི་མདུན་ལམ་དུ་སྔ་ན་མེད་པའི་སྟོབས་ཤུགས་དང་བླ་ན་མེད་པའི་སྤོབས་སེམས་བསྐྱེད་ཡོད།

ཉིན་ཞིག་ཁོ་དང་སྤུན་ཆུང་གཉིས་ཞིང་བདག་རྣམས་ཀྱིས་མི་ནག་བྲན་གཡོག་བཙོང་བའི་ཚོང་ར་ཆེན་པོ་ཞིག་ཏུ་སོང་། དེ་རུ་མི་རྣམས་ཕྱུགས་ཟོག་ལྟར་དུ་ར་ནང་དུ་བཅུག་ཡོད་ཅིང་ཚང་མར་རྐང་ལྕགས་ལག་ལྕགས་བརྒྱབ་ཏེ་ཞིང་བདག་རྣམས་ཀྱིས་རྟ་ལྕག་གིས་འབྲབ་བཞིན་ཡོད།  མི་ནག་ཁྱིམ་ཚང་ཞིག་གི་ཕ་རྒན་ཞིང་བདག་ཞིག་ལ་བཙོང་བ་དང་མ་རྒན་ཞིང་བདག་གཞན་ཞིག་ལ་བཙོང་། བུ་ཕྲུག་རྣམས་ཀྱང་དེ་ལྟར་ཕྱོགས་སོ་སོར་བཙོང་། དེའི་ནང་གི་ཆེས་ཆུང་བའི་བྱིས་པ་ལོ་དུ་མ་ལས་མེད། ལིན་ཁེན་གྱིས་བྱིས་པ་དེའི་རྣ་བར་གཟན་པའི་ངུ་སྐད་འཐེན་བཞིན་ཨ་མ་དང་ཁ་བྲལ་བ་མཐོང་འཕྲལ་སེམས་པར་གྲི་ཤན་བྱས་པ་ལྟར་ཁོང་ཁྲོ་མེ་ལྟར་འབར།

ཁོང་ཚོ་ཡང་ར་བ་གཞན་པ་ཞིག་ཏུ་ཐོན་ཚེ་དེའི་ནང་དུ་མི་དཀར་ནག་གཉིས་ཀྱི་རིགས་རྒྱུད་བུ་མོ་ཞིག་བཙོང་བཞིན་ཡོད། བྲན་གཡོག་བདག་པོས་བུ་མོ་དེ་གཞན་པས་ཉོ་དགོས་པའི་ཆེད་དུ་བུ་མོའི་བརླ་ཤ་མཐོང་དུ་བཅུག་པ་དང་། ནུ་འབུར་གཉིས་ཕྱིར་བཏོན་ནས་རྟ་བཞོན་ཕར་བརྒྱུག་ཚུར་བརྒྱུག་བྱེད་དུ་བཅུག་ནས་སྟབས་ཀ་ལེགས་པོ་འདི་ཤོར་དུ་འཇུག་མི་ཉན་ཞེས་རྟ་ལྕག་གིས་འབྲབ་བཞིན་ཡོད། ལིན་ཁེན་གྱིས་ཡ་ང་བའི་བྱ་སྤྱོད་དེ་མཐོང་འཕྲལ་མིག་ཟུང་ལས་རང་དབང་མེད་པར་མཆི་མ་ཤོར་བཞིན་གལ་སྲིད་ང་ལ་སྟབས་ཀ་ཞིག་ལྡན་སྲིད་ན། མིའི་སྤྱོད་ལམ་དང་མི་མཐུན་པའི་སྲིན་པོ་འདི་དག་ལ་སྲོག་ཆད་གཅོད་ངེས་ཡིན་ཞེས་ཟེར།

3 ང་རང་རྒྱལ་ཚོགས་སུ་ཞུགས་དགོས།

ཨ་མེ་རི་ཁ་ནས་རྒྱལ་ཁབ་ཀྱི་དོན་དུ་གཏམ་བཤད་བྱེད་པའི་དབང་ཆ་བརྩོན་ལེན་བྱེད་དགོས་ན། ངེས་པར་དུ་རྒྱལ་ཚོགས་སུ་ཞུགས་དགོས། ལིན་ཁེན་རང་ཉིད་ཀྱི་ཕུགས་བསམ་དེའི་ཆེད་དུ་ཆོས་ཚོགས་ཤིག་གི་སྟེང་དུ་རང་ཉིད་རྒྱལ་ཚོགས་སུ་ཞུགས་འདོད་པའི་ཕུགས་བསམ་དེ་གཏམ་བཤད་གནང་བས། དེའི་སྐབས་སུ་ཁོ་གཟུ་བ་ཞིག་ལས་ཅི་ཡང་མིན་ནའང་ཁོའི་ཡ་མཚར་བའི་ཚིག་སྦྱོར་དང་སྨྲ་དག་པའི་ཁ་ལྕེ་དེར་ཀུན་གྱིས་གདེངས་འཇོག་མཐོན་པོ་བྱས།

དེ་ནི་གཟའ་ཉི་མ་ཞིག་གི་སྔ་མོ་ཡིན་ལ་སྔ་མོ་དེར་ལིན་ཁེན་དང་ཁོའི་གྲོགས་པོ་ཚོ་ ལྷན་དུ་ལྷ་ཁང་དུ་ཆོས་བྱེད་པར་སོང་། གཟའ་ཉི་མའི་ཉིན་ལྷ་ཁང་དུ་ཆོས་བྱེད་དུ་འགྲོ་བ་ནི་ལིན་ཁེན་གྱི་ལོ་མང་པོ་ཞིག་གི་གོམས་སྲོལ་ཡིན་པ་མ་ཟད་ཁོས་རྒྱུན་པར་བླ་མའི་ཆོས་གསུང་སྐབས་སྐད་ཆའི་སྒྱུ་རྩལ་སྦྱངས་བར་ཧ་ཅང་དགའ་བོ་བྱེད། འོན་ཀྱང་ད་ཐེངས་ཀྱི་བླ་མ་དེ་ནི་སྔོན་གྱི་བླ་མ་དང་མི་འདྲ་བར་ལུགས་སྲོལ་རྙིང་པའི་ལྟ་བ་ཡིན་པ་མ་ཟད་ཤུགས་ཆེན་པོས་བྲན་གཡོག་ལམ་ལུགས་ལ་འུད་བསྟོད་བྱེད་མཁན་ཞིག་ཀྱང་རེད། ཁོས་ལིན་ཁེན་ལ་མི་མང་པོའི་ནང་ནས་ཆེད་དུ་ཡོད་ཚད་ཀྱི་ཡོད་ཚད་དང་ཐ་ན་རང་གི་གཅེས་པའི་སྲོག་ཀྱང་དཀོན་མཆོག་ལ་འབུལ་བ་དང་། དག་པའི་ཞིང་ཁམས་སུ་འགྲོ་འདོད་པའི་མི་རྣམས་ཡར་ལོངས་ཞེས་ཟེར། ལྷ་ཁང་ལས་མི་མང་པོ་ཡར་ལངས། ཁོས་ཡང་བསྐྱར་མར་དམྱལ་བའི་ཡུལ་འགྲོ་མི་འདོད་པའི་མི་རྣམས་ཡར་ལོངས་ཞེས་ཟེར། དེ་དུས་                ལིན་ཁེན་མིན་པ་ཚང་མ་ཡར་ལངས། བླ་མས་སྐུ་ཞབས་ལིན་ཁེན་ལགས། ངས་ཁྱེད་ལ་དྲི་བ་ཞིག་བྱས་ན་ཆོག་གམ། ཁྱེད་རང་གང་དུ་འགྲོ་བ་ཡིན་ཞེས་དྲིས། ལིན་ཁེན་དལ་མོར་ཡར་ལངས་ཏེ་སྐད་གསེང་མཐོན་པོས་ང་རང་རྒྱལ་ཚོགས་སུ་འགྲོ་རྒྱུ་ཡིན་ཞེས་ལན་བཏབ།

ལིན་ཁེན་ལྷ་ཁང་ལས་སྒོར་བུད་དེ་འགྲོ་སྐབས་ཁོའི་གྲོགས་པོ་ཞིག་གིས་ཁྱེད་རང་རྒྱལ་ཚོགས་སུ་འགྲོ་བའི་དགོས་དོན་ཅི་ཡིན་ཞེས་དྲིས། ལིན་ཁེན་གྱིས་དཀོན་མཆོག་གིས་མི་ཡུལ་འདི་གསར་གཏོད་བྱེད་པའི་ཚེ་ན་ཁོང་གིས་མི་རྣམས་ལ་ཁྱེད་ཚོས་ངེས་པར་དུ་གདོང་ཡོངས་སུ་རྔུལ་ཆུས་གང་བར་བྱེད་ཐུབ་ན་ད་གཟོད་ཁ་ཟས་རྙེད་ངེས་ཡིན་ཞེས་གསུངས་པ་ལྟར། ང་ཚོས་མི་ཡུལ་འདིར་ཐོག་མར་ངལ་རྩོལ་བྱེད་མ་ཐུབ་ཚེ་འཇིག་རྟེན་ཁམས་འདིར་མཁའ་དབུགས་དང་འོད་སྣང་ལས་ང་ཚོ་ལ་ཅི་ཡང་ལོངས་རྒྱུ་མེད། རྒྱུ་མཚན་འཇིག་རྟེན་འདིའི་མཛེས་སྡུག་གི་བྱ་དངོས་ཐམས་ཅད་ངལ་རྩོལ་ལ་བརྟེན་ནས་བྱུང་བ་ཡིན། དེའི་ཕྱིར་ངལ་རྩོལ་བྱེད་མཁན་གྱི་མི་རྣམས་ལ་ངལ་རྩོལ་གྱི་འབྲས་བུ་དེ་ལོངས་སུ་སྤྱོད་པའི་ཁེ་དབང་ཡོད་ཅེས་བཤད།

ངོ་མ་རེད། གལ་ཏེ་ང་ཚོས་སོན་འདེབས་མ་བྱས་ན་འབྲས་བུ་འབྱུང་མི་སྲིད་ལ། གསར་གཏོད་མ་བྱས་ན་དེ་རིང་གི་འཇིག་རྟེན་འདི་གང་ནས་འབྱུང་ཞེས་ཁོའི་ཆོས་གྲོགས་དེས་ལིན་ཁེན་གྱིས་བཤད་པར་གནས་ལུགས་ཧ་ཅང་ཆེན་པོ་ཡོད་སྙམ། 

ལིན་ཁེན་གྱིས་འོན་ཀྱང་འཇིག་རྟེན་འདིར་ལ་ལས་ངེས་པར་ངལ་རྩོལ་བྱེད་དགོས་ལ། ལ་ལས་གཏན་ནས་ངལ་རྩོལ་མི་བྱེད། ངལ་རྩོལ་མི་བྱེད་པའི་མི་རྣམས་ཀྱིས་ངལ་རྩོལ་བྱེད་པའི་མི་རྣམས་ཀྱི་ངལ་རྩོལ་འབྲས་བུ་ཁོ་ཚོར་ཐོབ་དགོས། དཔེར་ན། བྲན་གཡོག་གི་བདག་པོ་ཚོ་ལྟ་བུ། ཁོ་ཚོས་ངལ་རྩོལ་གྱི་འབྲས་བུ་ལོངས་སྤྱོད་པ་མ་ཟད་འགྲོ་བ་མིའི་གནས་སྟངས་ལ་མི་སྲིད་པའི་བཙོན་ལས་དང་། གཉའ་གནོན། ཕྱུགས་ཟོག་ལྟར་བཙོང་བ་སོགས་བྱེད་པས་འདི་ནི་ང་ཚོའི་སྲིད་གཞུང་གི་སྐྲན་ནད་ཅིག་ཡིན་པས་ངེས་པར་དུ་གཤགས་བཅོས་བྱེད་དགོས། དེའི་ཕྱིར་ང་རང་རྒྱལ་ཚོགས་སུ་ཞུགས་འདོད།

ཆོས་གྲོགས་དེས་སྐུ་ཞབས་ལིན་ཁེན་ལགས། ངོ་མ་རླབས་ཆེན་རེད། ང་རང་ཁྱེད་ཀྱི་བསམ་ཕྱོགས་ལ་ཧ་ཅང་འཐད་པ་ཡིན། ཁྱེད་རང་འདེམས་བསྐོ་བྱེད་པའི་སྐབས་སུ་ངས་ཁྱེད་ལ་རོགས་བྱེད་ངེས་ཡིན་ཞེས་བརྗོད།

ཆོས་གྲོགས་དེ་ནི་ངོ་མ་ཁ་དོན་མཚུངས་པ་ཞིག་ཡིན་སྟབས་ཁོ་དང་གྲོགས་པོ་ཚོ་དང་མཉམ་དུ་ཨ་སྒོར200ཕུད་དེ་འདེམས་བསྐོ་བྱེད་པའི་སྤྱོད་དངུལ་དུ་བཞག འདེམས་བསྐོ་ཚར་རྗེས་ཁོའི་གྲོགས་པོ་རྣམས་ལ་ཨ་སྒོར199དང་སྒོར་ཟུར25སྤྲད་པས་ཁོས་སྒོར་ཟུར75ལས་སྤྱོད་མ་དགོས་པར་པཱ་སི6340ལས་བདེ་བླག་ངང་ནས་ཁོ་རང་རྒྱལ་ཚོགས་སུ་ཞུགས་པར་བྱུང་། 

4 བྲན་གཡོག་བདག་པོའི་འཐབ་རྩོད།

ལིན་ཁེན་གྱི་སྐུ་རིང་ལ་ཨ་རིའི་ལོ་རྒྱུས་སྟེང་ཟིང་ཆ་ཆེས་ཆེ་བའི་དུས་སྐབས་ཡིན་ལ། སྤྱི་ལོ1783ལོར་ཨ་རིའི་བྱང་ཕྱོགས་སུ་རང་བཙན་དམག་འཁྲུག་གི་རྒྱལ་ཁ་ཐོབ་ཏེ་ཁུལ 13གྱི་མི་དམངས་རྣམས་དབྱིན་ཇིའི་དབང་བསྒྱུར་ལས་ཐར་ནས། བྱང་ཕྱོགས་མ་རྩའི་གྲལ་རིམ་དང་ལྷོ་ཕྱོགས་བྲན་གཡོག་བདག་པོ་གཉིས་ཀྱི་མཉམ་འབྲེལ་སྲིད་སྐྱོང་བཙུགས། དེའི་སྐབས་སུ་ཨ་རིའི་ལྷོ་ཕྱོགས་ཀྱི་ཆེས་རྗེས་ལུས་ཡིན་པའི་བྲན་གཡོག་ལམ་ལུགས་ཀྱི་ཞིང་ལས་དཔལ་འབྱོར་དང་། བྲན་གཡོག་བདག་པོས་བདག་བཟུང་བྱས་པའི་ས་ཆ་རྣམས་ཞིང་ལས་ཅན་དུ་བསྒྱུར་ཏེ་སྲིང་བལ་སོགས་བཟོ་ལས་རྒྱུ་ཆ་མང་བོ་འདེབས་འཛུགས་བྱས་ནས་རྒྱུ་ཆ་དེ་དག་དབྱིན་ཇིར་བཙོང་སྟེ་རང་ལ་མཁོ་བའི་བཟོ་ལས་རྒྱུ་ཆ་དང་བརྗེ་སྤོར་བྱས་པས་བྱང་ཕྱོགས་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་བར་ཆད་ཆེན་པོ་བཟོས། དེའི་ཕྱིར་བྱང་ཕྱོགས་མ་རྩ་རིང་ལུགས་དང་ལྷོ་ཕྱོགས་བྲན་གཡོག་བདག་           པོའི་ལམ་ལུགས་བར་ལ་འགལ་བ་ཉིན་རེ་ལས་ཉིན་རེར་ཇེ་ཆེར་གྱུར། ལིན་ཁེན་གྱིས་ནམ་ཡིན་ཡང་མི་ནག་བྲན་གཡོག་གི་ལམ་ལུགས་ལ་བསམ་བློ་གཏོང་བཞིན་ཡོད།

ཐེངས་ཤིག་ལ་ཚོགས་འདུ་ཆེན་པོ་ཞིག་གི་སྟེང་ནས་ལིན་ཁེན་གྱིས་ཆེད་དུ་ཏའོ་ཀཱི་ལཱ་སིའི་ལྟ་བར་ཐེར་འདོན་བྱས་ཏེ་བཤད་རྒྱུར་གཉའ་གནོན་དང་ཕྱུགས་ཟོག་ལྟར་སྤྱོད་པའི་མི་ནག་ལ་འགྲོ་བ་མིའི་ཐོབ་ཐང་ཡོད་དམ་མེད། མི་རྣམས་ཀྱིས་འཐད་མོས་མིན་པར་རང་བསམ་གྱིས་གཞན་གྱི་ཐོབ་ཐང་ལ་འཕྲོག་བཅོམ་བྱས་ནས་ང་རང་གཏན་ནས་འཐད་པ་མིན།

ཏའོ་ཀཱི་ལཱ་སིས་ང་ཚོའི་སྲིད་གཞུང་ནི་མི་དཀར་གྱི་གཞི་རྩ་བྱས་ཏེ་བཙུགས་པའི་སྲིད་གཞུང་ཞིག་ཡིན་ཞིང་། མི་དཀར་གྱི་ཁེ་ཕན་ཆེད་དུ་བཙུགས་པ་ཞིག་ཀྱང་ཡིན། མི་དཀར་གྱིས་དེ་ལྟར་བྱས་ན་མི་འགྲིག་འདོད་ན་ཇི་ལྟར་བྱེད་འདོད་ན་དེ་ལྟར་བྱོས་ཞེས་བརྗོད།

ལིན་ཁེན་གྱིས་འོ་ན་མི་ནག་མི་ཡིན་ན་ང་ཚོས་ཁོ་ཚོར་རང་སྐྱོང་བྱེད་དུ་མི་འཇུག་པས་ང་ཚོས་རང་སྐྱོང་ལ་གཏོར་བཤིག་བཏང་བ་མ་ཡིན་ནམ། མི་དཀར་གྱིས་རང་ཉིད་བསྐྱང་ན་ཁ་དོན་མཚུངས་པའི་རང་སྐྱོང་ཡིན། གལ་ཏེ་མི་དཀར་གྱིས་རང་ཉིད་སྐྱོང་བ་མ་ཟད་གཞན་པའང་སྐྱོང་དགོས་ཟེར་ན་དེ་ལ་རང་སྐྱོང་མི་ཟེར་བར་གཞན་སྐྱོང་ཟེར། མི་ནི་སྐྱེས་པ་ལས་ཚང་མ་འདྲ་མཉམ་ཡིན་ལ་མི་ནག་ཡིན་ཡང་མི་ཡིན། དེ་རིང་ང་ཚོའི་མི་ནག་ནི་བྲན་གཡོག་བྱེད་དུ་བཅུག་པ་དང་མི་དཀར་གྱིས་སྲིད་དབང་བསྐྱང་ན་དེ་ནི་གནས་ལུགས་དང་མཐུན་པའི་སྤྱོད་ལམ་ཞིག་ཡིན་ནམ།

ལིན་ཁེན་གྱི་གཏམ་བཤད་ལ་མི་མང་བོ་འཐད་མོས་བྱུང་བ་དང་ཁྱད་པར་དུ་སྤྱི་མཐུན་ཏང་གི་ཏང་ཡོན་རྣམས་ཀྱིས་གདེང་འཇོག་ཚད་མཐོན་པོ་བྱས།

སྤྱི་ལོ1856ལོར་ལིན་ཁེན་སྤྱི་མཐུན་ཏང་གི་ནང་ཞུགས། དུས་ཡུན་རིང་པོ་མ་འགྱངས་བར་ཁོ་རང་སྤྱི་མཐུན་ཏང་གི་རྩ་འཛུགས་པ་དང་འགོ་ཁྲིད་དུ་གྱུར། ལོ་དེར་ཁོ་རང་ཨ་རིའི་ཙུང་ཐུང་གཞོན་པར་བསྐོ་བའི་མིང་ཡིག་འདེམ་ཡང་ཙུང་ཐུང་དུ་བསྐོ་བཞག་བྱེད་མ་ཐུབ། འོན་ཀྱང་ཁོ་ལའང་འདེམ་ཤོག་མང་བོ་ཐོབ་པར་མ་ཟད་མི་དམངས་ཀྱི་གྲས་སུའང་གཟི་བརྗིད་དང་མཚན་སྙན་རབ་ཏུ་འབར།

5 ཙུང་ཐུང་དུ་འདེམ་པ།

སྤྱི་ལོ1857ལོར་སི་གོ་ཐཱིའི་ཉེས་དོན་ནི་ཨ་རིའི་མི་དམངས་ཀྱིས་ཧ་ཅང་དོ་སྣང་བྱེད་པའི་གྱོད་དོན་ཞིག་ཏུ་གྱུར། མི་ནག་སི་གོ་ཐཱི་ནི་མོའུ་སོ་ལིས་ཁུལ་གྱི་དམག་གི་སྨན་པ་ཞིག་གི་བྲན་གཡོག་ཡིན། ཁོ་རང་བདག་པོ་དང་ལྷན་དུ་རང་དབང་གི་འཚོ་བར་ལོ་བཞི་རོལ་མྱོང་བས་གཏན་འབེབས་ལྟར་ན། མི་རང་དབང་ཅན་དུ་འགྱུར་ཡོད་མོད། འོན་ཀྱང་ཁོ་རང་ཕ་ཡུལ་མོའུ་སོ་ལིས་སུ་ཕྱིར་ལོག་རྗེས་ཁོ་ཡང་མི་ནག་བྲན་གཡོག་ཏུ་ཐག་གཅོད་བྱས། སོ་གོ་ཐཱིས་མི་དམངས་ཁྲིམས་ཁང་དུ་གཏུག་བཤེར་བྱས་ཀྱང་མཉམ་འབྲེལ་སྲིད་སྐྱོང་གི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཁོ་རང་དབང་ཅན་དུ་ཁས་མི་ལེན་པར་མ་ཟད་བྲན་གཡོག་བྲོས་བྱོལ་གྱི་ཁྲིམས་དང་འགལ་བས་གཏུག་བཤེར་བྱེད་པའི་དབང་ཆ་མེད་པར་བཟོས་པ་དང་། ད་དུང་ཁྲིམས་དང་འགལ་ཡོད་ཅེས་ཁྱབ་བསྒྲགས་བྱས།

མི་ནག་བྲན་གཡོག་རྣམས་ས་གང་ཞིག་ཏུ་གནས་པ་དང་ཡུལ་གང་ཞིག་ཏུ་གཞི་སྡོད་བྱས་ཀྱང་ཚང་མ་བྲན་གཡོག་བདག་པོའི་རྒྱུ་ནོར་ཡིན། ལིན་ཁེན་གྱིས་གྱོད་དོན་དེ་ནི་ཨ་རིའི《རང་བཙན་བསྒྲགས་གཏམ》ལ་རྒྱབ་འགལ་བྱས་ཡོད་དེ། རྒྱུ་མཚན་ནི་བསྒྲགས་གཏམ་དེར་མི་སྐྱེས་པ་ལས་ཚང་མ་འདྲ་མཉམ་ཡིན་ཞེས་གསུངས་ཡོད་པའི་ཕྱིར་རོ་ཞེས་བརྗོད།

སྤྱི་ལོ1858ལོར་སྤྱི་མཐུན་ཏང་གིས་ལིན་ཁེན་ཡི་ནེའུ་ནའོ་སཱི་ཁུལ་གྱི་ཚོགས་ཞུགས་མི་སྣར་འདེམས་བསྐོ་བྱེད་པར་སྐུལ་འདེད་བྱས་ཏེ་དམངས་གཙོའི་ཏང་གི་ཏའོ་ཀཱི་ལཱ་སི་དང་འགྲན་རྩོད་བྱེད་པར་མངག ཁོས་ད་ཐེངས་ཀྱི་ཛ་དྲག་ཆེ་བའི་རྩོད་གླེང་དེའི་ཁྲོད་ནས་ཚིག་ལ་མདའ་མཚོན་མེད་ཀྱང་མི་སེམས་ཐལ་བར་གཏོང་ཞེས་པའི་དཔེ་ལྟར་ཕུན་སུམ་ཚོགས་པའི་བློ་རིག་དང་ཕུལ་དུ་བྱུང་བའི་གཏམ་རྩལ་གྱིས་ཕས་རྒོལ་ཐལ་བའི་རྡུལ་དུ་བརླགས་ཏེ་སྤྱི་མཐུན་ཏང་གིས་ཁོ་རང་ཨ་རིའི་ཙུང་ཐུང་འདེམས་བསྐོ་བྱེད་པའི་མིང་ཐོའི་གྲས་སུ་འཁོད།

སྤྱི་ལོ1860ལོའི་ཟླ11པའི་ཚེས6ཉིན་སྐུ་ཞབས་ལིན་ཁེན་འདེམ་ཤོག་ཁྲི་ཕྲག200 ཐོབ་ནས་ཨ་རིའི་སྐབས་བཅུ་དྲུག་པའི་ཙུང་ཐུང་དུ་འདེམ་ཐོན་བྱུང་།

ལིན་ཁེན་ཙུང་ཐུང་དུ་འདེམ་ཐོན་བྱུང་རྗེས་ཨ་རིའི་ལྷོ་ཕྱོགས་ཀྱི་བྲན་གཡོག་བདག་པོ་རྣམས་ཀྱིས་ལིན་ཁེན་གྱི་བསམ་བློ་ཇི་འདྲ་ཞིག་ཡིན་པ་ཧ་ཅང་ཆ་རྒྱུས་མངའ་སྟབས་ཁྱོད་ཤི་ང་གསོན་གྱི་འཐབ་འཁྲུག་བྱེད་པའི་སྟ་གོན་བགྱིས།

ལིན་ཁེན་ཙུང་ཐུང་དུ་འདེམ་སྟེ་ཟླ་བ་གསུམ་གྱི་ནང་དུ་ལྷོ་ཕྱོགས་ཀྱི་ཁུལ་བཅུ་གཅིག་མཉམ་འབྲེལ་སྲིད་སྐྱོང་ལས་ཕྱིར་བུད་དེ་ཁོ་ཚོས་བྲན་གཡོག་གི་བདག་པོ་ཆེན་པོ་ཏེ་བེའུ་སི་ཙུང་ཐུང་དུ་བསྐོས་ཏེ་སྲིད་གཞུང་གསར་བ་ཞིག་བཙུགས་ནས། ཁྱབ་རྒྱ་ཆེ་བའི་སྒོ་ནས་ངོ་ལོག་ཟིང་འཁྲུག་བྱེད་པའི་འགོ་བརྩམས།

ཨ་རིའི་ནང་འཁྲུག་གི་ཐན་ལྟས་དེ་དུད་སྤྲིན་བཞིན་ས་ཕྱོགས་ཀུན་ཏུ་ཁྱབ་ཅིང་། དེའི་སྐབས་ཙུང་ཐུང་སྔོན་མ་པའོ་ཁཱན་ད་དུང་ཙུང་ཐུང་ལས་འབབ་པར་ཟླ3ཡོད་ལ་ཁོ་ནི་ལྷོ་ཕྱོགས་བྲན་གཡོག་བདག་པོའི་སྐུ་ཚབ་ཆེན་མོ་ཡིན་ལ། ལྷོ་ཕྱོགས་བྲན་གཡོག་བདག་པོའི་ཟིང་འཁྲུག་ལ་ཐབས་བཀོད་སྣ་ཚོགས་བྱས་པ་དང་ཁོས་ཨ་རིའི་མཉམ་འབྲེལ་སྲིད་སྐྱོང་གི་སྐམ་སའི་དམག་དཔུང་གིས་ཏི་ཁཱི་སཱ་སི་ཁུལ་དུ་དཔུང་འཇུག་བྱས་ཏེ་ཏི་ཁཱི་སཱ་སི་ཁུལ་མཉམ་འབྲེལ་སྲིད་སྐྱོང་ལས་བཙན་འབུད་བྱེད་དུ་བཅུག་པ་མ་ཟད་ཁུལ་དེའི་དམག་དཔུང་ལ་མགོ་འདོག་ཏུ་བཅུག ཁོ་ཚོས་ལྐོག་ནས་དྲག་ཆས་དང་མདའ་བོའུ་ལག་ཆ་མང་བོ་ལྷོ་ཕྱོགས་སུ་སྐྱེལ་འདྲེན་བྱས་ཏེ་བྱང་ཕྱོགས་རྩ་མེད་གཏོང་བའི་ཕུགས་བསམ་བཅང་།

སྤྱི་ལོ1861ལོའི་ཟླ3པའི་ཚེས4ཉིན་ལིན་ཁེན་གཟི་བརྗིད་ཀྱི་ངང་ནས་ཙུང་ཐུང་དུ་བསྐོས་ཏེ་གཏམ་བཤད་གནང་། ཁོས་ཨ་རིའི་ལྷོ་བྱང་གཉིས་ཁ་བྲལ་བྱེད་མི་ཆོག་པ་དང་ཁྱད་པར་དུ་དེ་གཉིས་ཀྱི་འགལ་བ་དེ་ཁྲག་དམར་གྱིས་ཐག་གཅོད་བྱེད་མི་ཆོག གལ་ཏེ་ལྷོ་ཕྱོགས་ཀྱིས་ངེས་པར་དུ་དམར་པོ་ཁྲག་གིས་ཐག་གཅོད་བྱེད་དགོས་ཟེར་ན། ཁོས་མཉམ་འབྲེལ་སྲིད་སྐྱོང་གི་གཅིག་གྱུར་དང་ཁེ་དབང་སྲུང་སྐྱོབ་བྱ་ཕྱིར་ངེས་པར་དུ་དྲག་པོས་ཐག་གཅོད་བྱེད་པར་དཀོན་མཆོག་གསུམ་པོ་དཔང་དུ་བཞག

ལིན་ཁེན་ཙུང་ཐུང་དུ་བསྐོས་རྗེས། ཁོའི་ཁ་གཏད་དུ་ལངས་པ་ནི་ཧ་ཅང་འཇིགས་ཉེན་ཆེ་བའི་བྱ་བཞག་ཞིག་ཡིན། ལོ་དེའི་ཟླ4བའི་ཚེས12ཉིན་གྱི་ཞོགས་པར་ལྷོ་ཕྱོགས་བྲན་གཡོག་བདག་པོའི་དམག་དཔུང་གིས་མཉམ་འབྲེལ་སྲིད་སྐྱོང་གི་ལྟེ་གནས་སཱ་མཱོ་ཐུ་ཡའོ་སེ་རུ་མེ་སྒྱོགས་ཐེངས་དང་པོ་བརྒྱབ། དེ་ནས་ཚེས13དང14བཅས་སུ་མུ་མཐུད་དུ་དཔུང་འཇུག་བྱས། ཚེས14ཉིན་སཱ་མཱོ་ཐུ་ཡའོ་སེ་དངོས་སུ་བཙན་བཟུང་བྱས། ཚེས15ཉིན་ལིན་ཁེན་གྱི་སྡོད་གནས་སྲིད་གཞུང་བཙན་བཟུང་བྱེད་པར་དཔུང་འཇུག་བྱས། ལིན་ཁེན་གྱིས་ལྷོ་ཕྱོགས་ཀྱི་ཁུལ་རྣམས་ནི་སྲིད་གཞུང་ལ་ངོ་ལོག་དང་ཟིང་འཁྲུག་བྱེད་མཁན་ཡིན་པ་དང་། མཉམ་འབྲེལ་སྲིད་སྐྱོང་གི་གཅིག་གྱུར་སླར་གསོ་བྱེད་ཆེད་དམག་འཁྲུག་རྒྱག་དགོས་པའི་བསྒྲགས་གཏམ་སྤེལ་ཏེ་ཨ་རིའི་ལོ་རྒྱུས་སྟེང་དུ་སྐྱི་གཡའ་བའི་ལྷོ་བྱང་དམག་འཁྲུག་དེ་དངོས་སུ་འགོ་བརྩམས་པ་རེད།

6 མི་ནག་བྲན་གཡོག་གི་བཅིངས་གྲོལ།

དམག་འཁྲུག་ལངས་རྗེས་ཕན་ཚུན་གྱི་སྟོབས་ཤུགས་བསྡུར་བ་བྱས་ན་བྱང་ཕྱོགས་སུ་བྱང་ཕྱོགས་མཉམ་འབྲེལ་སྲིད་སྐྱོང་ལ་ཁུལ23ཡོད་ལ་མི་གྲངས་ཁྲི2200ལྷག་ཡོད་ཅིང་བཟོ་ལས་ཧ་ཅང་གོང་འཕེལ་དུ་སོང་ཡོད་པས་དཔལ་འབྱོར་གྱི་སྟོབས་ཤུགས་ཧ་ཅང་ཆེ། ལྷོ་ཕྱོགས་སུ་ཁུལ11ཡོད་པ་དང་མི་གྲངས་ཁྲི900ལས་མེད་པ་དང་དེའི་ནང་དུ་མི་ནག་ཁྲི400ཡོད་པས་མི་གྲངས་དང་དྲག་ཆས་སྟོབས་འབྱོར་སོགས་ཕྱོགས་གང་གི་ཐད་ནས་ཀྱང་བྱང་ཕྱོགས་སུ་འགྲན་ཐབས་བྲལ། ད་དུང་བྱང་ཕྱོགས་ཀྱི་མི་ནག་བྲན་གཡོག་ལམ་ལུགས་གཏོར་བཤིག་བྱེད་པར་དྲང་ཕྱོགས་ཀྱི་དམག་འཁྲུག་ཅིག་ཡིན་སྟབས། རྒྱལ་ཡོངས་ཀྱི་བཟོ་ལས་པ་དང་ཞིང་ལས་པ། མི་ནག མ་རྩ་རིང་ལུགས་པ་སོགས་ཀྱིས་རོགས་སྐྱོར་ཆེན་པོ་ཐོབ། ལྷོ་ཕྱོགས་དམག་འཁྲུག་ནི་ལྡོག་ཕྱོགས་ཀྱི་བྲན་གཡོག་སྲིད་དབང་ལམ་ལུགས་མུ་མཐུད་དུ་སྐྱོང་འདོད་པའི་དམིགས་ཡུལ་ཡིན་སྟབས་རྒྱལ་ཡོངས་མི་དམངས་ཀྱིས་           དགག་རྒྱག་དང་ཐེར་འདོན་དྲག་པོ་བྱས་ཀྱང་བྱང་ཕྱོགས་མཉམ་འབྲེལ་སྲིད་སྐྱོང་གི་དམག་འཁྲུག་ལ་ཐེངས་མང་པོར་ཕམ་ཁ་ཉོས།

སྤྱི་ལོ1861ལོའི་ཟླ7པར་བྱང་ཕྱོགས་དམག་དཔུང་གིས་རྒྱལ་ས་ཧྭ་ཧྲིན་ཐུན་གྱི་ཉེ་འདབས་མཱ་མཱ་སཱ་སི་ནས་ཕམ་ཁ་ཆེན་པོ་ཉོས་ཏེ། བྱང་ཕྱོགས་དམག་གི་དཔུང་ཁག་གཙོ་བོ་ལ་ཤི་རྨས་ཚབས་ཆེན་བཟོས་ནས་ཅུང་ཙམ་མིན་ན་རྒྱལ་ས་བཙན་བཟུང་བྱས་པས་གནས་ཚུལ་ཧ་ཅང་ཚབས་ཆེན་བྱུང་། བྱང་ཕྱོགས་དམག་དཔུང་ལ་ཆ་རྐྱེན་དེ་འདྲ་ལྡན་ཡང་ཅིའི་ཕྱིར་རྒྱལ་ཁ་མི་ལོན་པར་ཕམ་ཁ་ཏག་ཏག་བྱུང་། རྒྱུ་རྐྱེན་དེ་ནི་བྱང་ཕྱོགས་དམག་དཔུང་ལ་དམག་འཐབ་ཀྱི་གྲ་སྒྲིག་མི་འདང་བ་དང་ལྷོ་ཕྱོགས་སུ་དབྱིན་ཇི་དང་ཧྥ་རན་སི་སོགས་ཕྱི་རྒྱལ་གྱི་རོགས་སྐྱོར་ཆེན་པོ་ཐོབ་པས་ཡིན།

ཐེངས་འདིའི་དམག་འཁྲུག་ནི་མི་ནག་དོན་རྐྱེན་ལས་བྱུང་བ་ཡིན་ནའང་ལིན་ཁེན་སྲིད་གཞུང་གིས་དམག་འཁྲུག་ལངས་མ་ཐག་ཁོ་ཚོའི་རེ་བ་ནི་མཉམ་འབྲེལ་སྲིད་སྐྱོང་གི་གཅིག་གྱུར་སླར་གསོ་བྱེད་པ་ལས་མི་ནག་བྲན་གཡོག་ལམ་ལུགས་གཏོར་བའི་དམིགས་ཡུལ་མིན་ཟེར་བ་དང་། ལིན་ཁེན་རང་ཉིད་ཀྱིས་ཀྱང་ཐེངས་འདིའི་དམག་འཁྲུག་ཏུ་ངའི་འགན་འཁུར་གཙོ་བོ་ནི་མཉམ་འབྲེལ་སྲིད་སྐྱོང་མྱུར་སྐྱོབ་བྱེད་པ་ལས་བྲན་གཡོག་ལམ་ལུགས་གཏོར་བཤིག་བྱེད་པ་དམིགས་ཡུལ་མིན་ཟེར། འོན་ཀྱང་ཁོས་བཤད་པ་དང་བསྒྲུབ་པ་གཉིས་ནི་མེ་ཆུ་ལྟ་བུའི་འགལ་བ་ལྟག་སྤྲོད་ཅིག་ཡིན།

ལིན་ཁེན་སྲིད་གཞུང་གི་ཐོག་མའི་སྲིད་ཇུས་ལ་མི་དམངས་གཏན་ནས་མི་མགུ་བའི་རྣམ་འགྱུར་བསྟན། ཁོ་ཚོའི་རེ་བར་གསར་བརྗེ་ཡི་རྣམ་པའི་སྒོ་ནས་དམག་འཁྲུག་བྱེད་རྒྱུ་དང་། མི་ནག་བཅིངས་གྲོལ་བྱེད་རྒྱུ། མི་ནག་ལ་འོས་ལངས་བྱེད་དུ་བཅུག་ཏེ་མཉམ་དུ་བྲན་གཡོག་ལམ་ལུགས་རྩ་མེད་གཏོང་རྒྱུ། གནས་ཚུལ་དེར་ལིན་ཁེན་གྱིས་ཀྱང་གསར་བརྗེ་ཡི་ཐབས་བཀོད་དུ་མ་བཀོལ་སྤྱོད་བྱས།

སྤྱི་ལོ1862ལོའི་ཟླ5པར་ལིན་ཁེན་གྱིས《གཞིས་སྡོད་ས་ཁྲིམས》ཞེས་པ་ཞིག་གཏན་ལ་ཕབ་ཏེ་སྤྱི་དམངས་རེ་རེ་ལ་ཐོ་འགོད་བྱེད་པར་རིན་ཨ་སྒོར༡༠རེ་བླངས་ནས་སྤྱི་དམངས་རེ་ལ་ས་དབྱིན་མུའུ160ཐོབ་པར་བྱས་ཏེ་ས་དེ་རུ་ལོ5ལ་གཞིས་སྡོད་བྱས་རྗེས་ས་དེ་དངོས་སུ་རང་ཉིད་ལ་དབང་བ་ཐག་གཅོད་བྱས། ཐབས་མཆོག་དེས་བྱང་ཕྱོགས་ཀྱི་ཞིང་བ་མི་དམངས་ཀྱི་རེ་བ་བསྐང་བ་མ་ཟད་རང་ཉིད་ཀྱིས་ས་གནས་སྲུང་སྐྱོབ་བྱ་ཆེད་ཧུར་བརྩོན་གྱིས་དམག་ཞུགས་བྱེད་པར་སྐུལ་འདེད་བྱས་པ་དང་མཉམ་དུ་བྲན་གཡོག་བདག་པོས་བྱང་ཕྱོགས་སུ་རྒྱ་བསྐྱེད་གཏོང་བར་འགོག་རྒོལ་བྱས།

སྤྱི་ལོ1862ལོའི་ཟླ9པའི་ཚེས22ཉིན་ལིན་ཁེན་གྱིས་སྐམ་དམག་དང་མཚོ་དམག་གི་སྤྱིའི་དམག་དཔོན་ཆེན་མོའི་གོ་མིང་ལྟར་དུ་ཆེས་ལོ་རྒྱུས་ཀྱི་རིན་ཐང་དང་ལྡན་པའི《མི་ནག་བཅིངས་གྲོལ་གྱི་བསྒྲགས་གཏམ》སྤེལ། བསྒྲགས་གཏམ་དུ་སྤྱི་ལོ1863ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལྷོ་ཕྱོགས་ཁུལ་གྱི་མི་རྣམས་ཀྱིས་བྲན་གཡོག་བདག་པོ་རྣམས་ལ་དངུལ་འཇལ་བྱེད་མི་དགོས་པར་ཁོ་ཚོའི་མི་ཚེ་གང་བོར་རང་དབང་ཐོབ་པ་དང་། ཁོ་ཚོ་སྐམ་དམག་དང་མཚོ་དམག་གང་ལའང་ཞུགས་ན་ཆོག་པའི་བསྒྲགས་གཏམ་སྤེལ་ཡོད།

བསྒྲགས་གཏམ་དེས་ཨ་རིའི་རྒྱལ་ནང་དུ་ཤུགས་རྐྱེན་ཚབས་ཆེན་ཐེབས་པ་དང་ཁྱད་པར་དུ་མི་ནག་རྣམས་ལ་རང་དབང་ཐོབ་པར་དགའ་སྟོན་ཆེན་པོ་བྱས་པ་དང་ལྷན་དུ་མི་ནག་མང་བོས་དམག་ཞུགས་ཀྱི་མིང་ཐོ་བཀོད། ཐེངས་འདིར་མི་ནག་ཁྲི400བཅིངས་འགྲོལ་ཐོབ་པས་བྱང་ཕྱོགས་མཉམ་འབྲེལ་སྲིད་སྐྱོང་ལ་དམག་མིའི་འབྱུང་ཁུངས་ཧ་ཅང་མང་པོར་གྱུར། ཕྱོགས་བསྡོམ་བྱས་པ་ལྟར་ན། དེའི་སྐབས་སུ་སྐམ་དམག་ཁོ་ནར་ཞུགས་པའི་མི་གྲངས་ཁྲི18.6ཡོད་པ་དང་། དེའི་ནང་དུ་ལྷོ་ཕྱོགས་ཀྱི་ཁུལ་རྣམས་ནས་ཡོང་བའི་མི་ནག་བྲན་གཡོག་ཁྲི13.4ཡོད། གཞན་པའི་མི་ནག་ཁྲི15མཉམ་འབྲེལ་སྲིད་སྐྱོང་དམག་གི་རྒྱབ་རོགས་དམག་དཔུང་དུ་ཞུགས།

ལིན་ཁེན་སྲིད་གཞུང་གིས་ད་དུང《རྒྱལ་ཁབ་ངོ་ལོག་གི་དྲག་གནོན་བཀའ་ཁྲིམས》ཞེས་པ་ཞིག་ཁྱབ་བསྒྲགས་བྱས་ཏེ་སྲིད་གཞུང་དང་དམག་དཔུང་ནང་གི་རང་མགོ་ཕྱིར་བཙོང་བྱེད་མཁན་གྱི་ནང་དགྲ་རྣམས་རྩ་མེད་བཏང་།

དུས་དེ་ནས་བཟུང་བྱང་ཕྱོགས་དམག་གི་དམག་འཁྲུག་ལ་བླ་ན་མེད་པའི་རྒྱལ་ཁ་མང་བོ་ཐོབ། སྤྱི་ལོ1963ལོའི་ཟླ11པའི་ཚེས19ཉིན་ཀའོ་ཏིས་སི་པའོ་རྒྱལ་ཁབ་ཀྱི་སྤྱིའི་བང་སོ་ཆེན་མོ་ལེགས་འགྲུབ་ཀྱི་མཛད་སྒོའི་སྟེང་དུ་ལིན་ཁེན་གྱིས་བླ་ན་མེད་པའི་གཏམ་བཤད་གལ་ཆེན་གནང་སྔོན་གཤེགས་དཔའ་བོ་རྣམས་ནི་རྒྱལ་ཁབ་གཅིག་གྱུར་དང་མི་དམངས་ཀྱི་བདེ་སྐྱིད་ཆེད་དུ་རང་སྲོག་བློས་བཏང་། ང་ཚོ་འཇིག་རྟེན་དུ་འཚོ་བའི་མི་རྣམས་ཀྱིས་ངེས་པར་དུ་ཁོ་ཚོའི་སྙིང་སྟོབས་དང་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་སེམས་སུ་བཅིངས་ནས་རླབས་ཆེན་གྱི་བྱ་བཞག་ལེགས་འགྲུབ་བྱེད་དགོས། ང་ཚོས་སེམས་ཐག་རྦད་ཆོད་ཀྱིས་སྔོན་གཤེགས་དཔའ་བོ་འདི་དག་གི་ཁྲག་གིས་བྲིས་པའི་ལོ་རྒྱུས་དེ་མི་དམངས་ཀྱི་ཡིན་པ་དང་མི་དམངས་ཀྱིས་སྐྱོང་བ། མི་དམངས་ཀྱིས་ལོངས་སུ་སྤྱོད་པའི་སྲིད་གཞུང་འདི་ཇི་སྲིད་བསྐལ་བའི་བར་དུ་ས་སྒང་འདིའི་སྟེང་ནས་ནུབ་པ་མེད་པར་བྱེད་དགོས་ཞེས་གསུངས་སོ།།

མཉམ་འབྲེལ་སྲིད་སྐྱོང་གི་དམག་དཔུང་དེ་སྤྱི་ལོ1864ལོ་ནས་བཟུང་ཕྱོགས་ཀུན་ཏུ་བཙན་རྒོལ་དམག་འཁྲུག་བྱེད་པའི་འགོ་བརྩམས། ཕྱི་ལོའི་ཟླ9པའི་ནང་དུ་ལྷོ་ཕྱོགས་དམག་དཔུང་གི་དམག་དཔོན་ཆེན་མོ་ལའོ་པཱི་ཐི.ལིས་ཤཱང་ཀི་ལཱན་ཐི་ཡིས་དངོས་སུ་མགོ་འདོག་མཛད། བགྲང་བྱ4རིང་གི་ཡ་ང་བའི་ནང་འཁྲུག་གི་ལོ་རྒྱུས་དེ་མཇུག་མཐར་བྱང་ཕྱོགས་དམག་དཔུང་ལ་རྒྱལ་ཁ་ཐོབ་སྟེ་བྲན་གཡོག་ལམ་ལུགས་རྩ་མེད་བཏང་བ་དང་། རྒྱལ་ཁབ་ཀྱི་གཅིག་གྱུར་སླར་གསོ་བྱས། དུས་དེ་ནས་བཟུང་ཨ་རིའི་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་དེ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་གོང་འཕེལ་བྱུང་། ལིན་ཁེན་ནི་མི་ནག་བཅིངས་འགྲོལ་བྱེད་མཁན་གྱི་ཙུང་ཐུང་ཡིན་སྟབས་ཨ་རིའི་མི་དམངས་ཀྱིས་གདེང་འཇོག་གི་ཚད་མཐོན་པོར་བསྐྱོན་པ་མ་ཟད་ཨ་རིའི་ལོ་རྒྱུས་སྟེང་གི་རླབས་ཆེན་གྱི་མི་སྣར་བགྲང་ཡོད།

7 ལས་དབང་གིས་སྤྲད་པའི་བར་ཆད།

ལྷོ་བྱང་དམག་འཁྲུག་མཇུག་རྫོགས་ཀྱང་། བྲན་གཡོག་བདག་པོ་རྣམས་ཀྱི་འཁོན་སེམས་དེ་མེ་རི་འབར་བ་ལྟར་ལིན་ཁེན་གྱི་ཕྱོགས་སུ་མཆེད། དམག་འཁྲུག་གི་ཐོག་མའི་དུས་སུ་ཁོ་ཚོས་ལིན་ཁེན་གསོད་ཐབས་བྱས་པ་དང་དམག་འཁྲུག་གི་མཇུག་ཏུ་ལིན་ཁེན་གྱིས་བལྟས་བལྟས་རིག་རིག་ལ《གཞིས་སྡོད་ས་ཁྲིམས》དང《མི་ནག་བཅིངས་གྲོལ་བསྒྲགས་གཏམ》སོགས་སྤེལ་ནས་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པས་ད་ལྟ་ཁོ་ཚོས་ཡང་བསྐྱར་འཁོན་སེམས་དང་ནག་ཉེས་ཡོད་ཚད་ལིན་ཁེན་ལ་བཀལ།

ཡ་ང་བའི་ནང་འཁྲུག་དེ་འཇགས་རྗེས་ལིན་ཁེན་དུས་རྒྱུན་དུ་རྒྱལ་ཁབ་སླར་གསོ་དང་འཛུགས་སྐྲུན་གྱི་ལས་དོན་ལ་བྲེལ་སྟབས་ཕྱི་ལུས་ཕུང་ཧ་ཅང་རིད་པར་གྱུར་ཡང་ནང་སེམས་ཀྱི་བདེ་སྐྱིད་ཧ་ཅང་ཕུན་སུམ་ཚོགས་པོ་ཡིན། ཉིན་ཞིག་ཁོས་ལྷ་ལྕམ་ལ་བཤད་རྒྱུར་ཡ་ང་བའི་དམག་འཁྲུག་མཇུག་རྫོགས་པ་རེད། ད་ལོ་བཞི་འགོར་རྗེས་ང་རང་དཔོན་གནས་ལས་བབས་ཆོག དེ་དུས་ང་ཚོ་ཨའོ་གླིང་དུ་ལྟ་སྐོར་ཐེངས་གཅིག་བྱེད་པར་འགྲོ་ཞིང་། ཕྱིར་རང་ཡུལ་དུ་ལོག་ནས་ངེད་གཉིས་ཀྱིས་གཟུ་བའི་ཚོགས་པ་ཞིག་བཙུགས་ཏེ་གྱོད་དོན་འདུམ་སེལ་གྱིས་མི་དམངས་ལ་བྱ་བསྒྲུབ་ཏེ་ངེད་གཉིས་ཀྱི་ཚེ་སྨད་སྐྱེལ་བར་བྱེད་ཅེས་ཟེར།

སྤྱི་ལོ1865ལོའི་ཟླ4པའི་ཚེས14ཉིན་ལིན་ཁེན་དང་ལྷ་ལྕམ་གཉིས་ཀྱིས་ཧྭ་ཧྲིན་ཐུན་གྱི་ཧྥོས་ཐི་ཚོམས་ཁང་དུ《ང་ཚོ་ཨ་རིའི་སྤུན་ཟླ》ཞེས་པའི་འཁྲབ་སྟོན་ལ་བལྟ་སྐབས། ལྷོ་ཕྱོགས་བྲན་གཡོག་བདག་པོ་ཞིག་གིས་ཨ་སྒོར་གྱིས་ཉོས་པའི་མིང་ལ་པའོ་ཨུན་ཟེར་བ་ཞིག་གིས་ལིན་ཁེན་ལ་མེ་མདས་བརྒྱབ་པ་མ་ཟད་གྲི་ཐུང་གིས་ལིན་ཁེན་གྱི་སྐུ་སྲུང་བར་བཙུགས་རྗེས་ལིན་ཁེན་འདུག་གནས་ལས་གར་སྟེགས་སུ་མཆོང་ཞིང་ཕྱིར་སྒོར་འབུད་དེ་སྔོན་ནས་གྲ་སྒྲིག་བྱས་པའི་རྟ་མཆོག་དེར་བཞོན་ནས་བྱ་འཕུར་བ་ལྟར་བྲོས་སོང་།

ཚོམས་ཆེན་ཁང་དུ་འུར་འུར་ཟིང་ཟིང་ཞིག་གིས་ཁེངས་ཤིང་། མི་རྣམས་བྲེལ་འཚུབ་ཀྱི་ངང་ནས་ལིན་ཁེན་སྲོག་སྐྱོབ་ཀྱི་ཐབས་བཀོད་ལ་འབད་ཀྱང་ལིན་ཁེན་ཤི་གསོན་གང་ཡིན་མི་ཤེས་པར་གྱུར། དེ་དང་ལྷན་དུ་ཁོའི་སྨན་པ་གྲགས་ཅན་གྱི་དམག་གི་སྨན་པ་མང་པོ་ཐོན་ཏེ་མཚན་གཅིག་ལ་གཤགས་བཅོས་བྱས་ཀྱང་། ཁོའི་མགོ་བོའི་ལྟག་རྒྱབ་ཏུ་ཟུག་པའི་མདའ་མགོ་དེ་གཏན་ནས་ལེན་ཐབས་བྲལ།

ཙུང་ཐུང་གཞོན་པ་ཡའོ་ཧན་བཤིན་གྱིས་གཙོ་བྱས་པའི་རྒྱལ་ཁབ་ཀྱི་ཆེས་མཐོའི་མི་སྣ་དང་ཁོའི་ལྷ་ལྕམ་སྲས་ཆུང་བཅས་ཀྱིས་མཐའ་བསྐོར་ནས། ཟླ4པའི་ཚེས15ཉིན་གྱི་ཞོགས་པའི་ཆུ་ཚོད7གྱི་སྟེང་གནམ་ས་གཡོ་འགུལ་གཏོང་བའི་སྐྱེས་མཆོག་དམ་པ་གང་ཁོ་ཚོ་དང་གཏན་བྲལ་བྱས་པ་རེད།

སྐྱེས་པའི་རྗེས་སུ་འཆི་བ་ནི་འཇིག་རྟེན་མི་རྟག་པའི་ཆོས་ཉིད་ཅིག་ཏུ་སྣང་ཡང་སྐུ་ཞབས་ལིན་ཁེན་གྱི་ལས་དབང་དེ་མི་སུ་ཡིན་ཡང་ཧ་ཅང་སེམས་པ་སྐྱོ་བའི་གནས་ཤིག་རེད། ཁོང་སྐུ་མྱ་ངན་ལས་འདས་རྗེས་ཨ་རིའི་མི་དམངས་ཀྱིས་གནམ་ས་འགེང་བའི་སྨྲེ་ངག་བཏོན་ཏེ་རླབས་ཆེན་གྱི་ཙུང་ཐུང་། མི་དམངས་ཀྱི་མགོན་སྐྱབས་སྐུ་ཉིད་ཕེབས་མི་རུང་སླར་བྱོན་དགོས་པ་སོགས་ཀྱི་རེ་འབོད་མང་པོ་བྱས།

དོན་རྐྱེན་དེ་མྱུར་དུ་རྩད་གཅོད་བྱས་མཐར་ལག་དམར་པའོ་ཨུན་ནི་ཧྥེ་ཇེ་ནེ་ཡཱ་ཁུལ་གྱི་པོའི་ལེན་ཀི་ལེན་ཉེ་འདབས་ཀྱི་འབྲུ་མཛོད་ཁང་ཞིག་ལས་རྙེད་དེ་མེ་མདའ་ཞིག་གིས་དེའི་ཚེ་སྲོག་བཅད་པ་རེད།

མར་ཁེ་སིས་སྐུ་ཞབས་ལིན་ཁེན་ནི་སྡུག་བསྔལ་གྱིས་ངུ་ཐུབ་པ་ཞིག་མིན་ལ། བདེ་སྐྱིད་ཀྱིས་དགོད་ཐུབ་པ་ཞིག་དེ་བས་མིན། ཁོ་ནི་འགྱུར་མེད་རྡོ་རྗེའི་བྲག་རི་ལྟར་རང་གི་རླབས་ཆེན་གྱི་དམིགས་འབེན་དེ་མ་འགྲུབ་པར་ནམ་ཡང་མདུན་སྐྱོད་བྱེད་པ་ལས་ཕྱི་མིག་གཏན་ནས་ལྟ་མི་སྲིད། མདོར་ན་ཁོ་ནི་རླབས་ཆེན་གྱི་ཚད་ཐིག་ལས་བརྒལ་བའི་ཆེས་སྲིད་ན་དཀོན་པའི་མི་སྣ་ཞིག་ཡིན་ལ། ཁོ་རང་ས་སྒང་འདིའི་སྟེང་ནས་འགྱེལ་བའི་ཚེ་ན། འཛམ་གླིང་ཡོངས་ཀྱིས་ད་གཟོད་ཁོ་རང་རླབས་ཆེན་གྱི་དཔའ་རྒོད་ཅིག་ཡིན་པ་རྟོགས་བྱུང་ཞེས་གདེང་འཇོག་བྱས་སོ།།


བརྡ་འགྲེལ་གདོང་འཛར།

མི་སྣ། སྲིད་འཛིན། ལིན་པེན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:11  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-20

གསར་སྤེལ་མཁན། :user126

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།