མན་དྷི་ལཱ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མན་དྷི་ལཱ།
1993ལོར་ནོ་པེར་ཞི་བདེའི་རྟགས་མ་ཐོབ་ཞིང་། ཁོ་རང་མི་ནག་ཁོ་ནས་ཁྲོད་ན་རླབས་ཆེ་བ་ཙམ་མ་ཡིན་པར་མི་དཀར་གྱི་བརྩི་འཇོག་དང་བླ་ན་མེད་པའི་གུས་བཀུར་ཐོབ་པས་ཁོ་ནི་ཧྥེ་གླིང་མི་དམངས་ཀྱི་གཟི་བརྗིད་ཀྱི་མཚོན་བྱེད་ཅིག་ཀྱང་ཡིན་ནོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
纳尔逊•罗利赫拉赫拉•曼德拉
ཕྱི་ཡིག་གི་མིང་།
Nelson Rolihlahla Mandela
རྒྱལ་ཁབ།
ཨ་ཧྥེ་རི་ཁ་ལྷོ་མ།
འཁྲུངས་འདས་ལོ།
སྤྱི་ལོ1918--2013
ལས་རིགས།
ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་།
འཐུས་ཚབ་བརྩམས་ཆོས།
《རང་དབང་ལམ་དུ་བསྐྱོད་རྒྱུ་བདེ་པོ་མིན》《འཐབ་རྩོད་ནི་འཚོ་བ་ཡིན》
1 མི་སྣ་ངོ་སྤྲོད།

ནར་བཤིན.མན་དྷི་ལཱ(1918--2013)ཧྥེ་གླིང་ལྷོ་མའི་མི་ཡིན། སྤྱི་ལོ1918ལོར་ཧྥེ་གླིང་ལྷོ་མའི་ཐི་ལཱན་སི་ཁཱན་གྱི་བོས་མོས་ཐཱ་ཐཱ་ཟེར་བའི་ས་ཆར་སྐུ་འཁྲུངས། ས་དེའི་ཆོས་ཚོགས་སློབ་གྲྭ་ཞིག་ལས་མཐར་ཕྱིན། སྤྱི་ལོ1938ལོར་ཧྥེ་གླིང་ལྷོ་མའི་ཧེ་ཨུར་པའོ་སློབ་གྲྭ་ཆེན་མོ་ལ་རྒྱུགས་འཕྲོད་ཀྱང་སློབ་མའི་ལས་འགུལ་ལ་ཞུགས་རྐྱེན་སློབ་མཚམས་འཇོག་དགོས་བྱུང་། ཁོ་རང་གཏེར་འདོན་པའི་ཉེན་རྟོག་བྱེད་མྱོང་ལ་ཚོང་ཁང་གི་ལས་བཟོ་བ་དང་། གཟུ་བ་བཅས་བྱེད་མྱོང་། སྤྱི་ལོ1944ལོར་ཧྥེ་གླིང་རྒྱལ་དམངས་ཚོགས་ཆེན་དུ་ཞུགས་ཤིང་། ན་གཞོན་མནའ་མཐུན་ཚོགས་པའི་ཚོགས་གཙོ་རུ་འདེམས། སྤྱི་ལོ1961ལོར་རྒྱལ་དམངས་ཚོགས་ཆེན་གྱི་རྒྱལ་ཡོངས་གདོང་སྐྱོད་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོར་འདེམ་ཞིང་། ལོ་དེའི་ཟླ6པར་དམག་དོན་རྩ་འཛུགས་མི་རིགས་ཀྱི་རྣམ་ཤེས་ཞེས་པ་ཞིག་བཙུགས་ཏེ་ཁོ་རང་དམག་དཔོན་ཆེན་མོར་བསྐོས།

སྤྱི་ལོ1962ལོའི་ཟླ8པའི་ཚེས5ཉིན་ཁོ་རང་འཛིན་བཟུང་བྱས་ཏེ་ཚེ་བཙོན་གྱི་ཁྲིམས་ཐག་བཅད། སྤྱི་ལོ1990ལོའི་ཟླ2པར་བཙོན་གྲོལ་བྱས། ཁྲིམས་ཁང་ལས་བུད་རྗེས་མུ་མཐུད་ནས་རྒྱལ་དམངས་ཚོགས་ཆེན་གྱི་ཀྲུའུ་ཞི་བཟུང་། སྤྱི་ལོ1994ལོའི་ཟླ4བར་ཁོས་འགོ་ཁྲིད་མཛད་པའི་རྒྱལ་དམངས་ཚོགས་ཆེན་གྱིས་ཧྥེ་གླིང་ལྷོ་མའི་མི་དམངས་ཡོངས་ཀྱི་འདེམ་བསྐོའི་ཁྲོད་དུ། ཁོ་རང་ཧྥེ་གླིང་ལྷོ་མའི་ལོ་རྒྱུས་སྟེང་ཆེས་ཐོག་མའི་མི་ནག་ཙུང་ཐུང་དུ་འདེམ་ཐོན་བྱུང་བ་རེད།

2 སྡེ་དཔོན་གྱི་བུ་ཆུང་།

སྤྱི་ལོ1918ལོའི་ཟླ7པའི་ཚེས18ཉིན་འཇིག་རྟེན་འདིའི་ལྟད་མོ་ཆེས་ཐོག་མར་མཐོང་བའི་བྱིས་པ་ཞིག་གི་ངུ་སྐད་ཀྱི་དབྱངས་རྟ་དང་པོས་ཧྥེ་གླིང་ལྷོ་མའི་སྡེ་བ་ཆུང་ཆུང་ཞིག་གི་ལྷིང་འཇགས་དཀྲུགས། སྡེ་དཔོན་ཤཱང་ལིས.མན་དྷི་ལཱ་དགའ་བ་འབུམ་གྱིས་མྱོས་ཏེ་བུ་ཆུང་པང་དུ་བླངས་ཏེ་མིང་ལ་ནར་བཤིན.མན་དྷི་ལཱ་ཞེས་བཏགས།

མན་དྷི་ལཱ་སྐུ་འཁྲུངས་པའི་དུས་སྐབས་ནི་ཧྥེ་གླིང་ལྷོ་མའི་མི་ནག་རྣམས་ནི་མི་དཀར་རིགས་རྒྱུད་རིང་ལུགས་ཀྱི་དབང་བསྒྱུར་འོག་ཏུ་མི་ལོ200རུ་སྡུག་བསྔལ་མྱོང་བའི་དུས་སྐབས་དང་འཕྲད་ཡོད། ཧྥེ་གླིང་ལྷོ་མའི་ས་ཆ་ནི་ཧ་ཅང་མཛེས་སྡུག་དང་འབྱོར་བ་ལྡན་ཞིང་། གནས་དེ་ན་ཆར་ཆུ་དུས་སུ་འབབ་ཅིང་ལོ་ལེགས་ཕུན་སུམ་ཚོགས་པ། རྟ་ནོར་ལུག་གསུམ་གྱིས་རི་ལུང་གང་བ། ནགས་རི་དང་གཏེར་ཁ་མང་བའི་དགེ་བཅུ་འཛོམས་པའི་ས་ཆ་ཞིག་ཡིན་ཡང་ས་དེའི་དགེ་མཚན་ཚང་མ་ལོངས་སུ་སྤྱོད་མཁན་ནི་མི་རབས་ནས་མི་རབས་སུ་མི་དཀར་རིགས་རྒྱུད་རིང་ལུགས་ཀྱི་དབང་བསྒྱུར་བ་རྣམས་ཡིན་ཞིང་། ས་དེའི་མི་དང་ནགས་དེའི་གླ་ཞེས་པ་བཞིན་ས་དེའི་མི་ནག་རྣམས་ནི་ཆེས་མཐའ་འཁོབ་དང་ཆེས་དབུལ་ཕོངས་ཀྱི་གནས་སུ་གཞི་ཆགས་བྱས་ཡོད།

མན་དྷི་ལཱ་སྐུ་ན་ཆུང་བའི་དུས་སུ་ཁོས་ཕ་ཡུལ་ནས་ནོར་ལུག་འཚོས་ཤིང་རང་སྐྱེས་ས་སྡེ་དཔོན་ཚང་ཡིན་ཡང་ཁོང་བཟའ་མི་ཚང་མས་ཞིང་ནང་དུ་དཀའ་ལས་མ་བརྒྱབ་ན་འཚོ་བའི་ཆ་རྐྱེན་བསྐྲུན་མི་ཐུབ། ཁོའི་བྱིས་དུས་ཀྱི་འཇིག་རྟེན་དེར་བག་ཆགས་ཆེས་ཟབ་པ་ནི་རྒན་པ་ཚོས་དུས་རྒྱུན་པར་བཤད་པའི་མི་དཀར་རིགས་རྒྱུད་རིང་ལུགས་ཀྱིས་ཇི་ལྟར་གཉའ་གནོན་བྱས་པ་དང་དམར་གསོད་བཏང་བ། མི་ནག་གིས་རང་གི་འཚོ་སྡོད་དང་རང་དབང་གི་དོན་དུ་ཇི་ལྟར་དཔའ་ངར་གྱིས་འཐབ་རྩོད་བགྱིས་པའི་ལོ་རྒྱུས་དེ་ཡིན། བྱིས་དུས་ཀྱི་སེམས་ཁམས་ནི་ཧ་ཅང་དྭངས་ཤིང་གཙང་བ་ཞིག་ཡིན་ཡང་བག་ཆགས་དེ་ནི་ཁོའི་དམར་ཆུང་སེམས་ཀྱི་ངོས་སུ་རྡོ་ལ་རི་མོ་བརྐོས་པ་བཞིན་ནམ་ཡང་གསུབ་ཐབས་བྲལ་བ་ཞིག་རེད།

རྗེས་སུ་མན་དྷི་ལཱས་བྱིས་དུས་ལ་ཕྱིར་དྲན་བྱེད་སྐབས་ཁོས་འདི་ལྟར་གསུངས་ཡོད་དེ་ང་ལ་དེ་འདྲའི་ཆབ་སྲིད་ཀྱི་བསམ་བློ་ཞིག་འབྱུང་དོན་ནི་བྱིས་དུས་སུ་ཞིང་གྲོང་གི་རྒན་པ་རྣམས་ཀྱིས་ལོ་རྒྱུས་བཤད་པ་ལ་ཉན་རྗེས་བྱུང་བ་ཡིན་ལ། དེའི་སྐབས་ནས་ངས་དཀོན་མཆོག་དཔང་བོར་བཞག་ཏེ་མ་འོངས་པར་ལས་རྒྱུ་འབྲས་ཤིག་འཁོར་དགོས། གལ་སྲིད་ངས་མི་རིགས་ལ་ཞབས་འདེགས་བྱེད་པའི་བསྐལ་བ་ཞིག་བྱུང་ན་ངས་རང་གི་མི་རིགས་ཀྱི་རང་དབང་དང་བདེ་སྐྱིད་ཀྱི་ཆེད་དུ་ཡོད་ཚད་ཀྱི་ཡོད་ཚད་འབུལ་ཐུབ་ཅེས་གསུངས།

མན་དྷི་ལཱ་སློབ་གཉེར་བྱེད་སྐབས། ཁོའི་སློབ་གྲྭ་ནི་མི་དཀར་གྱིས་བཙུགས་པའི་སློབ་གྲྭ་ཞིག་ཡིན་ཞིང་། ཁོ་རང་སློབ་གཉེར་ལ་ཧ་ཅང་འབད་བརྩོན་བྱེད་པའི་སློབ་མ་བཟང་པོ་ཞིག་ཀྱང་ཡིན། ཡིན་ཡང་སློབ་གྲྭ་དེ་ལས་བསླབ་པའི་ལོ་རྒྱུས་དང་ཁོའི་སེམས་ཁོང་ན་འཕྱུར་བའི་ཁྲག་དམར་གྱི་ལོ་རྒྱུས་གཉིས་འགལ་བ་ལྟག་སྤྲོད་ཡིན་པ་མ་ཟད་བསླབ་དེབ་དུའང་མི་ནག་ནི་དམུ་རྒོད་དང་ཀླ་ཀློ། སེམས་རྒྱུད་ངན་པ། རིག་གནས་མེད་ཅིང་མི་དཀར་གྱི་ནོར་ལུག་བརྐུ་བའི་ཇག་ཚོགས་ཤིག་ཏུ་བྲིས་ཡོད། མི་དཀར་ནི་རིགས་རྒྱུད་བཟང་བ་དང་ཡ་རབས་སྤྱོད་བཟང་གི་འཇིག་རྟེན་འདིའི་མགོན་སྐྱབས་ཤིག་ཏུ་འབྲི་བཞེངས་བྱས་ཡོད།

སློབ་གྲྭ་རུ་དེ་ལྟར་རིགས་རྒྱུད་ཀྱིས་སེམས་བསྒྱུར་བའི་བྱ་ཐབས་ཀྱིས་ཁོའི་སེམས་སུ་ཤུགས་རྐྱེན་ཅི་ཡང་བཟོ་མ་ཐུབ། རྒྱུ་མཚན་སྔོན་ནས་ཁོ་ལ་མི་རིགས་འདུ་ཤེས་དང་མི་རིགས་ཀྱི་ལ་རྒྱ་དེ་བཅོས་མ་མིན་པར་སེམས་ཁོངས་སུ་རྡོ་ལ་རི་མོ་བྲིས་པ་ལྟར་ཏུ་བཀོད།

སྤྱི་ལོ1930ལོར་མན་དྷི་ལཱ་ལོ12སྟེང་དུ་ཨ་ཕ་འཇིག་རྟེན་འདི་དང་གཏན་བྲལ་བྱུང་། མ་ཤི་སྔོན་དུ་ཁོས་སྡེ་དཔོན་ཆེན་པོ་ཏཱ་ལེན་ཏཱེ་པོ་ལ་རང་གི་ཆུང་མ་མན་དྷི་ལཱ་དེ་མི་རིགས་ཀྱི་འདུ་ཤེས་དང་ཁེ་ཕན་ཡོད་པའི་མི་སྣ་ཞིག་ལ་སྐྱེས་སྲིང་བྱེད་པའི་རེ་བ་ཞུས།

མན་དྷི་ལཱ་སློབ་གྲྭ་ལས་མཐར་ཕྱིན་རྗེས་ཧྥེ་གླིང་ལྷོ་མར་མི་ནག་སློབ་མ་བསྡུ་པའི་སློབ་གྲྭ་ཆེན་མོ་སྟེ་ཧེ་ཨུར་པའོ་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད། སློབ་གྲྭ་འདི་ནི་སྤྱི་ལོ1916 ལོར་བཙུགས་ཤིང་ཧྥེ་གླིང་ལྷོ་མའི་རླབས་ཆེན་གྱི་མི་ནག་རྣམས་ཕལ་ཆེར་སློབ་གྲྭ་འདི་བརྒྱུད་ནས་བྱུང་བ་ཤ་སྟག་རེད། འདི་ནས་སྐུ་ཞབས་མན་དྷི་ལཱའང་ཆབ་སྲིད་ཀྱི་གར་སྟེགས་སུ་ཕྱིན་པ་རེད།

མན་དྷི་ལཱ་སློབ་གྲྭ་དེར་ཞུགས་སྐབས་རིགས་རྒྱུད་གྲལ་རིམ་གྱི་འགལ་བ་ཛ་དྲག་ཅན་དུ་སོང་བ་དང་། རིགས་རྒྱུད་དབང་བསྒྱུར་གྱི་ལམ་ལུགས་སྔོན་ལས་ཇེ་ཟབ་ཏུ་བཏང་། གནས་འདི་ནས་ཁོའི་མི་རིགས་ཀྱི་འདུ་ཤེས་དང་སེམས་ཤུགས་དེ་རྒྱ་མཚོའི་རྦ་རླབས་ལྟར་འཕྱོ་བཞིན་བྱིས་དུས་ཀྱི་བསམ་བློ་ལས་དམག་འཁྲུག་དང་གསར་བརྗེ་ཡི་ལྟ་བ་ཤ་སྟག་བྱུང་། ཁོས་ད་དུང་མི་རིགས་ཀྱི་འདུ་ཤེས་མེ་ལྟར་འབར་བའི་སློབ་མ་སྐོར་ཞིག་རང་གི་ཕྱོགས་སུ་བཀུགས།

མན་དྷི་ལཱ་ཡིས་སློབ་གཉེར་བྱེད་ཞོར་དུ་སློབ་མའི་ལས་འགུལ་ལ་ཞུགས་ཏེ་བྱ་འགུལ་སྣ་ཚོགས་ལ་རྩ་འཛུགས་བྱས་རྐྱེན་ཧེ་ཨུར་པའོ་སློབ་མའི་འཐུས་ཚབ་ཨུ་ཡོན་ལྷན་ཁང་གི་ཚོགས་མིར་གྱུར། ཁོ་རང་ལོ་རིམ་གསུམ་པའི་སྐབས་སུ་སློབ་མ་རྩ་འཛུགས་བྱས་ཏེ་རིགས་རྒྱུད་དབང་བསྒྱུར་ལ་འགོག་རྒོལ་བྱས་སྟབས་ཁོ་རང་སློབ་གྲྭ་ལས་སློབ་མཚམས་ཆད། 

སློབ་གྲྭས་ཁོ་ལ་ཁྱོད་ཀྱིས་སློབ་མ་རྩ་འཛུགས་མི་བྱེད་པ་དང་འགོག་རྒོད་འཐབ་རྩོད་མཚམས་འཇོག་ཚེ་མུ་མཐུད་དུ་སློབ་གཉེར་བྱེད་ཆོག་པ་མ་ཟད་དམིགས་བསལ་གྱིས་སྣེ་ལེན་བྱས་ཆོག་ཅེས་དྲིས།

མན་དྷི་ལཱ་ཁོང་ཁྲོ་གཏིང་ནས་ལངས་ཏེ་གལ་སྲིད་རིགས་རྒྱུད་ལ་མུ་མཐུད་དུ་མཐོང་ཆུང་དང་གཉའ་གནོན་བྱེད་ཚེ་ངས་འགོག་རྒོལ་གྱི་འཐབ་རྩོད་ནམ་ཡང་འདོར་མི་སྲིད་ཅེས་ལན་བཏབ། 

ཁོ་རང་སློབ་གཉེར་བྱེད་པའི་བསྐལ་བ་དང་བྲལ་བ་མ་ཟད་ལོན་ལ་ཉེ་བའི་སློབ་གྲྭའི་མཐར་ཕྱིན་དཔང་ཡིག་དེའང་ལེན་མ་ཐུབ་པར་ཕྱིར་ཕ་ཡུལ་དུ་མི་ལོག་ཐབས་མེད་བྱུང་བ་རེད། ཕ་ཡུལ་ལ་ལོག་རྗེས་ཨ་ཕའི་ཁ་ཆེམས་བཞག་པའི་སྡེ་དཔོན་གྱིས་ཁོ་རང་སློབ་གྲྭར་སྐྱེལ་བའི་གྲ་སྒྲིག་བྱས་ཀྱང་ཐབས་བཀོད་མ་བྱུང་། རྗེས་སུ་ཁོ་ལའང་ཆུང་མ་ཞིག་བླངས་ནས་སྡེ་དཔོན་དུ་བསྐོ་བའི་ཐབས་བཀོད་བྱས་ཀྱང་ཁོའི་སེམས་ཁོང་ན་ནམ་ཡང་འབར་བའི་མེ་ལྕེ་དེས་ཁོ་ཕ་ཡུལ་དང་ཁ་བྲལ་ཏེ་རང་གི་མི་ཚེ་འདིའི་མདུན་ལམ་འཚོལ་བར་ཕྱིན།

3 ན་གཞོན་པའི་གཙོ་འཛིན།

སྤྱི་ལོ1941ལོར་ཕོ་ལོ23ལོན་པའི་མན་དྷི་ལཱ་ཡའོ་ཧན་ལཱ་སི་པའོ་སྟེ་ཧྥེ་གླིང་ལྷོ་མའི་ཆེས་ཆེ་བའི་གྲོང་ཁྱེར་དུ་འབྱོར། གནས་འདི་ནི་མི་དཀར་རྣམས་ཀྱིས་སྐྱིད་རྒྱག་པའི་དག་ཞིང་ཞིག་དང་མི་ནག་བྲན་གཡོག་ཏུ་འདུག་པའི་དམྱལ་ཁམས་ཤིག་ཡིན། ཕྱོགས་གཅིག་ན་ཁང་བརྩེགས་གནམ་ལ་ཟུག་ཅིང་ཕྱོགས་གཅིག་ན་ཁྱི་ཁང་དང་ཕག་ཁང་ལྟ་བུ་ལས་མེད།

མན་དྷི་ལཱ་མི་ནག་ཞིག་ཡིན་པའི་ཆ་ནས་གྲོང་ཁྱེར་མཐའ་འཁོར་གྱི་མི་ནག་དབུལ་བོ་འདུག་པའི་ཁུང་བུ་ཞིག་མི་འཚོལ་ཐབས་མེད་བྱུང་། སློབ་གྲྭ་ཆེན་མོ་བརྒྱུད་པའི་ཁོ་རང་གནས་སྐབས་སུ་གཏེར་འདོན་ཉེན་རྟོག་པ་ཞིག་བྱས་ཏེ་མི་ནག་སྡོད་པའི་སྤྱིའི་སྒོ་ཆེན་སྲུང་མཁན་བྱས། ཡིན་ནའང་གནས་འདི་ནི་ཁོས་མི་ནག་དང་འབྲེལ་འདྲིས་བྱས་ཏེ་མི་ནག་བཟོ་བའི་གྲལ་རིམ་གྱི་འདུ་ཤེས་རྙེད།

དུས་ཡུན་རིང་བོ་མ་དགོས་པར་ཁོས་མི་ནག་གི་ལས་འགུལ་བྱེད་མཁན་བའོ་ཨུར་ཐཱི་ཞིག་སོས་ལོའུ་ངོ་ཤེས་སུ་གྱུར་ཏེ་འཚོ་བ་ལ་སྔ་ན་མེད་པའི་འགྱུར་ལྡོག་བྱུང་། ཞི་སོས་ལོའུ་ཡིས་མན་དྷི་ལཱ་མི་དཀར་ཞིག་ལ་ངོ་སྤྲོད་བྱས་ཏེ་གཟུ་བའི་དོན་བྱེད་ཁང་ཞིག་ཏུ་བྱ་བ་བསྒྲུབ་ཏུ་བཅུག ཞོར་དུ་ཁོ་རང་སློབ་གཉེར་བྱེད་པར་ཆ་རྐྱེན་བསྐྲུན་ཏེ་མུ་མཐུད་དུ་སློབ་གཉེར་བྱེད་པའི་སྐལ་བ་ལྡན།

མན་དྷི་ལཱ་ཡིས་གཟུ་བའི་དོན་བྱེད་ཁང་འདི་ནས་མི་དཀར་དང་ཐེངས་དང་པོར་འབྲེལ་འདྲིས་བྱེད་ཐུབ་པ་དང་འདི་ནས་ཁོས་རིགས་རྒྱུད་ཀྱི་ལྟ་སྟངས་ལ་ཆེས་གཏིང་ཟབ་པའི་རྒྱུས་ལོན་བྱེད་ཐུབ་པ་རེད།

ཉིན་ཞིག་ཁོ་རང་བུ་མོ་པར་རྒྱག་མཁན་ཞིག་དང་ལྷན་དུ་གཞུང་ལས་ཁང་དུ་ཡོད་ཚེ། མི་དཀར་ཞིག་ཡོང་བཞིན་པ་མཐོང་བས་བུ་མོས་མོ་རང་ཁོའི་མངའ་འོག་མིན་སྙམ་པས་གློ་བུར་ཡར་ལངས་ཏེ་ཁོ་ལ་སྒོར་མོ་འགའ་སྤྲད་དེ་ཕར་ཁའི་ཚོང་ཁང་ལས་ང་ལ་མགོ་བཀྲུ་བྱེད་ཅིག་ཉོས་ཤོག་ཅེས་མན་དྷི་ལཱར་འགྲོ་ཐབས་བྱས་ཀྱང་། ཁོས་གནས་ཚུལ་དེ་གསལ་བོར་རྟོགས་རྗེས་ད་ལྟ་བྱ་བ་བསྒྲུབ་བཞིན་པ་མ་ཡིན་ནམ་ཞེས་ལན་བཏབ། དེ་འདྲའི་རིགས་རྒྱུད་ཀྱི་ལྟ་སྟངས་ལ་ཁོང་ཁྲོ་གཏིང་ནས་ལངས་པས་མི་དེ་དག་དང་ང་ཚོ་བསྡུར་ན་ཁོ་ཚོ་ལ་དགེ་མཚན་ཅི་ཡང་མཐོང་རྒྱུ་མེད་ཀྱང་ཁོ་ཚོའི་ཤ་མདོག་གིས་ཁོ་ཚོའི་གོ་གནས་ཙམ་སྲུང་སྐྱོབ་བྱས་ཡོད་ཅེས་ཟེར། 

སྐུ་ཞབས་ཞི་སོས་ལོའུ་ཡིས་རོགས་སྐྱོར་བྱས་འོག་སྤྱི་ལོ1942ལོར་ཁོ་རང་སློབ་གྲྭ་ལས་མཐར་ཕྱིན་དཔང་ཡིག་ལེན་ཐུབ་པ་བྱུང་། ཁོས་ལས་དོན་གྱི་ཞོར་དུ་ཡང་སཱི་ལན་ཏཱི་སློབ་གྲྭ་ཆེན་མོ་ལས་བཅའ་ཁྲིམས་སྦྱང་བ་དང་། ད་དུང་ཧྥེ་གླིང་རྒྱལ་དམངས་ཚོགས་ཆེན་གྱི་ཆབ་སྲིད་རྩ་འཛུགས་སུའང་དངོས་སུ་ཞུགས།

ཁོ་རང་ཆབ་སྲིད་རྩ་འཛུགས་དེར་ཞུགས་རྗེས་ལས་དོན་ལ་འབད་བརྩོན་དང་ཕུལ་དུ་བྱུང་བའི་བསམ་བློ་སོགས་ཀྱིས་ཚོགས་པ་དེའི་ཡང་རྩེར་གྱུར་དེ་ཀུན་གྱིས་གདེང་འཇོག་མཐོ་བའི་མི་སྣར་གྱུར།

སྤྱི་ལོ1950ལོར་ཁོ་རང་རྒྱལ་དམངས་ཚོགས་ཆེན་གྱི་ན་གཞོན་མནའ་མཐུན་གྱི་རྒྱལ་ཡོངས་ཀྲུའུ་ཞི་ལ་འདེམ་ཐོན་བྱུང་། 

4 དྲག་པོའི་འཐབ་རྩོད།

ལོ་རབས40བའི་མཇུག་དང50མགོ་རུ་ཧྥེ་གླིང་ལྷོ་མར་ཆེས་མུན་ནག་གི་རིགས་རྒྱུད་རིང་ལུགས་ཀྱིས་དབང་བསྒྱུར་བྱས་ཤིང་། མི་ནག་ལ་ཆེས་ཛ་དྲག་ཆེ་བའི་དྲག་གནོན་གྱི་དུས་སྐབས་ཤིག་བྱུང་། ཁྱད་པར་དུ་རིགས་རྒྱུད་རིང་ལུགས་ཀྱིས་རང་གི་ཁེ་ཕན་ཆེད་དུ་ཁྲིམས་མེད་ལུགས་མེད་ཀྱི་བཀའ་ཁྲིམས་མང་བོ་ཁྱབ་བསྒྲགས་བྱས།

སྐབས་དེར་རིགས་རྒྱུད་རིང་ལུགས་ལ་འགོག་རྒོལ་དང་འཐབ་རྩོད་བྱེད་ཆེད་ཧྥེ་གླིང་རྒྱལ་དམངས་ཚོགས་ཆེན་གྱིས་ལུགས་མཐུན་མིན་པའི་བཀའ་ཁྲིམས་མི་བརྩི་བའི་ལས་འགུལ་ཞེས་པ་ཧྥེ་གླིང་ཡོངས་སུ་སྤེལ་རྩིས་བྱས་ཏེ་མན་དྷི་ལཱ་རྒྱལ་ཡོངས་རོགས་སྐྱོར་ཚོགས་པའི་སྤྱིའི་མཛུབ་སྟོན་པར་འདེམ། ཁོ་རང་ཧྥེ་གླིང་གི་གྲོང་ཁྱེར་ཆེ་ཁག་དང་མི་ནག་གཞིས་སྡོད་ཀྱི་ས་ཆ་མང་པོར་སོང་ནས་ཁྱབ་བསྒྲགས་དང་རོགས་སྐྱོར་བྱེད་དགོས་པའི་བྱ་འགུལ་སྤེལ།

སྤྱི་ལོ1952ལོའི་ཟླ6པའི་ཚེས26ཉིན་ལུགས་མཐུན་མིན་པའི་ཁྲིམས་མི་རྩིས་པའི་ལས་འགུལ་དེ་དངོས་སུ་མགོ་བརྩམ། ཉིན་དེར་གནམ་གཤིས་ཧ་ཅང་དྭངས་ཤིང་ས་ཕྱོགས་ཀུན་ནས་མི་ནག་མང་པོ་རང་བཞིན་གྱིས་འདུས་ཏེ་ཁོ་ཚོའི་གདངས་མཉམ་པའི་དབྱངས་རྟ་དང་ལྷན་དུ་མི་དཀར་མ་གཏོགས་མི་ནག་འགྲོ་མི་ཆོག་པའི་གཞུང་ལམ་བརྒྱུད་དེ་མེ་འཁོར་འབབ་ཚིགས་དང་། ཡིག་འཕྲིན་ལྟེ་གནས་བཅས་སུ་སོང་དེ་ཆེད་དུ་མི་དཀར་        ལས་མི་ནག་འདུག་མི་ཆོག་པའི་རྐུབ་སྟེགས་སྟེང་དུ་བསྡད། རིགས་རྒྱུད་རིང་ལུགས་ཀྱིས་ཁྲོམ་སྐོར་བྱེད་མཁན་མང་བོ་འཛིན་བཟུང་བྱས་ཀྱང་གྲོང་ཁྱེར་ཆེ་ཁག་དང་ལས་བཟོ་བ་མང་པོ་ས་ཕྱོགས་ཀུན་ནས་མེ་རི་འཕྱུར་བ་ལྟར་ཧྥེ་གླིང་མི་རིགས་རིང་ལུགས་ཀྱི་ལས་འགུལ་དེ་མི7000ནས་གློ་བུར་དུ་མི་ཁྲི10ལྷག་ཏུ་འཕར་བས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཧྥེ་གླིང་མི་རིགས་གནད་དོན་དེ་ཆེས་ཚབས་ཆེན་ཡིན་པའི་ཚོར་རྟོགས་བྱུང་།

མི་རིགས་བཅིངས་འགྲོལ་གྱི་ལས་དོན་ལ་བློ་སེམས་དཀར་བ་དང་། ཁོས་མགོ་འཛིན་བྱས་ན་ཧྥེ་གླིང་མི་དམངས་ཀྱིས་ཁས་ལེན་བྱེད་སྟབས་ལས་འགུལ་དེའི་ཁྲོད་ནས་མན་དྷི་ལཱ་ཧྥེ་གླིང་རྒྱལ་དམངས་ཚོགས་ཆེན་གྱི་ཀྲུའུ་ཞིར་འདེམ་ཐོན་བྱུང་། མི་རྣམས་ཁྱབ་རྒྱ་ཧ་ཅང་ཆེ་བའི་ལས་འགུལ་དེའི་ཁྲོད་ན་སྤྲོ་སེམས་ཀྱིས་ཁེངས་པའི་སྐབས་དེར་མིག་རྒྱང་རིང་ཞིང་སྤྱང་གྲུང་ལྡན་པའི་མན་དྷི་ལཱས་འཐབ་རྩོད་དེ་ཇི་ལྟར་གཏིང་ཟབ་ཏུ་གཏོང་བར་བསམ་བློ་འཁོར་བཞིན་ཡོད། ཁོའི་བསམ་པར་འདི་འདྲའི་ཆབ་སྲིད་ཀྱི་དབང་བསྒྱུར་ཆེན་པོ་ཞིག་འོག་ནས་མི་དམངས་ཀྱི་ལས་འགུལ་ཁོ་ན་ཞིག་ལ་གཏན་ནས་ནུས་པ་མེད།

སྤྱི་ལོ1953ལོའི་ཟླ9པར་ཁོའི་ཕུལ་དུ་བྱུང་བའི་སྙན་ཞུའི་ཡིག་ཆ《རང་དབང་འཚོལ་བར་བདེ་ལམ་མེད》ཅེས་པའི་ནང་དུ། དེང་སྐབས་ཀྱི་གནས་ཚུལ་རྒྱ་བསྐྱེད་ན། ང་ཚོས་འཐབ་རྩོད་བྱེད་ཕྱོགས་གསར་བསྡུ་ལེན་བྱེད་དགོས་པ་དང་ང་ཚོས་ཆེས་མཐོ་བའི་ཆུ་ཚད་ཀྱིས་མུ་མཐུད་དུ་འཐབ་རྩོད་བྱེད་དགོས་ཞེས་གསུངས་ཡོད། 

ཁོས་ད་དུང་གཞི་རིམ་ནས་རྩ་འཛུགས་བྱས་ཏེ་ཧྥེ་གླིང་རྒྱལ་དམངས་ཚོགས་པའི་ཚོགས་མི་རྣམས་ཁྱིམ་ཚང་རེ་རེར་སོང་ནས་མི་དམངས་སྐུལ་སློང་བྱེད་རྒྱུ་བྱས་ཤིང་། ཚོགས་པ་རྒྱ་བསྐྱེད་དང་རྩ་འཛུགས་སྲ་བརྟན་ཡོང་བར་བྱས། གལ་སྲིད་ཧྥེ་གླིང་སྲིད་གཞུང་གིས་གཏོར་བརླག་བྱས་ཚེ་རང་རྐྱ་ཐུབ་པའི་གཞི་རིམ་རྩ་འཛུགས་བྱས་ཏེ་རྒྱ་བསྐྱེད་གཏོང་ཐུབ་དགོས་པའི་འཆར་གཞི་བཀོད། འདི་ནི་མན་དྷི་ལཱ་ཧྥེ་གླིང་ལྷོ་མའི་མི་ནག་བཅིངས་      འགྲོལ་ལས་དོན་ལ་བཞག་པའི་ཆེས་འབུར་དུ་ཐོན་པའི་རླབས་ཆེན་གྱི་མཛད་རྗེས་ཤིག་ཡིན།

མན་དྷི་ལཱ་གཞི་རིམ་དུ་སོང་རྗེས་ཀྱི་བརྩམས་ཆོས་ཤིག་ཏུ། ང་རང་གི་ས་སྟེང་དུ་གཞན་གྱིས་བོར་བའི་མི་ལྟར་འཚོ་སྡོད་མི་བྱེད་ཐབས་མེད་བྱུང་། འོན་ཀྱང་ང་རང་གི་ཕ་ས་དང་གཏན་བྲལ་བྱེད་མི་སྲིད་ལ། ངས་མགོ་ཡང་འདོག་མི་སྲིད། འཐབ་རྩོད་ནི་ངའི་ཚེ་སྲོག་ཡིན་ལ་མ་འོངས་པར་ཡང་རང་དབང་གི་ཆེད་དུ་རང་སྲོག་མ་ཤོར་བར་དུ་ངས་མུ་མཐུད་ནས་འཐབ་རྩོད་བྱེད་རྒྱུ་ཡིན་ཞེས་བྲིས་ཡོད། 

ཁོ་རང་གཞི་རིམ་དུ་སོང་རྗེས་བཟོ་གྲྭ་དང་། ཞིང་གྲོང་མི་ནག་གཞིས་སྡོད་བྱེད་ཡུལ་བཅས་ནས་མི་དམངས་ལ་འཐབ་རྩོད་རྒྱུན་འཁྱོངས་བྱེད་དགོས་པའི་སྐུལ་སློང་མང་བོ་བྱས་མཐར་ཧྥེ་གླིང་ལྷོ་མའི་བཟོ་གྲྭ་ཡོངས་རྫོགས་ལས་མཚམས་འཇོག་པར་འགོ་ཁྲིད་བྱེད་ཐུབ་སོང་།

སྲིད་གཞུང་གིས་ཁོ་རང་འཛིན་བཟུང་བྱེད་པའི་ཡིག་ཆ་བཀྲམ་ཏེ་ཉེན་ཁ་ཆེན་པོ་འཕྲད་ཀྱང་ཁོས་ད་དུང་བར་བར་ལ་རླངས་འཁོར་གྱི་ཁ་ལོ་བར་བརྫུས་པ་དང་། བར་བར་ལ་གཙང་སྦྲ་བྱེད་མཁན་གྱི་ལྭ་བ་གྱོན་ནས་སྲང་བར་ཕྱགས་པ། གཡོག་པོ་བྱེད་ཁུལ་སོགས་བྱས་ཏེ་མི་དམངས་ལ་སྐུལ་སློང་བྱས། ཉིན་ཞིག་ཁོ་རང་མི་དཀར་ཉེན་རྟོག་པ་ཞིག་གིས་ངོ་ཤེས་ཀྱང་ཁོར་མཐེ་མཛུབ་ཅིག་བསྟན་ནས་བུད་སོང་། མཐེ་མཛུབ་ནི་ཧྥེ་གླིང་མིའི་ཆེས་བརྩི་བཀུར་བྱེད་པའི་མཚོན་རྟགས་ཤིག་ཡིན། 

མན་དྷི་ལཱས་དུས་ཡུན་རིང་པོ་ཞིག་ལ་རང་གི་ལྟ་བ་དང་རང་གི་དཔུང་ཁག་རྒྱ་བསྐྱེད་དུ་བཏང་ནས་ཁྱད་པར་དུ་དམག་དཔུང་རྩ་འཛུགས་བྱས་ཏེ་དྲག་ཤུགས་ཀྱིས་མི་དཀར་སྲིད་དབང་ལ་ཁ་ལོ་བསྒྱུར་བའི་དམིགས་འདུན་བཅང་། ཁོས་གསུངས་དོན་ང་ཚོའི་སྲིད་གཞུང་གིས་འདི་ལྟ་བུའི་ཁྲིམས་ལུགས་དང་མི་མཐུན་པའི་སྐྱུགས་བྲོ་བའི་བྱ་སྤྱོད་ཀྱིས་ཧྥེ་གླིང་ལྷོ་མའི་མི་དམངས་རྣམས་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་དུ་བཅུག ང་ཚོས་འདི་ལྟར་ཞི་བདེ་ལ་གདུང་འབོད་བྱས་ཏེ་དྲག་པོས་རྒོལ་ལན་སྤྲད་ན་ཆབ་སྲིད་ཀྱི་གར་སྟེགས་སུ་བདེན་དོན་ཡིན་སྲིད་དམ།

ཁོའི་ལྟ་ཕྱོགས་དེར་ཧྥེ་གླིང་རྒྱལ་དམངས་ཚོགས་ཆེན་གྱིས་ཐག་གཅོད་བྱས་ཏེ་ཆེད་དུ་དྲག་པོས་འཐབ་རྩོད་བྱེད་པའི་མི་རིགས་ཀྱི་རྣམ་ཤེས་ཞེས་པའི་དམག་དོན་རྩ་འཛུགས་ཤིག་བྱས་ནས་མན་དྷི་ལཱ་རྩ་འཛུགས་དམག་དཔོན་དུ་བསྐོས། ཁོའི་དམག་དོན་རྩ་འཛུགས་དེར་སྲོལ་ཡིག་ཅིག་བཀོད་ནས་དྲག་པོའི་འཐབ་རྩོད་དེའི་དམིགས་ཡུལ་ནི། དཔལ་འབྱོར་སྒྲིག་གཞི་གཏོར་བརླག་བྱེད་རྒྱུ་ཁོ་ན་ཡིན།  ཁོས་དེ་ལྟར་བྱེད་དགོས་དོན་ནི།        གཅིག་ན་མི་མང་བོ་ཤི་རྨས་མི་འབྱུང་བ་དང་། གཉིས་ན་ཧྥེ་གླིང་དཔལ་འབྱོར་ཉམས་རྒུད་དུ་བཏང་ན་མི་དཀར་སྲིད་གཞུང་གི་སྲིད་ཇུས་ལ་འགྱུར་ལྡོག་འབྱུང་མིན་དུ་དམིགས་པ་ཡིན།

སྤྱི་ལོ1961ལོའི་ཟླ12པའི་ཚེས16ཉིན་ནི་ཧྥེ་གླིང་རྒྱལ་དམངས་ཚོགས་ཆེན་གྱི་ལོ་རྒྱུས་སུ་གལ་ཆེ་བའི་ཉིན་མོ་ཞིག་ཡིན། ཉིན་དེར་མི་རིགས་ཀྱི་རྣམ་ཤེས་དེ་དམག་དོན་རྩ་འཛུགས་ཀྱིས་དྲག་པོའི་འཐབ་རྩོད་བྱས་ཏེ་གཏོར་བརླགས་ཀྱི་བྱ་འགུལ་མང་པོ་སྤེལ། ཧྥེ་གླིང་ལྷོ་མའི་མི་ནག་གིས་དྲག་པོའི་འཐབ་རྩོད་བྱེད་མ་མྱོང་བའི་ལོ་རྒྱུས་དངོས་སུ་མཇུག་རྫོགས་པ་རེད།

སྤྱི་ལོ1961ལོའི་ལོ་མཇུག་དང་སྤྱི་ལོ1963ལོའི་ལོ་དཀྱིལ་བར་དུ་ཁོ་ཚོས་དྲག་པོའི་འཐབ་རྩོད་ཐེངས200བྱས་ཤིང་དགྲ་ཕྱོགས་སུ་གཏོར་བཤིག་ཚབས་ཆེན་བཏང་བས་མི་ནག་གི་སྙིང་སྟོབས་ལ་ཚང་མ་ཧ་ལས་པར་གྱུར། སྤྱི་ལོ1962ལོར་ཁོ་རང་ལྐོག་ཏུ་ཕྱི་རྒྱལ་ལ་སོང་ནས་གཞན་གྱི་ཧྥེ་གླིང་རྒྱལ་ཁབ་དང་དབྱིན་ཇི་སོགས་ལ་ལོ་ཕྱེད་དུ་འཚམས་འདྲིར་ཕེབས་ཏེ་རྒྱལ་ཕྱིའི་སྤྱི་ཚོགས་ཀྱི་རྒྱ་ཆེ་བའི་རོགས་སྐྱོར་ཐོབ། གནས་དེ་ནས་ཁོས་རང་བཙན་དང་བཅིངས་འགྲོལ་ཐོབ་པའི་ཧྥེ་གླིང་རྒྱལ་ཁབ་ཀྱི་རིགས་རྒྱུད་འདྲ་མཉམ་དང་མི་རིགས་ཀྱི་བརྩེ་དུང་བཅས་ཀྱི་མཛེས་སྡུག་གི་དགའ་སྟོན་དེ་ཧྥེ་གླིང་ལྷོ་མར་ཁྱེར་ནས་ཡོང་།

.ཁྲིམས་རའི་རྩོད་གླེང་དུ།

སྤྱི་ལོ1962ལོའི་ཟླ7པའི་ཚེས20ཉིན་གྱི་མཚན་ལྗོངས་སུ་ཁོ་རང་ལྐོག་ནས་ཧྥེ་གླིང་ལྷོ་མར་ཕྱིར་ལོག སྲིད་གཞུང་གིས་ཁོ་རང་ཕྱིར་ལོག་པའི་གནས་ཚུལ་དེ་ཤེས་ཏེ་ཁོ་རང་འདུག་གནས་ཀྱི་གྲོང་ཁྱེར་དམག་གིས་བསྐོར། ཟླ8པའི་ཚེས5ཉིན་གཞན་གྱིས་ཁོའི་འདུག་གནས་ཤེས་ཏེ་སྲིད་གཞུང་ལ་ཆ་འཕྲིན་བསྐྱལ་བས་ཁོ་རང་དངོས་སུ་འཛིན་བཟུང་བྱས། སྲིད་གཞུང་གིས་ཁོ་རང་དྲག་པོའི་བྱ་འགུལ་གྱི་ནག་ཉེས་ཅན་དུ་བརྩིས་ཏེ་སྲོག་ཆད་      གཅོད་པའི་ཁྲིམས་ཁང་དུ་འཕངས། མན་དྷི་ལཱས་ཅི་མི་སྙམ་པའི་ངང་ནས་ཁྲིམས་རའི་རྩོད་གླེང་ཐོག་ཏུ་ཁོ་རང་མི་རིགས་ཀྱི་རྣམ་ཤེས་ཞེས་པའི་དམག་དོན་རྩ་འཛུགས་ཀྱི་གསར་གཏོད་མཁན་ཡིན་པ་ཁས་ལེན་བྱས་པ་དང་། ཁོ་རང་ད་དུང་ང་རྒྱལ་གྱིས་ངས་འདི་ལྟ་བུའི་རང་གི་མི་རིགས་ལ་ཞབས་འདེགས་ཤིག་བྱེད་ཐུབ་པར་ང་ལ་དགའ་སྤྲོ་ཤིན་ཏུ་ཆེ་ཟེར་བས། ཁོའི་དཔའ་ངར་དང་རང་གི་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་ཕོད་པའི་སྙིང་སྟོབས་དེས་ཁྲིམས་ར་ཡོངས་སུ་སེམས་འགུལ་ཐེབས་པར་བྱས།

ཆུ་ཚོད་བཞིའི་རིང་གི་ཁྲིམས་རའི་རྩོད་གླེང་མཇུག་རྫོགས་རྗེས་ཁོའི་མགོ་བོ་ཡར་བཀྱག་ཏེ་བཤད་རྒྱུར། ང་རང་གི་མི་ཚེ་འདིར་རང་ཉིད་ཀྱི་ཡོད་ཚད་ཧྥེ་གླིང་མི་རིགས་ཀྱི་འཚོ་སྡོད་དང་རང་དབང་། ཁེ་ཕན་བཅས་ཀྱི་འཐབ་རྩོད་དུ་འབུལ་བ་ཡིན། ངའི་ཕུགས་བསམ་དེ་མངོན་འགྱུར་ཡོང་ངར་འཚོ་བས་བདེན་དབང་བྱེད་སྲིད། གལ་ཏེ་དགོས་དབང་ཡོད་ན་ང་རང་གི་ཚེ་སྲོག་ཀྱང་རླབས་ཆེན་གྱི་བྱ་བཞག་འདིར་འབུལ་བའི་གྲ་སྒྲིག་ཡོད།         ཁོའི་ཕུལ་དུ་བྱུང་བའི་རྩོད་གླེང་གཏམ་བཤད་དེས་ཁྲིམས་ར་ཡོངས་རྫོགས་འཇིགས་སྣང་སྟེར་བའི་ངུ་སྐད་ཀྱིས་ཁེངས་ཤིང་། ཁོའི་མི་སེམས་ཐལ་བར་གཏོང་བའི་ཚིག་གི་མཚོན་ཆ་དེ་དག་གིས་མི་དཀར་སྲིད་གཞུང་གི་འགྲོ་བ་མིའི་གནས་ལུགས་ལས་ལོག་པའི་སྐྱུག་བྲོ་བའི་བྱ་སྤྱོད་ལ་ཐེར་འདོན་བྱས་ཡོད།

སྲོག་ཆད་ཀྱིས་འཇིགས་སྐུལ་བཞིན་པའི་སྐབས་འདིར་མན་དྷི་ལཱས་ད་དུང་བཤད་རྒྱུར། གལ་ཏེ་ང་ལ་ཚེ་སྲོག་གི་ཆད་པ་གཅོད་ན་ངས་ཁྲིམས་ཁང་ལ་སླར་ཡང་རྩོད་གླེང་གཏུག་བཤེར་མི་བྱ། རྒྱུ་མཚན་ནི་ངའི་ཚེ་སྲོག་གིས་སྔོན་མ་ལས་ཀྱང་མང་བའི་མི་ནག་མང་བོ་སྐུལ་སློང་དང་དྲག་པོས་འགོག་རྒོལ་བྱེད་དགོས་པའི་ཉེན་བརྡ་གཏོང་རྒྱུ་ཡིན་ཞེས་བཤད། 

མན་དྷི་ལཱ་ཁྲིམས་ཁང་དུ་ཤི་གསོན་གང་དུ་འགྲོ་བ་མི་ཤེས་ཀྱང་། ད་དུང་ཁོས་ཁྲིམས་ལས་ལོན་ཏོན་སློབ་གྲྭ་ཆེན་མོའི་བཅའ་ཁྲིམས་པའོ་ཧྲི་སློབ་མའི་དཔྱད་རྩོམ་འབྲི་བཞིན་ཡོད།

སྤྱི་ལོ1964ལོའི་ཟླ6པའི་ཚེས12ཉིན་ཁྲིམས་ཁང་གིས་མཇུག་མཐའི་ཁྲིམས་ཐག་བཅད་པ་ཁྱབ་བསྒྲགས་བྱས། ཉིན་དེར་གྲོང་ཁྱེར་ཚང་མ་དམག་གིས་བསྐོར་ཞིང་ཉེན་རྟོག་པ་མང་པོས་མདའ་མཚོན་སྤྲས་པ་དང་དམག་ཁྱི་ཁྲིད་དེ་ཧ་ཅང་འཇིགས་སྣང་གིས་དོན་རྐྱེན་བྱུང་བར་གྲ་སྒྲིག་བྱེད་བཞིན་ཡོད། ཁྲིམས་རའི་ཕྱི་ནང་ཐམས་ཅད་མི་ནག་གིས་ཁེངས་ཤིང་ཁོ་ཚོའི་ལག་ཏུ་ཁ་འབོད་ཡི་གེ་མང་བོ་བཟུང་བ་དང་། མི་ནག་གི་ལས་དབང་བསམ་པའི་འགོ་ཁྲིད་བཟང་པོ་དང་། མིག་ཆུ་འདོན་མི་སྲིད། ང་ཚོའི་མདུན་ལམ་ནི་འོད་སྟོང་འབར་བ་ཡིན། རིགས་རྒྱུད་རིང་ལུགས་ས་འདི་ནས་ཕར་སོང་། ཞེས་པ་སོགས་ཀྱི་འབོད་སྒྲས་གནམ་ས་ཁེངས་བཞིན་འདུག

མི་དམངས་ཀྱི་དྲག་པོའི་འགོག་རྒོལ་དང་རྒྱལ་སྤྱིའི་ཤུགས་རྐྱེན་གྱི་གནོན་ཤུགས་འོག་ནས་སྲིད་གཞུང་གིས་ཁོ་ལ་སྲོག་ཆད་གཅོད་མ་ཐུབ་པར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། མན་དྷི་ལཱ་ང་རྒྱལ་གྱི་མགོ་བོ་དགུང་དུ་བཏེགས་ཏེ་ཁུ་ཚུར་གནམ་ལ་ཕྱར་ནས་སྐད་གསེང་མཐོན་པོས། སྲིད་དབང་ནི་དམངས་ལ་དབང་བ་ཡིན་ཟེར། མི་རྣམས་ཀྱིས་དུས་ཡུན་རིང་པོ་ཞིག་ལ་རླངས་འཁོར་གྱི་རྗེས་བསྙེགས་ཏེ་ཁོ་རང་སྐྱེལ་མ་བྱས།

5 འཐབ་རྩོད་མུ་མཐུད་དུ་བྱེད་དགོས།

བྱང་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོའི་འགྲམ་ངོགས་སུ་མི་སྐད་དབེན་པའི་གླིང་ཕྲན་ཞིག་ཡོད། དེ་རུ་མཐོང་བ་ཙམ་གྱིས་འཇིགས་སྣང་སྟེར་བའི་གྱང་མཁར་མཐོན་པོ་ཞིག་གིས་བསྐོར་ཡོད་ཅིང་། དེ་ནི་དུས་རབས་བཅུ་བདུན་པ་ནས་བཟུང་ཧྥེ་གླིང་མི་རིགས་ཀྱི་མགོ་འཛིན་མཁན་དང་། གཞན་གྱི་གནད་ཆེའི་ཆབ་སྲིད་འགལ་བ་སོགས་ཀྱི་ཁྲིམས་ཁང་ཆེན་པོ་ཞིག་ཡིན། མན་དྷི་ལཱ་གནས་འདི་ནས་བགྲང་བྱ18རིང་ལ་བཙོན་མའི་འཚོ་བ་རོལ་ཞིང་རྗེས་སུ་ཡང་བའེ་ཏོ་སཱི་ཐིའི་ཁྲིམས་ཁང་དུ་ལོ9རིང་ལ་བཙོན་འཇུག་བྱས།

ཁྲིམས་ཁང་དུའང་སྤྱི་ཚོགས་དང་འདྲ་བར་རིགས་རྒྱུད་རིང་ལུགས་ཀྱི་ཁྲིམས་སྲོལ་ཡོད་ཅིང་། ཧྥེ་གླིང་མི་ནག་ལ་ཆེས་ཡ་ང་བའི་ཁྲིམས་ལས་དང་འཚོ་བ་ཆེས་ངན་པ་སྤྲོད་སྲིད། མན་དྷི་ལཱ་ནི་སྨི1.8ཡོད་པའི་གཟུགས་རིང་པོ་ཅན་ཞིག་ཡིན་ནའང་ཁོ་རང་སྡོད་པའི་ཁང་བའི་མཐོ་དམན་ལ་སྨི2ཙམ་ལས་མེད། ནང་དུ་ཉལ་ཁྲི་མེད་ལ་རྐུབ་སྟེགས་ནི་དེ་བས་མེད། ཧ་ཅང་རྙིང་རུལ་དུ་སོང་བའི་ཉལ་ཐུལ་གཉིས་ལས་ཅི་ཡང་མེད། སྔ་མོ་མ་རྨོས་ལོ་ཏོག་གི་ཁུ་བ་ལས་འཐུང་རྒྱུ་མེད་ཅིང་དེ་ཡང་ཕོར་ཕྱེད་ཙམ་ལས་བླུགས་མི་སྲིད། མན་དྷི་ལཱ་ནི་རྒྱལ་སྤྱིའི་སྟེང་དུ་སྐད་གྲགས་ཡོད་པའི་ཆབ་སྲིད་མི་སྣ་ཡིན་སྟབས་སྲིད་གཞུང་གིས་ཁོ་ལ་དམིགས་བསལ་གྱིས་སྣེ་ལེན་མི་བྱེད་ཐབས་མེད་བྱུང་ཡང་། ཁོས་ངའི་ཁྲིམས་གྲོགས་ཚོའི་འཚོ་བ་ཇི་འདྲ་ཡིན་ན་ང་ཡང་དེ་ལྟར་ཡིན་ཞེས་དང་ལེན་མ་བྱས།

གླིང་ཕྲན་དེའི་དཀྱིལ་དུ་རྡོ་ཞོ་སྔོག་འདོན་བྱེད་པའི་རྡོ་ལས་བཟོ་གྲྭ་ཆེན་པོ་ཞིག་ཡོད་པས་ཁྲིམས་པ་རྣམས་ཀྱིས་ལས་ཀ་བྱེད་ས་བཟོ་གྲྭ་དེ་ཡིན། དུས་རྒྱུན་པར་ལས་ཀར་འགྲོ་རན་ཚེ་མི་གཉིས་རེ་བྱས་ཏེ་རྐང་བར་ལྕགས་སྒྲོག་བརྒྱབ་ནས་དྲུད་དེ་འགྲོ་དགོས་ཤིང་། བཟོ་གྲྭར་མ་ཐོན་བར་དུ་ལྕགས་སྒྲོག་ལེན་མི་སྲིད། ཧ་ཅང་ལྕི་བའི་ལས་ཀ་དང་འཚོ་བཅུད་ཞན་པའི་ཟ་མ་བཅས་ཀྱིས་དུས་ཡུན་རིང་པོ་མ་སོང་བར་མན་དྷི་ལཱའི་ལུས་པོའི་      ལྗིད་ཚད་རྒྱ་མ50ཙམ་ཇེ་ཡང་དུ་སོང་བ་དང་ཡ་ང་བའི་ཞིག་ཏུ་གྱུར།

མན་དྷི་ལཱས་ཁྲིམས་པ་ཡོངས་རྫོགས་ལ་འགོ་ཁྲིད་བྱས་ཏེ་ལས་ཀའི་ཆ་རྐྱེན་དང་འཚོ་བ་ཇེ་བཟང་དུ་གཏོང་དགོས་པ་བཅས་ཀྱི་འཐབ་རྩོད་དྲག་པོ་བྱས་པ་མ་ཟད་ཟ་མ་མི་ཟ་བ་སོགས་ཀྱི་ཐབས་སྤྱད་པས་སྲིད་གཞུང་གིས་ལས་ཀར་འགྲོ་ཚེ་ལྕགས་སྒྲོག་བརྒྱབ་མི་ཆོག་པ་དང་། འཚོ་བའི་ཆ་རྐྱེན་སོགས་ཇེ་ལེགས་སུ་བཏང་། མན་དྷི་ལཱ་ས་གང་ཞིག་ལ་སོང་བ་དང་ཡུལ་གང་ཞིག་ན་ཡོད་ཀྱང་རིགས་རྒྱུད་རིང་ལུགས་ཀྱི་མཐོང་ཆུང་ལ་འགོག་རྒོལ་དང་འཐབ་རྩོད་བྱེད་པ། ཁོ་ཚོའི་ཐེངས་འདིའི་འཐབ་རྩོད་ཀྱིས་ཁྲིམས་ཁང་གི་ཁོར་ཡུག་ཙམ་མ་ཡིན་པར་ཕྱིའི་མི་ནག་གི་དྲག་པོའི་འགོག་རྒོལ་ལ་འབུར་དུ་ཐོན་པའི་ཤུགས་རྐྱེན་ཐེབས་པས་མན་དྷི་ལཱ་ནི་མི་ནག་བཅིངས་འགྲོལ་གྱི་བསམ་བློའི་དེད་དཔོན་དུ་གྱུར།

མན་དྷི་ལཱ་ཡིས་དུས་ཡུན་རིང་པོའི་དཀའ་སྡུག་གི་འཚོ་བའི་ཁྲོད་ནས་མདུན་ལམ་ནི་འོད་སྟོང་ལྡན་པ་ཡིན་ཞེས་ནམ་ཡང་སེམས་ཤུགས་ཉམས་མ་མྱོང་ལ། ཁོས་ད་དུང་མུ་མཐུད་དུ་སློབ་སྦྱོང་བྱས་ཏེ་དཔེ་ཆ་ནི་ཁོའི་བསམ་བློའི་རེ་བཅོལ་བྱེད་ས་བྱས། ཁོས་ད་དུང་ཁྲིམས་ཁང་དུ་དཔལ་འབྱོར་རིག་པ་དང་ཚོང་ལས་རིག་པ་སོགས་ཀྱི་སློབ་ཚན་རང་སྦྱོང་བྱས་པ་མ་ཟད་སློབ་གནས་བླངས། གཞན་ཡང་ཁོས་ཧྥེ་གླིང་གི་ཨཱ་ཧྥེས་ལིས་ཁཱར་གྱི་སྐད་ཡིག་རང་སྦྱོང་བྱས་ནས་ཨཱ་ཧྥེས་ལིས་ཁཱར་གྱི་ཚགས་པར་རྒྱུན་དུ་ཉོས་ཏེ། དེ་ལས་རྒྱལ་ཕྱི་ནང་གི་ཆབ་སྲིད་འགྱུར་ལྡོག་ལ་རྒྱུས་ལོན་བྱས་ཤིང་མཇུག་མཐར་ཁོ་ལ་ཨཱ་ཧྥེས་ལིས་ཁཱར་སྐད་ཡིག་གིས་སློབ་གྲྭ་ཆེན་མོར་ཞུགས་ཐུབ་པའི་ཆུ་ཚད་ལ་སླེབས་ཐུབ་པ་བྱུང་།

ཧྥེ་གླིང་ལྷོ་མའི་མི་ནག་གི་འོས་ལངས་ཉིན་རེ་ལས་ཉིན་རེར་ཛ་དྲག་ཏུ་སོང་བ་མ་ཟད་མི་ནག་ཆབ་སྲིད་ཁྲིམས་འགལ་བའང་དེ་ལྟར་དུ་ཇེ་མང་དུ་སོང་བས། མན་དྷི་ལཱ་ཁྲིམས་ཁང་ལས་སློབ་གསོའི་འཆར་འགོད་ཅིག་བཟོས་ཏེ་མི་ནག་ན་གཞོན་རྣམས་ལ་རིག་གནས་སློབ་པ་དང་བསམ་བློའི་གོ་རྟོགས་གཏིང་ཟབ་ཏུ་གཏོང་ཆེད་མི་ནག40ལྷག་ལ་སློབ་ཁྲིད་བྱས། ཁོ་ཚོ་ཁྲིམས་ཁང་དུ་མ་བཟུང་བའི་སྔོན་དུ་སློབ་ཆུང་དང་སློབ་འབྲིང་གི་རིག་       གནས་ཆུ་ཚད་ལས་མེད་ཀྱང་ཁྲིམས་ཁང་ལས་རང་སློབ་བརྒྱུད་དེ་ཁོ་ཚོས་སློབ་གྲྭ་ཆེན་མོའི་སློབ་གནས་བླངས་པ་རེད། 

མི་དཀར་སྲིད་གཞུང་ལ་རྒྱལ་ཕྱི་ནང་གི་ཆབ་སྲིད་ཀྱི་གནོན་ཤུགས་དྲག་པོ་བྱུང་དེ་མན་དྷི་ལཱ་ཁྲིམས་ཁང་ལས་ཕུད་པའི་ཐག་གཅོད་བགྱིས། འོན་ཀྱང་ཆ་རྐྱེན་ནི་ངེས་པར་དུ་ཁོ་རང་ཕ་ཡུལ་དུ་ལོག་དགོས་པ་མ་ཟད་དྲག་པོའི་འཐབ་རྩོད་མཚམས་འཇོག་བྱེད་དགོས་ཟེར། མན་དྷི་ལཱ་ཡིས་སྲིད་གཞུང་གི་བསམ་བཟང་ལ་འདི་ལྟར་རྒོལ་ལན་སྤྲད། ངའི་རང་དབང་དང་ངའི་མི་རིགས་རང་དབང་ནི་ནམ་ཡང་ཁ་བྲལ་བྱེད་མི་རུང་བ་ཞིག་ཡིན།

6 བཙོན་པ་ལས་ཙུང་ཐུང་དུ་གྱུར། 

སྤྱི་ལོ1990ལོའི་ཟླ2པའི་ཚེས11ཉིན་གྱི་ཆུ་ཚོད16དང་སྐར་མ15ཡི་སྟེང་དུ་ཁཱེ་ཕའོ་ཉེ་འདབས་ཀྱི་པའེ་ཏཱོ་སཱི་ཐི་ཁྲིམས་ཁང་གི་སྒོ་ཆེན་དངོས་སུ་ཕྱེས་ཏེ། ཧྥེ་གླིང་ལྷོ་མའི་མི་དཀར་སྲིད་གཞུང་གིས་མི་ལོ27ལ་བཙོན་དུ་བཟུང་བའི་ནར་བཤིན.མན་དྷི་ལཱ་བཙོན་གྲོལ་བྱུང་། ཁོ་རང་རླངས་འཁོར་དུ་བསྡད་དེ་ཉེན་རྟོག་རླངས་འཁོར་མང་བོས་མདུན་ནས་བསུ་བ་དང་བར་སྣང་ཁམས་སུ་གྱེན་འཕུར་གནམ་གྲུ་མང་བོས་ལྡིང་འཁོར་རྒྱག་བཞིན་བསུ་བ་བྱས། 

མི་ལོ27རིང་སྡུག་བསྔལ་གྱི་བཙོན་མའི་འཚོ་བ་རོལ་བའི་མན་དྷི་ལཱ་དགུང་ལོ71ལ་སླེབས་ཤིང་ཁོ་རང་རླངས་འཁོར་ལས་བབས་ཚེ་སྐྲ་ཚང་མ་དཀར་པོར་གྱུར་འདུག་པས་ཧ་ཅང་ཡིད་སྐྱོ་བའི་གནས་ཤིག་ཏུ་འཁུམ། དེ་དང་ལྷན་དུ་ཁོ་རང་བསུ་མ་བྱེད་པའི་མི་ནག་སྟོང་ཕྲག་མང་བོས་ཁ་འབོད་ཡི་གེ་བཟུང་ནས། མན་དྷི་ལཱར་རང་དབང་ཐོབ་སོང་དང་། ཧྥེ་གླིང་གི་ཕོ་རྒོད། དཔའ་ངར་ཞུམ་པ་མེད་པའི་མི་ནག་གི་དེད་དཔོན་ཞེས་པ་སོགས་ཀྱི་འབོད་སྒྲས་གནམ་ས་ཁྱབ་བཞིན་འདུག

ད་སོ་མ་ཁྲིམས་ལས་ཐོན་པའི་མན་དྷི་ལཱར་གསར་འགྱུར་ལས་རིགས་ཀྱིས་ཁོ་ལ་བཅར་འདྲི་བྱེད་སྐབས་བསྟན་དོན། ཧྥེ་གླིང་ལྷོ་མའི་མི་ནག་གིས་མ་འོངས་པར་མུ་མཐུད་དུ་རྒྱལ་ཁ་མ་ཐོབ་བར་དུ་འཐབ་རྩོད་བྱེད་རྒྱུ་ཡིན་ཞེས་བཤད་པས་ཁོའི་སྐད་ཆ་དེས་མི་མང་བོ་ལ་སྔ་ན་མེད་པའི་སེམས་འགུལ་ཆེན་པོ་ཐེབས་པ་རེད།

ཧྥེ་གླིང་རྒྱལ་དམངས་ཚོགས་ཆེན་གྱི་དབུ་འཛིན་པ་ཨའོ་ལིས་ཧྥེས.ཐཱན་པའོ་ནི་མན་དྷི་ལཱའི་མི་ནག་སློབ་གྲྭ་ལས་སློབ་གྲོགས་ཡིན་པ་མ་ཟད་ལོ་མང་བོ་ཞིག་གི་རིང་གི་དྲག་པོའི་འཐབ་རྩོད་ཀྱི་གྲོགས་པོ་བློས་ཐུབ་པ་ཞིག་ཀྱང་ཡིན། ཡིན་ཡང་སྐབས་དེར་ཁོ་རང་ཁོང་ནད་ངན་པ་ཞིག་གིས་བཟུང་ཡོད།

སྤྱི་ལོ1991ལོའི་ཟླ7པར་ཧྥེ་གླིང་རྒྱལ་དམངས་ཚོགས་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་དུ་མན་དྷི་ལཱར་མི་གཅིག་ཀྱང་འགོག་རྒོལ་བྱེད་མཁན་མེད་པར་རྒྱལ་དམངས་ཚོགས་ཆེན་གྱི་ཀྲུའུ་ཞིར་འདེམ་ཐོན་བྱུང་བས་མི་ནག་མི་དམངས་ཀྱིས་དེ་ལྟར་ཁོ་ལ་རོགས་སྐྱོར་དང་ཡིད་ཆེས་བྱས་པར་མན་དྷི་ལཱ་རང་དབང་མེད་པར་མིག་ནས་མཆི་མ་ཤོར།

སྤྱི་ལོ1991ལོའི་ཟླ12པར་ཏང་མང་སྲིད་སྐྱོང་གྲོས་འདུམ་བྱེད་པའི་འགོ་བརྩམ་ཞིང་། ཧྥེ་གླིང་ལྷོ་མའི་སྲིད་སྐྱོང་སྣ་ཚོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་མན་དྷི་ལཱས་དབུ་ཁྲིད་མཛད་པའི་རྒྱལ་དམངས་ཚོགས་ཆེན་གྱིས་སྲིད་སྐྱོང་འདེམས་བསྐོས་གྲོས་ཚོགས་སྐོར་གྱི་གནས་སྐབས་སྲིད་གཞུང་གི་ཆབ་སྲིད་གཙོ་གནད་བཙུགས་པས་ཆབ་སྲིད་ཚོགས་པ་བརྒྱ་ལྷག་གི་རོགས་སྐྱོར་ཆེན་པོ་ཐོབ།

འཇིགས་སུ་རུང་བའི་ཆབ་སྲིད་ཀྱི་ཁོར་ཡུག་ཁྲོད་ནས་མན་དྷི་ལཱ་ཧ་ཅང་བློ་རིག་གྲུམ་པོའི་ངང་ནས་བཤད་རྒྱུར། ཐེངས་འདིའི་འདུམ་རྩོད་ཚོགས་ཆེན་དུ་ང་ཚོས་ངེས་པར་དུ་རྒྱལ་ཁ་ལོན་དགོས་ཟེར། རྒྱལ་དམངས་ཚོགས་ཆེན་གྱིས་ཆོག་མཆན་ཐོབ་པ་བརྒྱུད་ཁོས་དབུ་ཁྲིད་མཛད་པའི་འདུམ་རྩོད་འཐུས་ཚབ་ཚོགས་པ་དང་། ཏཱི་ཁཱེ་ལིས་ཁཱེས་འགོ་ཁྲིད་མཛད་པའི་མི་དཀར་སྲིད་གཞུང་དང་འདུམ་རྩོད་བྱས་པས་མན་དྷི་ལཱར་རྒྱལ་ཁ་ཆེན་པོ་ཐོབ། དེ་དང་བརྒྱུད་ཧྥེ་གླིང་ལྷོ་མའི་ཆེས་ཆེ་བའི་ཙུའུ་ལོས་རིགས་ཀྱི་སྡེ་བ་ཆེན་པོའི་སྡེ་དཔོན་པའོ་ཐཱེ་ཆིའུ་དང་མཉམ་འབྲེལ་བྱས། མན་དྷི་ལཱ་ཧྥེ་གླིང་ལྷོ་མའི་མི་ནག་ཁྲི2600ལྷག་གི་གཙོ་འཛིན་དུ་གྱུར་པ་མ་ཟད་རིགས་རྒྱུད་གཞན་གྱིས་ཀྱང་རོགས་སྐྱོར་དང་བརྩི་འཇོག་བྱེད་ཐུབ་པ་བྱུང་།

སྤྱི་ལོ1993ལོའི་དབྱར་ཁ་རུ་མན་དྷི་ལཱ་ཨེ་ཇིའི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཁཱི་ལཱོ་ནས་སྐོང་ཚོགས་བྱས་པའི་ཧྥེ་གླིང་རྒྱལ་ཁབ་ཚོགས་ཆེན་ཏུ་ཞུགས། ཁོ་རང་ཁཱི་ལཱོ་རྒྱལ་སྤྱིའི་ཚོགས་ཆེན་ཁང་དུ་ཐོན་མ་ཐག་ཚོགས་ར་ཡོངས་རྫོགས་ཐལ་མོ་རྡེབ་སྒྲས་ཁེངས་ཤིང་ཁོ་རང་ཚོགས་ཆེན་གྱི་གཙོ་བོའི་མི་སྣར་གྱུར་པ་མ་ཟད་ད་བར་དུ་མི་ནག་བཅིངས་འགྲོལ་གྱི་ལས་དོན་ལ་འབད་པའི་དགེ་མཚན་འབུར་དུ་ཐོན་པ་བཞག་པ་ལ་རྗེས་སུ་ཡི་རང་བྱས་པ་ཞིག་ཀྱང་རེད།

ཚོགས་ཆེན་དུ་མན་དྷི་ལཱས་མི་ནག་བཅིངས་འགྲོལ་དང་འཛམ་གླིང་ཡོངས་སུ་རིགས་རྒྱུད་རིང་ལུགས་ཀྱི་ཁྲིམས་སྲོལ་ངན་པ་རྩ་མེད་བཏང་བར་བླ་ན་མེད་པའི་གདེང་འཇོག་མཐོན་པོ་བྱས་པ་མ་ཟད། ཁྱད་པར་དུ་སྤྱི་ལོ1993ལོར་ཁོ་ལ་ནོ་པེར་ཞི་བདེའི་བྱ་དགའ་གནང་བ་རེད།

སྤྱི་ལོ1994ལོའི་ཟླ4པའི་ཚེས26ཉིན་གྱི་ཆུ་ཚོད་13དང་སྐར་མ59སྟེང་མི་དཀར་རིགས་རྒྱུད་རིང་ལུགས་ཀྱིས་ཧྥེ་གླིང་ལྷོ་མར་དབང་བསྒྱུར་བྱས་པའི་རྒྱལ་དར་དེ་རང་དབང་མེད་པར་བླང་བ་དང་དུས་རབས་གསར་བའི་ཧྥེ་གླིང་ལྷོ་མའི་རླབས་ཆེན་གྱི་རྒྱལ་དར་དེ་དངོས་སུ་འཕྱར། ཟླ5པའི་ཚེས10ཉིན་མན་དྷི་ལཱ་ཧྥེ་གླིང་ལྷོ་མའི་ཙུང་ཐུང་གསར་བར་འདེམ་ཐོན་བྱུང་ཞིང་ཁོ་རང་ཧྥེ་གླིང་ལྷོ་མའི་ལོ་རྒྱུས་སྟེང་གི་ཆེས་ཐོག་མའི་མི་ནག་ཙུང་ཐུང་དུ་གྱུར།

མན་དྷི་ལཱ་ནི་དུས་རབས་འདིའི་ཧྥེ་གླིང་གི་རླབས་ཆེན་མི་རིགས་རིང་ལུགས་པ་དང་། རིགས་རྒྱུད་རིང་ལུགས་པ་ཞི་བདེར་འཁོད་པའི་དེད་དཔོན་ཡིན། 

ཁོ་རང་མི་ནག་ཁོ་ནས་ཁྲོད་ན་རླབས་ཆེ་བ་ཙམ་མ་ཡིན་པར་མི་དཀར་གྱི་བརྩི་འཇོག་དང་བླ་ན་མེད་པའི་གུས་བཀུར་ཐོབ་པས་ཁོ་ནི་ཧྥེ་གླིང་མི་དམངས་ཀྱི་གཟི་བརྗིད་ཀྱི་མཚོན་བྱེད་ཅིག་ཀྱང་ཡིན་ནོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:10  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-24

གསར་སྤེལ་མཁན། :user126

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།