ཏའེ་ཀའོ་ལེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏའེ་ཀའོ་ལེ།
སྐབས18པའི་ཧྥ་རན་སེའི་ཙུང་ཐུང་དང་ཏའེ་ཀའོ་ལེ་རིང་ལུགས། རང་དབང་གི་ཧྥ་རན་སེ་བཙུགས་ཤིང་ཧྥ་དམག་གི་དབུ་ཁྲིད་ནས་པ་ལི་བཅིངས་འགྲོལ་བཏང་བ། ཧྥ་སི་ལན་སྤྱི་མཐུན་རྒྱལ་ཁབ་ལྔ་བ་བཙུགས་པ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
夏尔•戴高乐
ཕྱི་ཡིག་གི་མིང་།
Charles de Gaulle
རྒྱལ་ཁབ།
ཧྥ་རན་སེ།
འཁྲུངས་འདས་ལོ།
སྤྱི་ལོ1890--1970
ལས་རིགས།
ཙུང་ཐུང་། དམག་སྤྱི། ཆབ་སྲིད་པ།
འཐུས་ཚབ་བརྩམས་ཆོས།
《དགྲ་བོའི་ནང་ཁུལ་གྱི་ཕྱིར་འབུད》《རལ་གྲི་རྣོན་པོ》《རེ་བའི་དྲན་ཐོ》
1 མི་སྣ་ངོ་སྤྲོད།

ཞ་ཨེར﹒ཏའེ་ཀའོ་ལེ་ནི(1890—1970)ཧྥ་རན་སེའི་མི་དམངས་ཧ་ཅང་དགའ་ཞེན་ཆེ་བའི་ཙུང་ཐུང་ཞིག་ཡིན་ལ། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཁོང་གིས་བློ་བརྟན་འགྱུར་མེད་ཀྱི་སྙིང་རུས་དང་རྒྱལ་གཅེས་དགོངས་དོན་ལ་བརྟེན་ནས་རང་དབང་ཧྥ་རན་སེའི་ལས་འགུལ་ལ་སྣེ་ཁྲིད་དེ་མི་རིགས་ཀྱི་རང་བཙན་སྲུང་འཛིན་དང་མྱུར་སྐྱོབ་ཐད་བྱས་རྗེས་བླ་ན་མེད་པ་བཞག་ཡོད།

ཏའེ་ཀའོ་ལེ་ནི་ཧྥ་རན་སེ་རྒྱལ་ཁབ་ཀྱི་ལི་ཨེར་གྲོང་ཁྱེར་དུ་སྐྱེས་ལ། ཁོང་ཆུང་དུས་ནས་འགྲན་རྩོད་བྱེད་རྒྱུར་དགའ་ཞིང་སྒེར་གཅོད་ཅན་ཞིག་ཀྱང་ཡིན། ཁོང་ཡོད་སར་བདེ་འཇགས་ཀྱི་ཉི་མ་གཅིག་ཀྱང་མེད། ལོ་བཅུའི་སྟེང་ནས་ཕ་རི་སིའི་སློབ་འབྲིང་ཞིག་གི་དམའ་འབྲིང་སྡེ་ཁག་ནས་སློབ་གཉེར་བྱས་ལ། སློབ་འབྲིང་དེར་བཀོད་འདོམས་དང་སློབ་སྟོན་བྱེད་མཁན་ནི་ཁོང་གི་ཡོན་ཏན་ཀུན་འཛོམས་ཀྱི་ཕ་ལགས་ཡིན། ཡིན་ཡང་ཁོང་ནི་ཨ་ཕའི་སློབ་མའི་བཟང་གྲས་མིན་ཏེ། སློབ་གྲྭའི་བཀོད་འདོམས་ལ་མི་དགའ་བར་རང་ཉིད་ལ་སྤྲོ་བ་ཡོད་པའི་ཤེས་བྱ་ཁོ་ན་སློབ་སྦྱོང་བྱེད། ཨ་ཕའི་ཤུགས་རྐྱེན་ཐེབས་པའི་རྐྱེན་གྱིས་ཁོང་ཧྥ་རན་སེའི་སྐད་དང་ལོ་རྒྱུས་རིག་པར་འཇོན་ཐང་ངེས་ཅན་ལྡན། འོན་ཀྱང་འཇར་མན་གྱི་སྐད་དང་རྩིས་ལ་སྤྲོ་བ་མེད་པས་ཨ་ཕས་དེའི་ཕྱོགས་ལ་འབད་པ་མི་བྱེད་ན་ཆད་པ་གཅོད་རྒྱུའི་འཇིགས་སྐུལ་བཏང་མོད། ཁོང་གིས་སྔར་བཞིན་ཤུགས་སྣོན་མི་བྱེད་པར་སྙན་ངག་འབྲི་བ་དང་དཔེ་ཆ་ཀློག་རྒྱུར་དགའ་བས་ལོ་བཅུ་བཞི་ལ་སོན་ཚེ་ཁོའི་རྒྱུགས་འབྲས་ད་དུང་འཛིན་གྲྭའི་འབྲིང་ཙམ་ཡིན།

ཏའེ་ཀའོ་ལེ་ལོ་བཅོ་ལྔར་སོན་པ་ན། ཤེས་རྟོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་། ཁོང་གིས་ཧྲེང་ཞི་ཨེར་མཐོ་རིམ་དམག་དོན་སློབ་གླིང་ལ་རྒྱུགས་སྤྲོད་པའི་དམིགས་འབེན་བཅངས་ནས་སྦྱང་གཞི་མཐའ་དག་ལ་ཧུར་བརྩོན་ལྷོད་མེད་བྱས། ཧྲེང་ཞི་ཨེར་མཐོ་རིམ་དམག་དོན་སློབ་གླིང་ལ་རྒྱུགས་སྤྲད་ན་རྩིས་རིག་གི་རྒྱུགས་འཕྲོད་དགོས་པར་མ་ཟད། འཇར་མན་གྱི་སྐད་ཆར་བྱང་ཆ་ལྡན་དགོས་པས། ཁོང་གིས་དབྱར་གནང་བེད་སྤྱད་དེ་ཆེད་དུ་འཇར་མན་ནས་སློབ་སྦྱོང་བྱས་པ་ཡིན། འདི་འདྲའི་སྡུག་རུས་ལ་བརྟེན་ནས་ད་གཟོད་སློབ་གླིང་དེ་རུ་རྒྱུགས་འཕྲོད་པ་དང་རྗེས་ནས་དམག་དཔོན་ཆེན་མོ་རུ་གྱུར་པར་རྨང་གཞི་བརྟན་པོ་བཏིངས།

2 དམག་མི་བྱེད་འདོད་པའི་གཞོན་ནུ།

1890ལོའི་ཟླ11པའི་ཚེས12ཉིན། ཏའེ་ཀའོ་ལེ་ཧྥ་རན་སེའི་ལིས་ཨིར་གྲོང་ཁྱེར་དུ་སྐྱེས། ཁོང་གི་ཁྱིམ་ཚང་ལ་རིག་གནས་སློབ་གཉེར་གྱི་སྲོལ་རྒྱུན་གཏིང་ཟབ་ཡོད་དེ། སྤོ་བོ་ནི་ལོ་རྒྱུས་རིག་པ་བ་ཞིག་ཡིན་པས་ཧྥ་རན་སིའི་ལོ་རྒྱུས་ལ་རྒྱུས་མངའ་ཤིན་ཏུ་ཆེ། ཁོང་གི་ཡབ་དགེ་རྒན་བྱེད་མྱོང་ཞིང་རྗེས་ནས་མེས་རྒྱལ་སྲུང་སྐྱོབ་བྱ་ཕྱིར་ཕོའུ་ཧྥ་དམག་འཁྲུག་སྐབས་སུ་རང་མོས་ངང་དམག་ཏུ་ཞུགས་ཏེ། བཙན་འཛུལ་བའི་དགྲ་བོ་དང་འཐབ་འཛིང་བྱས་ནས་དམག་འཐབ་ཀྱི་གཟེངས་རྟགས་ཐོབ། ཁོང་གི་རྨོ་མོ་དང་ཨ་མ་རྣམས་ཀྱང་མཐོང་རྒྱ་ལྡན་པའི་རིག་གནས་ཅན་ཡིན་ཞིང་ལྷག་པར་དུ་བཟའ་མི་གང་བོར་ཤུགས་དྲག་པའི་མི་རིགས་ཀྱི་ལ་རྒྱུ་དང་རྒྱལ་གཅེས་ཀྱི་བརྩེ་བ་དང་ལྡན་པས་ནམ་རྒྱུན་བུ་ཕྲུག་ཚོར་ལོ་རྒྱུས་ཀྱི་གཏམ་རྒྱུད་བཤད་ནས་ཁོ་ཚོར་རྒྱལ་གཅེས་དང་ཧྥ་རན་སིའི་མཚན་སྙན་གྱི་ཆེད་དུ་ལུས་སྲོག་འབུལ་དགོས་པའི་སློབ་གསོ་གནང་གི་ཡོད།

ཐེངས་ཤིག ཨ་མས་ཏའེ་ཀའོ་ལེ་ལ1870ལོ་ཕོའུ་ལོས་ཧྲི་དང་ཧྥ་རན་སིའི་དམག་འཁྲུག་སྐོར་བཤད་ཅིང་ཕོའུ་ལོས་ཧྲི་དམག་དཔུང་གིས་ཧྥ་རན་སིར་བཙན་འཛུལ་བྱས་ཤིང་ཕ་རྒན་དཔའ་ངར་གྱིས་གཡུལ་སར་ཞུགས་ཤིང་སྤོ་བོས་ཧྥ་རན་སིའི་དམག་སྤྱིས་དགྲ་ཕྱོགས་སུ་མགོ་བཏགས་པ་ཐོས་མ་ཐག་སེམས་སྡུག་གིས་ངུ་འབོད་བྱས། ཏའེ་ཀའོ་ལེ་སེམས་འགུལ་ཚད་མེད་ངང༼ང་ནར་སོན་རྗེས་ཀྱང་ཀྱང་དམག་མི་བྱས་ཏེ་རྒྱལ་ཁབ་ཀྱི་མཚན་སྙན་གྱི་ཆེད་དུ་འཐབ་དགོས༽སྙམ།

དེ་ནས་བཟུང་ཏའེ་ཀའོ་ལེས་དམག་མི་ཞིག་བྱེད་འདོད་ཀྱི་ཕུགས་བསམ་བཅངས། ཁོ་ཆུང་དུས་ནས་གཅེན་གཅུང་གཉིས་དང་མཉམ་དུ་རྒྱལ་ཁང་མི་འདྲ་བའི་མི་སྣ་འཁྲབ་ནས་འཛིང་འཁྲུག་གི་རྩེད་མོ་རྩེ་བར་དགའ། ཏའེ་ཀའོ་ལེ་ནམ་ཡང༼འཇར་མན་གྱི་གོང་མ༽འཁྲབ་དགོས། ཉིན་ཞིག ཁོའི་ཕུ་བོས༼ཁྱོད་ཁོ་ནས་ཧྥ་རན་སིའི་དམག་སྤྱི་བྱས་ན་མི་འགྲིག ཐེངས་འདིར་ངས་འཁྲབ་དགོས༽ཟེར་བ་ལ་ཏའེ་ཀའོ་ལེས་སྐད་ཆེན་པོས༼མི་ཆོག ཧྥ་རན་སི་ནི་ངའི་ཡིན༽ཞེས་བཤད། ད་དུང་ཐེངས་ཤིག་ལ་ཁོའི་གཅུང་བོས་གསང་མྱུལ་བ་འཁྲབ། ༼གསང་བའི་གནས་ཚུལ༽སྐྱེལ་སྐབས་དགྲ་བོས་འཛིན་བཟུང་ཐེབས། གསང་བའི་གནས་ཚུལ་དེ་བརླག་ཁོམ་མ་བྱུང་བར་འཕྲོག་སོང་བས། ཁོར༼དམག་སྤྱི་ཏའེ་ཀའོ་ལེ༽ཡིས་རྡུང་རྡེག་ཚ་ཐག་ཆོད་བྱས། གཅུང་བོ་ངུ་བཞིན་ཁྱིམ་དུ་བྲོས་པ་ཁོའི་ཨ་མས་མཐོང་ནས་རྒྱུ་མཚན་དྲིས། གཅུང་བོས༼ངས་གསང་བའི་དོན་སྐྱེལ་སྐབས་འཛིན་བཟུང་ཐེབས་ཏེ་དམག་སྤྱིའི་བཀའ་ལྟར་བསྒྲུབ་མ་ཐུབ༽ཟེར་བས། ཨ་མ་ཡ་མཚན་ནས༼དམག་སྤྱི་སུ༽ཞེས་དྲིས། ༼ངའི་གཅེན་པོ་ཏའེ་ཀའོ་ལེ་རེད༽ ཏའེ་ཀའོ་ལེ་སྤུན་མཆེད་ཚོའི་རྣམ་དག་ཟོལ་མེད་ཀྱི་བྱིས་བློ་དང་ཧ་ཅང་ནན་ཏན་གྱི་རྣམ་འགྱུར་གྱིས་མི་ཆེན་ཚོའང་དགོད་ཁ་བསླངས། རྗེས་སུ་ཁོས་སློབ་ཆུང་འདོན་སྐབས་སྔར་བཞིན་འཐབ་འཛིང་གི་རྩེད་མོ་རྩེ་བར་དགའ་བ་མ་ཟད་ཉེན་བརྟག་གཏམ་རྒྱུད་ལ་ལྟ་བར་དགའ། ལོ་རྒྱུས་དང་རྩོམ་རིག་གི་སྦྱང་ཚན་ལ་ཤིན་ཏུ་དགའ། དབྱར་གནང་སྐབས་དཔེ་ཀློག་མང་ཆེ་བ་ལོ་རྒྱུས་ཡིག་ཆ་ཡིན། ལོ་རྒྱུས་ལས་ཁོས་ཧྥ་རན་སིའི་འདས་སོང་དང་གྲུབ་འབྲས་ཤེས་ཤིང་རང་གི་མེས་རྒྱལ་རླབས་ཆེན་ཡིན་པར་བློ་སྤོབས་འཕེལ་ནས། ཁོས་རྒྱུན་དུ་སློབ་གྲོགས་ཚོར༼གལ་ཏེ་ཧྥ་རན་སི་རླབས་ཆེན་མིན་ཧྥ་རན་སིར་འགྱུར་མི་ཐུབ༽ཅེས་བཤད། དེ་ནས་བཟུང་ཁོ་དམག་ཏུ་ཞུགས་འདོད་ཀྱི་འདུན་པ་ཤུགས་དྲག་ཏུ་སོང་། ཉིན་ཞིག་ཁྱིམ་མི་ཚོས་མི་ཞིག་གིས་སྒོ་རྡུང་བ་ཚོར་ནས་སྒོ་ཕྱེ་ཁར་སྒོ་བར་ནས༼ཅ་ཏི་ཨེར་པི་དམག་སྤྱི༽ཞེས་པའི་ཤོག་ལྷེ་ཞིག་བསྲིངས་ཡོང་། ཚང་མ་ཡ་མཚན་ནས་སྒོ་ཕྱེས་ཚེ༼དམག་ཆས༽གྱོན་པའི་ཏའེ་ཀའོ་ལེ་རེད། ཅ་ཏི་ཨེར་པི་ཕོས་ལོས་ཧྲི་དང་ཧྥ་རན་སིའི་དམག་འཁྲུག་སྐབས་ཀྱི་ཧྥ་རན་སིའི་དམག་སྤྱི་ཡིན་ལ་གཡུལ་འགྱེད་ཀྱི་ཕམ་ཁ་གཏན་ནས་ཁུར་མྱོང་མེད་པའི་མི་དམངས་ཀྱི་སེམས་ཁོང་གི་དཔའ་བོ་ཞིག་དང་ཏའེ་ཀའོ་ལེ་ཡིས་རྩི་བཀུར་ཞུ་སའི་དཔའ་བོའང་ཡིན།

3 དམག་དཔུང་དུ་ཞུགས་པ།

ཏའེ་ཀའོ་ལེ་ལོ15ཐོག་སིན་མཱ་ལི་ཡ་སློབ་གྲྭར་ཞུགས། སྐབས་དེར་ཁོང་རྩོམ་རིག་ལ་དགའ་བར་གྱུར་ནས་མིང་གྲགས་ཆེ་བའི་རྩོམ་རིག་མང་པོ་ལྟ་ཀློག་བྱས་ཤིང་དགའ་བར་གྱུར་ནས་མིང་གྲགས་ཆེ་བའི་རྩོམ་རིག་མང་པོ་ལྟ་ཀློག་བྱས་ཤིང་ད་དུང་རང་གིས་བརྩམས་སྒྲུང་འབྲི་བའི་ཚོད་ལྟ་བྱས། ཐེངས་ཤིག ཁོས་ཁ་བྱང་དུ《འཇར་མན་གཡུལ་འགྱེད》ཅེས་པའི་སྒྲུང་ཐུང་ཞིག་བྲིས། འགོ་བཟུང་བ་ནས་ཁོས་བསམ་ཚོད་ཁྲོད་ཀྱི༼ཧྥ་འཇར་དམག་འཁྲུག༽ཞིབ་འབྲི་བྱས་ཏེ་ཁོ་རང་ཧྥ་རན་སིའི་བཀོད་འདོམས་དམག་དཔོན་དུ་གྱུར་འདུག་སྟེ།

1930ལོ་འཇར་མན་དམག་དཔུང་གིས་ཧྥ་དམག་ལ་དམག་བརྡ་བཏང་ཞིང་དམག་སྤྱི་ཏའེ་ཀའོ་ལེས་དམག་དཔུང་ཁྲི20དང་སྒྱོགས་ཆེན590བཅས་བཟུང་སྟེ་མགྱོགས་མྱུར་ངང་དམག་འཁྲུག་བྱ་ཐབས་གཏན་འབེབ་མཛད། འཇར་དམག་གི་དམག་དཔུང་མཉམ་འཛོམས་མ་བྱུང་སྐབས་ཁོ་ཚོ་ཐལ་བའི་རྡུལ་དུ་བརླག་དགོས་པ་བྲིས་འདུག དེར་མཐུད་ནས་ཏའེ་ཀའོ་ལེས་དམག་དཔུང་སྐོར་སྒྲིག་བྱས་ཏེ་འཇར་དམག་ལ་ཕར་རྒོལ་བྱས་ཏེ་མཐར་འཇར་དམག་སྲན་ཕུང་ཐོར་ཐོར་བྱས། འཇར་དམག་ཕམ་ཉེས་འཁེལ་བའི་ས་དེ་དག་ཕོའུ་ལོས་ཧྲི་དང་ཧྥ་རན་སིའི་དམག་འཁྲུག་ཁྲོད་འཇར་མན་གྱིས་ཧྥ་རན་སི་ཕམ་པར་བཏང་བའི་མེ་ཚི་ཞེས་པའི་ས་ཆ་རེད། འདིས་ཏའེ་ཀའོ་ལེས་དགྲ་ཤ་ལེན་འདོད་ཀྱི་སེམས་དོན་འཆངས་དེ་སྒྲུང་གཏམ་འདི་བྲིས་པ་གསལ་བཤད་བྱས་ཡོད།

1909ལོར་ལོ19ལ་སླེབས་པའི་ཏའེ་ཀའོ་ལེ་རང་གི་འདོད་པ་ལྟར་སིན་ཞི་ཨེར་དམག་དོན་སློབ་གྲྭར་རྒྱུགས་འཕྲོད། སློབ་གསར་རྣམས་སློབ་ཞུགས་མ་བྱས་སྔོན་ཐོག་མར་ལོ་གཅིག་ལ་དམག་མི་བྱེད་དགོས་པས་ཏའེ་ཀའོ་ལེ་རྐང་དམག་ཐོན33པའི་ལེན9པར་བགོས། ཉིན་རྒྱུན་དམག་སྦྱོང་ལས་གཞན་ལས་ཀ་རྩག་རྩིག་སྣ་ཚོགས་ལས་དགོས། ཁོས་ཧ་ཅང་ནན་ཏན་གྱིས་དོན་དག་དེ་ཚོ་སྒྲུབ་པས་ཚད་ལྡན་གྱི་དམག་མི་ཞིག་ཏུ་གྱུར། སིན་ཞི་ཨེར་སློབ་གྲྭ་ནས་ཏའེ་ཀའོ་ལེ་ནི་ཀུན་གྱིས་ཉམས་འཇོག་བྱེད་སའི་མི་སྣ་ཞིག་ཡིན། ཁོས་གཟུགས་རིང་ཞིང་བརྗིད་ལ་སྣ་གཟེངས་མཐོན་པོ་ཞིག་ཡོད། ཉམས་འགྱུར་རྒྱུན་དུ་ཧ་ཅང་གཟབ་ནན་ཡིན་པས་སློབ་གྲོགས་གང་མང་ཞིག་གིས་ཁོ་ལ༼རྩོད་འཛིང་ལ་དགའ་བའི་དེ་ཕོ༽དང༼སྤྱི་ཁྱབ་ཉེན་རྟོག་པ༽ཞེས་མཚང་མིང་བཏགས། དུས་ཡུན་རིང་ཙམ་འགོར་རྗེས་ཚང་མས་ཏའེ་ཀའོ་ལེ་ནི་བརྩེ་དུང་ལྡན་ཞིང་མི་སྣང་སྐྱིད་ཅིག་ཡིན་པ་ཚོར། ཐེངས་ཤིག་མཉམ་སྤྲོའི་དགོང་ཚོགས་འཚོག་སྐབས་སློབ་གྲོགས་ཁག་གཅིག་གིས་ཁོ་ལ་ཀུ་ཏེ་བྱས་ཏེ། སྙན་ངག་ཟློས་གར《པི་རི་ལ་ཁི》ཁྲོད་དུམ་ཚན་ཞིག་ཏུ་སྣ་བོ་ཆེ་ཞིབ་འབྲི་བྱས་པའི་འཁྲབ་མཁན་གྱི་བརྗོད་གཏམ་གྱེར་འདོན་བྱེད་དུ་བཅུག ཏའེ་ཀའོ་ལེས་སྣང་དོགས་མེད་བར་དེ་འཕྲལ་ཡར་སོང་སྟེ་སྐད་དག་ཆེན་པོས་གྱེར་འདོན་བྱས་པས་མི་མང་པོ་དགོད་སྒྲ་བསླངས། དེ་ནས་བཟུང་༼སྣ་བོ་ཆེ༽ནི་ཏའེ་ཀའོ་ལེའི་མཚང་མིང་གཞན་ཞིག་ཏུ་གྱུར།

ཏའེ་ཀའོ་ལེ་ནི1912ལོ་དམག་དོན་སློབ་གྲྭ་ནས་མཐར་ཕྱིན་ཏེ་སླར་ཡང་རྐང་དམག་ཐོན33ལོག་ཏེ་ཧྲོའི་ཝེ་དམག་དཔོན་ཞིག་ཏུ་གྱུར། ཐོན་འདིའི་ཐོན་ཀྲང་གི་མིང་ལ་པི་ཏང་ཟེར་ཞིང་རྗེས་སུ་ཧྥ་རན་སིའི་དམག་སྤྱི་དང་ཙུང་ལི་རུ་གྱུར། པི་ཏང་གིས་ཏའེ་ཀའོ་ལེའི་འཇོན་ཐང་ལ་བརྩི་མཐོང་ཆེན་པོ་བྱེད། ཁོང་གཉིས་ཀྱིས་གནད་དོན་མང་པོ་ཞིག་གི་ལྟ་སྟངས་ཧ་ཅང་ཕྱོགས་མཚུངས་ཡིན་སྟབས་པི་ཏང་གིས་མི་འགྱངས་པར་ཏའེ་ཀའོ་ལེ་ཀྲུང་ཝེ་གོ་གནས་སུ་སྤར། ཏའེ་ཀའོ་ལེས་སྐོམ་པ་ཆུ་འདོད་ལྟར་དམག་འཁྲུག་ཁྲོད་རང་གི་བློ་རྒྱ་ཆེན་པོ་དང་འཇོན་ཐང་ངོམ་པར་འདོད། མ་འགྱངས་པར་དེ་འདྲའི་གོ་སྐབས་ཁོ་ལ་ལྡན་པར་གྱུར།

4 དམག་སར་ཤི་བ།

1914ལོ་ཐེངས་དང་པོའི་འཛམ་གླིང་འཁྲུག་ཆེན་གློ་བུར་ལངས། ལོ24ཡི་ཏའེ་ཀའོ་ལེ་དམག་འཁྲུག་འདིར་ཞུགས། ཟླ8པར་དམག་དཔུང་དང་མཉམ་དུ་པི་ལི་ཧྲི་རུ་སྐྱོད་སྐབས་འཇར་དམག་དང་གཡུལ་འགྱེད་བྱས། ཁོའི་ཉིན་ཐོའི་ངོས་སུ༼མི་ཚང་མ་སྐུལ་སློང་བྱས་པ་འདི་འདྲའི་ཤུགས་དྲག་གིས་མནན་པའི་བརྩེ་རླབས་ནི་ངའི་རྨི་ལམ་དུའང་ཐོབ་རེ་བྱས་པ་ཡིན༽ཐེངས་དང་པོའི་འཐབ་འཛིང་ཁྲོད་ཏའེ་ཀའོ་ལེའི་རྐང་བར་རྨས་ཕོག་ཏེ་རྒྱབ་ཕྱོགས་སུ་རྨ་བཅོས་བྱ་བར་བསྐྱལ། ཟླ་གསུམ་འགོར་རྗེས་ཁོ་ཕྱིར་གཡུལ་སར་ལོག་ཏེ་ཐེངས་མང་པོར་དགྲ་བོའི་རྒྱབ་ཕྱོགས་སུ་མྱུལ་ཞིབ་ལས་འགན་བསྒྲུབས། བཟང་ཆ་ཁྱད་དུ་ཐོན་པས་མི་འགྱངས་པར་ཧྲང་ཝེ་རུ་འཕར། ཁོ་ལ་རྗེས་སུ་རྨས་གཉིས་པ་ཕོག 1916ལོའི་ཟླ3པའི་ཚེས2ཉིན་དེར་འཇར་ཧྥ་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་ཧྥན་ཨུར་ཏུན་ནས་དམག་འཁྲུག་ཛ་དྲག་བྱས། འཇར་དམག་གིས་མེ་སྒྱོགས་འཕངས་ཏེ་ཧྥ་དམག་གི་གཡུལ་ས་འགད་གཏོར་བྱེད། ཏའེ་ཀའོ་ལེས་དམག་དཔུང་ཚོ་གཅིག་ལ་བཀོད་འདོམས་བྱས་ཏེ་དགྲ་བོ་དང་གཡུལ་འགྱེད་བྱས། གློ་བུར་དུ་མི་ཞིག་གི་སྐད་མཐོན་པོས༼ལྟོས་དང་དཔུང་རོགས་ཐོན་ཐལ༽ཟེར། ཏའེ་ཀའོ་ལེ་ཁ་ཕྱིར་འཁོར་དུས་ངོ་མ་ཧྥ་དམག་གི་ལྕགས་ཞྭ་སྔོན་པོ་གྱོན་པའི་དམག་ཚོགས་ཤིག་ཡོང་གི་འདུག ཡིན་ནའང་དམག་མི་དེ་ཚོའི་གྱོན་ཆས་དང་འགུལ་སྟངས་ནི་ཇི་འདྲའི་ཆ་མི་མཚུངས་པ་ཞིག་རེད། ༼དཔུང་རོགས༽ཉེ་སར་འབྱོར་དུས་ཏའེ་ཀའོ་ལེ་ད་གཟོད་གཉིད་ལས་སད་པ་ལྟར༼མ་འགྲིག་ཐལ འཇར་དམག་རེད། ཁོ་ཚོས་དམག་སར་ཤི་བའི་ཧྥ་དམག་གི་ལྕགས་ཞྭ་གྱོན་པ་རེད༽ཁོས་འདང་རྒྱག་བཞིན་མྱུར་བར་བཀའ་ཕབ་རྒྱུར༼མྱུར་དུ་རྩེ་གྲི་ཞོག་ཏེ་སོད༽ཅེས་སྐད་བརྒྱབ། སྐབས་དེར་དཔུང་རོགས་སུ་བརྫུས་པའི་འཇར་དམག་ཤོག་ཁག་དེས་སྔོན་ལ་མེ་མདའ་བརྒྱབ། ཏའེ་ཀའོ་ལེས་བཀོད་འདོམས་བྱེད་སྐབས་མེ་མདས་བརླ་ཕུག་ཏེ་དྲན་མེད་དུ་བརྒྱལ་སོང་། དམག་རོགས་ཚོས་ཁོའི་ལུས་ཡོངས་རྫོགས་ཁྲག་གིས་སྦགས་པ་མཐོང་ནས་ཤི་འདུག་སྙམ་ནས་དགྲ་བོ་དང་དམར་འཛིང་བྱས་ཏེ་ཁོ་ལ་ལྟ་ཁོམ་མ་བྱུང་། དམག་མཚམས་བཞག་རྗེས་གོང་རིམ་གྱིས་གཟེངས་བསྟོད་ཀྱི་བཀའ་ཁྱབ་བསྒྲགས། ཏའེ་ཀའོ་ལེ་དཔའ་ངར་ཞུམ་མེད་ཀྱི་ངང་དམག་འཁྲུག་སྐབས་དམག་སར་ཤི་བས། ཆེས་མཐོའི་མཚན་སྙན་དེ་རྒྱ་གྲམ་བྱས་རྗེས་གཟེངས་རྟགས་རྗེས་སྤྲོད་གནང་། ཁོང་ཛ་དྲག་ཆེ་བའི་དམག་འཁྲུག་ཁྲོད་རྒྱལ་ཁབ་ཀྱི་དོན་དུ་སྐུ་གཤེགས་ཤིང་ཁོང་ནི་ཕྱོགས་ཡོངས་ནས་འགྲན་ཟླ་བྲལ་བའི་དམག་དཔོན་ངོ་གནོང་མི་དགོས་པ་ཞིག་ཡིན་ཟེར། དོན་དངོས་སུ་ཏའེ་ཀའོ་ལེ་ཤི་མེད། ཁོང་བརྒྱལ་སངས་དུས་དགྲ་བོས་ཧ་གོ་ནས་འཛིན་བཟུང་ཐེབས། དང་ཐོག་ཁོ་ཧྥོས་ལིས་ཏི་པི་ཀུ་བཟུང་ནས་དམག་བསྡུ་ཉར་ཁང་དུ་བཅུག དུས་ཡུན་གཅིག་གི་ནང་དུ་ཁོའི་རྨ་ཁ་སོས། ཁོ་བཟུང་དམག་བྱས་ནས་འདུག་འདོད་མེད་པར་མངོན་ཆུང་གིས་བཙོན་ཁང་ནང་ནས་དོང་ལམ་བརྐོས། མ་འགྱངས་པར་བཙོན་ཁང་ནང་ནས་ཕྱི་རོལ་དུ་བསྐྱོད་ཐུབ་པའི་དོང་ལམ་ལེགས་པར་འགྲུབ་མོད་ཁོའི་གཟུགས་གཞི་རྒྱ་ཆེ་ཞིང་སྐྱེ་ལུས་ཁྱད་པར་བ་དེ་དགྲ་བོས་ཤེས་ཏེ་ཕྱིར་བཟུང་ཡོད། ཐེངས་ཤིག་ཁོའི་ལག་ཏུ་འཇར་དམག་གི་དམག་ཆས་ཆ་ཚང་ཞིག་ཡོང་ཏེ་སླར་ཡང་བྲོས། འོན་ཀྱང་དམག་ཆས་ཆུང་དྲགས་པས་གྱོན་ན་འཕྲོད་པོ་མིན་སྟབས་ཡང་དགྲ་བོས་བཟུང་། རྗེས་སུ་ཁོ་བཙོན་ཁང་ནས་ཐེངས་གསུམ་པར་བྲོས་ཀྱང་སྔར་བཞིན་ལམ་འགྲོ་མ་བྱུང་། དེའི་ཕྱིར་འཇར་དམག་གིས་ཁོ་པཱ་ཧྥ་ལི་ཡ་ཆད་གཅོད་སྒར་དུ་བསྐྱལ་ཏེ་དོ་དམ་ནན་པོ་བྱས། འདི་ནས་ཏའེ་ཀའོ་ལེས་བཟུང་དམག་གི་འཚོ་བ་ལོ་གཉིས་ལ་རོལ་མོད་འགྱོད་སེམས་མེད་པར་དུས་ཚོད་དམ་འཛིན་བྱས་ཏེ་བཙོན་ར་ནས་སློབ་སྦྱོང་བྱས། འཇར་མན་ཚགས་པར་ཀློག་ལྟ་བྱེད་པའི་གོ་སྐབས་སྤྱད་དེ་འཇར་ཡིག་ལ་སློབ་སྦྱོང་བྱས་ཤིང་ད་དུང་དམག་འཁྲུག་གི་ཉམས་རྟོགས་ཟིན་བྲིས་བྱས། རྗེས་སོར་ཐེངས་དང་པོའི་དམག་དོན་ཆེད་རྩོམ《དགྲ་བོའི་ནང་ཁུལ་གྱི་ཕན་ཚུན་ཕྱིར་འབུད》འབྲི་བར་རྒྱུ་ཆ་མང་པོ་གསོག་འཇོག་བྱས། ཁོའི་ཟིན་ཐོ་རུ༼མི་ཞིག་གི་ངེས་པར་དུ་བློ་རྒྱ་ཆེ་དགོས…གཙོ་འཛིན་མི་སྣ་ནི་སྟོང་ལབ་མི་རྒྱགས་པ་ཞིག་ཡིན་དགོས༽ཞེས་བྲིས་འདུག 1918ལོའི་ཟླ11པར་འཇར་མན་དམག་ཕམ་བྱུང་སྟེ་དབྱིན་ཧྥ་སོགས་ཀྱི་རྒྱལ་ཁབ་ལ་མགོ་བཏགས། ཏའེ་ཀའོ་ལེ་ད་གཟོད་གློད་དགྲོལ་བཏང་སྟེ་ཕྱིར་ཧྥ་རན་སིར་ལོག

5 མིག་རྒྱང་རིང་བའི་དམག་དོན་པ།

1919ལོ་ཏའེ་ཀའོ་ལེ་པོ་ལན་རྒྱལ་ཁབ་ཏུ་སོང་དེ་དམག་དོན་བྱ་འགུལ་ལ་ཞུགས། ལོ་གཉིས་འགོར་ཕྱིན་ཁོ་ཧྥ་རན་སིར་ལོག་ཏེ་སུན་ཞི་ཨེར་དམག་དོན་སློབ་གྲྭར་དམག་འཁྲུག་ལོ་རྒྱུས་ཁྲིད། མི་འགྱངས་པར་ཡང་དམག་དོན་སློབ་གླིང་དུ་ཟབ་ཞུགས་བྱས། འདིའི་སྐབས་ཁོས་རང་གི་དམག་དོན་བསམ་བློ་དང་ལྟ་ཚུལ་ཚུགས། ཁོས་དམག་འཁྲུག་ནི་འཕྲུལ་ཆས་ཅན་དུ་འགྱུར་བར་གང་མགྱོགས་ཀྱིས་སྐུལ་འདེད་བྱེད་པ་གཙོར་འཛིན་དགོས་ཤིང་དམག་ས་ནས་རང་འགུལ་གྱིས་ཕས་རྒོལ་བྱས་ན་ད་གཟོད་རྒྱལ་ཁ་ཐོབ་པའི་ངེས་པ་ཡོད་སྙམ། འོན་ཀྱང་ཁོའི་ལྟ་ཚུལ་སྐབས་དེར་ཀུན་གྱིས་སྣང་འཇོག་མ་བྱས། དམག་དོན་སློབ་གྲྭའི་མཐར་ཕྱིན་དངོས་སྦྱོང་ཁྲོད་ཏའེ་ཀའོ་ལེས་འཕྲུལ་ཆས་གྱི་མྱུར་མགྱོགས་ཕས་རྒོལ་གྱི་འཐབ་འཛིང་ཞིག་འཆར་འགོད་བྱས་པར་གྲུབ་འབྲས་ཐོབ། འོན་ཀྱང་སློབ་ར་འདིའི་ཡོན་ཀྲང་གིས་ཏའེ་ཀའོ་ལེའི་དངོས་སྦྱོང་ལ་གདེང་འཇོག་ཡག་པོ་མ་བྱས། ཁོ་༼ཨང་རིམ་གསུམ་པར༽བཞག ད་དུང༼རང་ཉིད་མཁས་རློམ་ཆེ༽ཞིང༼སྐྱོན་བརྗོད་ལ་མི་ཉན་པ༽སོགས་ཀྱི་དཔྱད་གཏམ་བྲིས། རྗེས་སུ་པི་ཏང་སོགས་ཀྱིས་ཐེ་གཏོགས་བྱས་ཏེ་ད་གཟོད༼རིམ་པ་གཉིས་པར༽བཞག

1927ལོ་ཏའེ་ཀའོ་ལེ་ཧྲོ་ཞོའོ་རུ་གོ་གནས་སྤར་ཏེ་ཨང་བཅུ་དགུ་བའི་རྐང་དམག་སྒར་ལ་བཀོད་འདོམས་བྱས། ཁོང་གིས་དམག་དཔུང་གོ་ཧྲག་ཅིག་ཏུ་སྦྱོང་བརྡར་བྱེད་པའི་ཆོད་སེམས་བཅངས་ཤིང་སྔོན་ཐོན་གྱི་བྱ་ཐབས་སྤྱད་དེ་དམག་དཔུང་ལ་མགོ་འཛིན་མཛད་ནས་སྦྱོང་བརྡར་གཟབ་ནན་བྱ་འདོད། ཁོང་གིས་རང་དཔེ་གཞན་སྟོན་བྱེད་ཀྱིན་ཡོད་དེ་དཔེར་ན་ཁོས་དུས་རྒྱུན་ལ་ལག་ཤུབས་དཀར་པོ་གྱོན་པ་དང་དམག་ཆས་གཙང་ཞིང་གྲ་འགྲིག་པོ་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། ལག་ཤུབས་དཀར་ཞིང་གཙང་བ་སྲུང་འཛིན་བྱ་ཕྱིར་ཁོའི་ཆུང་མས་ཁོ་ལ་ནམ་ཡང་ལག་ཤུབས་དཀར་པོ་ཆ་ཚང་མང་པོ་གྲ་སྒྲིག་བྱས་ཡོད་པ་མ་ཟད་མོ་རང་གིས་བཀྲུ་བཞིན་ཡོད། འཛམ་གླིང་འཁྲུག་ཆེན་དང་པོའི་རྗེས་སུ་འཇར་མན་གྱིས་ཕམ་ཁ་ཁུར་བར་བློ་མ་བདེ་ནས་ལོ་རབས30རྗེས་སུ། ཧྥ་ཤི་སི་སྟོབས་ཤུགས་ཀྱི་རྒྱལ་ཡོངས་ཚོད་འཛིན་བྱས་ཤིང་དམག་འཁྲུག་གི་ཉེན་ཁ་ཇེ་ཆེར་གྱུར། ཏའེ་ཀའོ་ལེས་དོན་འདིར་ཉམས་འཇོག་ཚད་མེད་བྱས། ཁོས་ཧྥ་རན་སིའི་གང་མགྱོགས་ངང་ཁ་གཏད་འཇལ་ཐབས་ལག་ལེན་བྱས་ཏེ་འཇར་མན་གྱིས་བཙན་འཛུལ་སྔོན་འགོག་བྱེད་པའི་འདོད་ཚུལ་བཅངས། 1931ལོའི་རྗེས་སུ། ཁོས་ཆེས་མཐོའི་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་པའི་འགན་ཁུར་སྐབས་དམག་དོན་རིག་པའི་གཞུང་ལུགས་ཀྱི་ཆེད་རྩོམ་ཁག་ཅིག་བྲིས་ཏེ་རང་གི་འདོད་ཚུལ་བཏོན། ཧྥ་ཤི་སི་འཇར་མན་གྱིས་དམག་འཁྲུག་སྐད་ཅོར་རྒྱག་པར་དམིགས་ནས་ཏའེ་ཀའོ་ལེས་འཕྲུལ་ཆས་ཅན་གྱི་དམག་དཔུང་མྱུར་དུ་བཙུགས་ཏེ་ཐན་ཁེ་དམག་འཁྲུག་གི་ཤུགས་སྣོན་བྱ་དགོས་པ་ལས་སྲུང་བ་ཙམ་གྱི་འགོག་སྲུང་མིན་པར་སྙམ། སྐབས་དེར་ཧྥ་རན་སིས་འཇར་མན་མཚམས་སུ་ཆེས་སྲ་བརྟན་གྱི༼མཱ་ཆི་ནོའོ་འགོག་སྲུང་འཛིང་རགས༽བསྐྲུན། དམག་ཕྱོགས་ཀྱི་མི་མང་པོས་འཛིང་རགས་འདི་ཡོད་ན་བློ་བདེ་མོ་རེད་སྙམ། ཏའེ་ཀའོ་ལེས༼མཱ་ཆི་ནོའོ་འགོག་སྲུང་འཛིང་རགས༽ཁོ་ནར་བརྟེན་པའི་གཞན་དབང་གི་དོགས་ཟོན་གྱི་འཐབ་ཇུས་ལ་ངོ་རྒོལ་བརྒྱབ། ཁོང་གིས་སྲུང་དམག་གང་ཡིན་རུང་གལ་ཏེ་དྲག་ཆས་རྙིང་བ་རིགས་བེད་སྤྱོད་བྱས་ཏེ་གཞན་དབང་དུ་གྱུར་བའི་འགོག་སྲུང་ཙམ་གྱི་འཆིང་རྒྱ་ལས་མ་གྲོལ་ན་ཅིས་ཀྱང་ཕམ་པར་ངེས། འཕྲུལ་ཆས་ཅན་གྱི་དམག་དཔུང་ལ་འཕྲུལ་ཆས་ཅན་གྱི་དམག་དཔུང་འབའ་ཞིག་གིས་འགོག་རྒོལ་བྱས་ན་ད་གཟོད་ཚད་ངེས་ཅན་གྱི་དམག་དཔུང་ཕན་འབྲས་ཐོན་ཐུབ༽ཅེས་བཤད། འོན་ཀྱང་ཏའེ་ཀའོ་ལེའི་བསམ་ཚུལ་དེ་དབང་འཛིན་མཁན་གྱིས་དང་ལེན་མ་བྱས་པ་མ་ཟད་གོང་རིམ་དང་བསམ་འཆར་གཅིག་གྱུར་མིན་པའི་རྐྱེན་གྱིས་དམག་རིམ་འཕར་བར་བཀག་འགོག་ཐེབས། ཡིན་ཡང་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པ་ལངས་ཕྱིར་ཁོའི་མ་འོངས་སྔོན་གཟིགས་ཀྱི་མཁྱེན་དཔྱོད་ལ་བདེན་དཔང་ཐོབ། 1940ལོའི་ཟླ5པར། འཇར་དམག་གིས་གློ་བུར་འཇབ་རྒོལ་གྱི་བྱ་ཐབས་སྤྱད་དེ་མགྱོགས་མྱུར་གྱིས༼མཱ་ཆི་ནོའོ་འགོག་སྲུང་འཛིང་རགས༽བསྐོར་འོངས་ནས་ཧྥ་རན་སིར་བཙན་འཛུལ་བྱས་པས་ཧྥ་དམག་སྲན་ཕུང་གཏོར་བ་བཞིན་རྩ་བ་ནས་གཞན་དབང་གི་གནས་སུ་གྱུར།

6 འཛམ་གླིང་དུ་སྐད་གྲགས་ཁྱབ་པའི་མཛད་པ་ཤིག

འཇར་མན་གྱིས་བཙན་འཛུལ་དེས་ཏའེ་ཀའོ་ལེའི་བསམ་འཆར་ཡང་དག་ཡིན་པ་ར་སྤྲོད་བྱས། ཧྥ་རན་སིས་ཐེངས་འདིར་ད་གཟོད་ཁོ༼ཁྲབ་ལྡན་དམག་དཔུང༽གི་ཧྲི་དཔོན་དུ་བསྐོས་ཏེ་འཇར་མན་བཀག་འགོག་བྱེད་པར་མངགས། ཏའེ་ཀའོ་ལེའི་ཐན་ཁེ་དམག་དཔུང་ལ་བཀོད་འདོམས་བྱས་ཏེ་དགྲ་ཕྱོགས་ལ་འཇབ་རྒོལ་བྱས་ཏེ་འཇར་དམག600ལྷག་བཟུང་ཞིང་ད་དུང་དགྲ་ལག་ནས་ཐོབ་པའི་དངོས་རྫས་མང་པོ་རྩིས་ལེན་བྱས། ཧྥ་རན་སིའི་ཙུང་ལི་ལེ་ལོ་ཕོ་གེ་ཡིས་ཁོ་རྒྱལ་སྲུང་དང་སྐམ་དམག་པ་ལིའི་ཉེ་སར་འབྱོར་བས་ཧྥ་རན་སིའི་དམག་ཕྱོགས་ཀྱི་གཙོ་འཛིན་པི་ཏང་དང་བུས་ཀང་སོགས་ཀྱི་མགོ་འདོགས་པའི་སེམས་ཐག་བཅད་ཟིན། འཇར་དམག་གིས་པ་ལི་རུ་དཔུང་འཇུག་བྱེད་སྐབས་ཁོ་ཚོས་འགོག་རྒོལ་མི་བྱེད་པ་མ་ཟད་དེ་ལས་ལྡོག་སྟེ༼འགོག་སྲུང་མི་བྱེད་པ༽ཁྱབ་བསྒྲགས་བྱས། 1940ལོའི་ཟླ6པའི་ཚེས14ཉིན་པ་ལི་གྲོང་ཁྱེར་དགྲ་ལག་ཏུ་ཤོར་སོང་། ཚེས22ཉིན་པི་ཏང་གིས་ཙུང་ལི་བྱས་པའི་སྲིད་གཞུང་གིས་ཆ་རྐྱེན་མེད་པར་མགོ་བཏགས་ཏེ་རང་འགུལ་ངང་དྲག་ཆས་འགྲོལ་བའི་ཁྱབ་བསྒྲགས་མཛད། ཧྥ་རན་སི་སྤྱི་མཐུན་རྒྱལ་ཁབ་རྩ་ནུབ་ཏུ་སོང་བ་འདི་ནི་ཧྥ་རན་སིའི་ལོ་རྒྱུས་ཀྱི་ངོ་ཚ་རེད། འོན་ཀྱང་ཧྥ་རན་སིའི་མི་དམངས་ཞུམ་པར་མ་གྱུར། མི་རིགས་འཇིག་ཉེན་ཆེ་བའི་གནས་སུ་ལྷུང་དུས་ཏའེ་ཀའོ་ལེས་དཔའ་སྤོབས་ཀྱིས་མེས་རྒྱལ་མྱུར་སྐྱོབ་ཀྱི་ལྗིད་འགན་ཁུར་དུ་བཞེས། ཁོས་སེམས་ཐག་གཙང་བཅད་ཀྱིས་རྒྱུན་མཐུད་ནས་འཐབ་འཛིང་བྱེད་པ་དང་དགོས་ངེས་སུ་སྲིད་གཞུང་མེ་གླིང་བྱང་མ་རུ་སྤོ་ཆོག་མོད་མགོ་གཏན་ནས་མི་འདོགས་པའི་འདོད་ཚུལ་བཟུང་། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཆོའུ་ཇིར་ཧྥ་རན་སིས་མགོ་འདོགས་པར་བཀག་འགོག་བྱ་ཕྱིར་སྐུ་དངོས་སུ་ཧྥ་རན་སིར་ཕེབས་ཏེ་ཧྥ་རན་སི་དང་དབྱིན་ཇིའི་དམག་གིས་མཉམ་པོར་འཇར་འགོག་བྱེད་པའི་ཁ་ཏ་བསླབ་བྱ་གནང་། ཏའེ་ཀའོ་ལེ་ཆོའུ་ཇིར་དང་གྲོས་མོལ་སྐབས་སེམས་འགུལ་ཆེན་པོས༼ང་རང་ངོས་ནས་བློ་ཐག་རྦད་ཆོད་ཀྱིས་དབྱིན་ཧྥ་མཉམ་འབྲེལ་སྲུང་སྐྱོང་བྱས་ཏེ་ཧྥ་རན་སི་ཁེར་རྐྱང་དུ་དམག་འཁྲུག་ལས་ཕྱིར་འཐེན་པ་ངོ་རྒོལ་བྱས་པ་ཡིན། མགོ་འདོགས་པར་གཏན་ནས་མི་འཐད༽ ཆོའུ་ཇིར་གྱིས་ཏའེ་ཀའོ་ལེའི་དཔའ་སྤོབས་ལ་གདེང་འཇོག་ཚད་མེད་བྱས། ཆོའུ་ཇིར་གྱིས༼ངས་གཟུགས་སྟོབས་ཆེ་ཞིང་གཤིས་རྒྱུད་ཞི་འཇགས་ཀྱི་མི་དེ་དང་ཐུག་འཕྲད་ཁྲོད་ནམ་ཡང་བག་ཆགས་ཤིག་སེམས་ན་ཉར་་ཡོད་པ་དེ་ནི་ཧྥ་རན་སིའི་དམག་སྤྱི་ནི་འདི་པ་ལོས་ཡིན་སྙམ༽ཞེས་བཤད། འོན་ཀྱང་པི་ཏང་དང་བིས་ཀང་སོགས་ཀྱིས་ཁ་ཏ་སློབ་གསོར་མི་ཉན་པར་རང་འདོད་མཐར་སྐྱེལ་བྱེད་པས་ཏའེ་ཀའོ་ལེས་ཁོ་ཚོ་དང་འགྲོ་ལམ་ཐ་དད་བྱེད་པའི་སེམས་ཐག་བཅད་དེ་ཕྱི་རྒྱལ་དུ་སོང་སྟེ་འགོག་རྒོལ་ལས་འགུལ་སྤེལ། ཟླ6པའི་ཚེས17ཉིན་གྱི་སྔ་དྲོ་ཁོས་དུས་རྒྱུན་ལྟར་གཞུང་ལས་ཁང་དུ་ཡོང་ནས་ཕྱི་དྲོའི་བྱ་བ་སོགས་བཀོད་སྒྲིག་བྱས་པས་མི་སུས་ཀྱང་ཁོའི་འགྲོ་འདུག་ལ་དོགས་པ་མ་སྐྱེས། དེའི་རྗེས་སུ་ཁོས་འཚམས་འདྲིར་འོང་བའི་དབྱིན་ཇིའི་དམག་སྤྱི་སུ་ཕེ་ཨེར་སི་ལོན་ཏོན་དུ་ཕྱིར་ལོག་སྐྱེལ་མ་བྱས། གནམ་གྲུ་ཐང་དུ་སླེབས་དུས་ཁོས་སྔོན་ལ་འགྲུལ་བ་གནམ་གྲུར་བསྐྱལ་། དེ་ནས་གནམ་གྲུའི་འགྲམ་ནས་ཁོ་ཚོར་ལག་པ་གཡུག་གཡུག་གི་གུས་ལུགས་བསྟན། གནམ་གྲུ་བསྐྱོད་འགོ་ཚུགས་སྐབས་ཁོ་མགྱོགས་མྱུར་ངང་གནམ་གྲུའི་ནང་དུ་བུད། གནམ་ཐང་གི་མི་ཚོས་ཁོར་དོན་ཆེན་ཞིག་འགྲུལ་བར་བཤད་རྒྱུ་ཡོད་པ་རེད་སྙམ་མོད་གནམ་གྲུའི་སྒོ་བརྒྱབ་ཏེ་འཕུར་སོང་། དེར་ཡོད་ཀྱི་ཧྥ་རན་སིའི་དཔོན་པོ་རྣམས་ཁ་གདངས་ཤིང་མིག་ཅེར་རེར་ལུས། འདི་ལྟར་ཏའེ་ཀའོ་ལེ་ཧྥ་རན་སི་དང་གྱེས་སོང་།

དེའི་ཕྱི་ཉིན་ཆུ་ཚོད6གི་སྟེང་། དབྱིན་ཇིའི་ལོན་ཏོན་དུ་འབྱོར་བའི་ཏ་ཀོ་ལིས་ལོན་ཏོན་ཀུན་ཁྱབ་རླུང་འཕྲིན་ཁང་ནས་ཧྥ་རན་སིའི་མི་དམངས་ལ་གསུང་བཤད་གནང་། ཧྥ་རན་སིའི་མི་དམངས་དང་དམག་དཔུང་གིས་དྲག་ཆས་བཟུང་ནས་ཧྥ་ཤི་སི་འཇར་མན་དང་མཐར་གཏུགས་པའི་འཐབ་འཛིང་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོང་གིས༼དོན་རྐྱེན་ཅི་ཞིག་བྱུང་རུང་ཧྥ་རན་སིའི་འགོག་རྒོལ་གྱི་མེ་ལྕེ་གཏན་ནས་ཤི་མི་རུང་ཞིང་ཤི་ཡང་མི་སྲིད༽ཅེས་བཤད།

ཁོང་གིས་འགོ་ཁྲིད་པའི་ཧྥ་རན་སིའི་རང་དབང་ལས་འགུལ་དེ་ནས་བཟུང་འགོ་ཚུགས་པའི་དྲིལ་བསྒྲགས་བྱས། ལས་འགུལ་འདིས་ཧྥ་ཤི་སིས་བཙན་འཛུལ་ལ་ངོ་རྒོལ་དང་མི་རིགས་རང་བཙན་ལས་འགུལ་སྲུང་སྐྱོབ་བྱེད་པ་དམིགས་འབེན་དུ་བཟུང་ཡོད་ཅིང་། ཏའེ་ཀའོ་ལེ་ཡིས་ཧྥ་རན་སིའི་རྒྱལ་གཅེས་པ་རྣམས་ཀྱིས་ཁོ་དང་འབྲེལ་བ་བྱས་ཏེ་འགོག་རྒོལ་ལས་འགུལ་སྤེལ་བའི་རེ་འདུན་བཏོན། ཁོང་གི་སྐད་གྲགས་ཆེ་བའི༼དྲུག་པའི་བཅོ་བརྒྱད༽ཀྱི་གསུང་བཤད་དེས་ཧྥ་རན་སིའི་བདེན་དོན་སྟོབས་ཤུགས་ཀྱི་འབོད་སྒྲ་མཚོན་ཞིང་ཧྥ་རན་སིའི་མི་དམངས་ཀྱི་འཐབ་རྩོད་སྙིང་སྟོབས་ཀྱང་མཚོན་ཡོད། པི་ཏང་རྒྱལ་འཚོང་སྲིད་གཞུང་གིས་ཁོང་ལས་ཞུགས་ཆད་པས་ཁྱབ་བསྒྲགས་བྱས་ཏེ་ཁོང་ལ༼སྲོག་ཆད༽བཅད། དེ་ལྟར་ནའང་ཧྥ་རན་སིའི་མི་དམངས་ཀྱི་སེམས་སུ་ཁོང་ནི་ཧྥ་ཤི་སི་ལ་ངོ་རྒོལ་དང་མི་རིགས་རང་བཙན་སྲུང་སྐྱོབ་བྱེད་པའི་མི་རིགས་ཀྱི་དཔའ་བོ་ཞིག་ཏུ་གྱུར་ཡོད།

7 སྲིད་སྟེགས་ནས་དབེན་གནས་སུ་སྡོད་པའི་བར།

ཏའེ་ཀའོ་ལེས་འགོ་གཙོ་མཛད་པའི་འགོག་རྒོལ་ལས་འགུལ་དང་ཐོག་ལམ་འགྲོ་མ་བྱུང་། ཁོ་གཅིག་པུ་ལོན་ཏོན་དུ་ཡོང་བས་དམག་མི་གཅིག་ཀྱང་མེད་པའི་དབང་གིས་ཕྱི་རྒྱལ་དུ་འབོད་སྐུལ་བཏང་དེ་རོགས་སྐྱོར་མི་ཞུ་ཀ་མེད་བྱུང་། ཁོས་དེ་སྔོན་ཧྥ་རན་སིས་མི་སེར་སྤེལ་ཡུལ་སོ་སོའི་ཙོང་ཏུའུ་དང་ཕྱི་སྡོད་དམག་དཔུང་གི་དམག་སྤྱི་ལ་གློག་འཕྲིན་བཏང་དེ་ཁོ་ཚོ་འགོག་རྒོལ་དུ་ཞུགས་པར་གདན་འདྲེན་ཞུས་མོད་འབོད་སྐུལ་དང་ལེན་བྱེད་མཁན་མ་བྱུང་། ཁོས་ཡང་གང་སར་སོང་ནས་དམག་མི་བསྡུ་རུ་བྱས་ཤིང་ཕྱི་རྒྱལ་དུ་འཁྱམ་པའི་ཧྥ་རན་སི་བ་གཅིག་ཏུ་བསྡུས་ཏེ། 1950ལོའི་ཟླ7པར་མི700ལྷག་པའི་དམག་དཔུང་ཞིག་བཙུགས། 

དམག་དཔུང་འདིར་བརྟེན་ནས་ཁོས་ཧྥེ་གླིང་གི་ཧྥ་རན་སིའི་མི་སེར་སྤེལ་ཡུལ་དུ་གཏོགས་པའི་ཁྲོད་ནས་གོ་གནས་བཟུང་ཞིང་ས་དེར་གནས་གཞི་བཙུགས་ཏེ༼འགོག་སྲུང་ཨུ་ཡོན་ལྷན་ཁང༽དབུ་བརྙེས་པ་ཁྱབ་བསྒྲགས་བྱས་པ་དང་རྒྱལ་ནང་གི་རྒྱལ་འཚོང་སྲིད་གཞུང་ཁས་མི་ལེན་པ་ཁྱབ་བསྒྲགས་གནང་། དེ་དང་ལྷན་ཅིག་རྒྱལ་ནང་དུ་མི་མངགས་ཏེ་ས་ཆ་སོ་སོའི་འགོག་རྒོལ་རྩ་འཛུགས་དང་འབྲེལ་བ་བྱས་པས་ཁོ་ཚོར་རྒྱབ་སྐྱོར་གནང་། 1943ལོ༼ཧྥ་རན་སི་མི་རིགས་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང༽དེ་ཧྥེ་གླིང་བྱང་མའི་ཨར་ཅི་ཡ་རུ་དབུ་བརྙེས་པས་དོན་དངོས་ཐོག་གི༼གནས་སྐབས་སྲིད་གཞུང༽དུ་གྱུར་ཞིང་ཏའེ་ཀའོ་ལེས་ཀྲུའུ་ཞིའི་འགན་ཁུར། 

ཧྥ་རན་སི་འཇར་མན་གྱིས་བཙན་བཟུང་བྱས་པའི་རྐྱེན་གྱིས་ཧྥ་རན་སིའི་རྒྱལ་སྤྱིའི་གོ་གནས་ཀྱང་ཇེ་དམའ་རུ་སོང་། དམག་འཁྲུག་གི་རྗེས་སུ་ཧྥ་རན་སི་ཉམས་ཞན་རྒྱལ་ཁབ་ཏུ་བགྲང་བར་མ་འཐད་ནས་ཁོས་ནུས་ཤུགས་ཡོད་རྒུས་བཙན་འཛུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་རང་བཙན་སྲུང་འཛིན་བྱས་ཏེ་རང་གི་དམག་དཔུང་མངགས་ཏེ་དབྱིན་ཇི་དང་ཨ་མེ་རི་ཁ་སོགས་ཀྱི་དམག་དོན་བྱེད་སྒོར་ཞུགས། མ་གཞི་ཨ་རི་དང་དབྱིན་ཇིས་ཧྥ་རན་སི་དམག་དོན་བཙན་བཟུང་བྱས་ཏེ་མནའ་འབྲེལ་དམག་གིས་སྲིད་གཞུང་བཙུགས་ནས་ཧྥ་རན་སིའི་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་ཕྱིར་འབུད་བྱེད་འདོད་ཀྱང་ཏའེ་ཀའོ་ལེས་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཤིང་མི་མངགས་ནས་ཨ་རི་དང་དབྱིན་ཇིར་འབྲེལ་གཏུག་བྱས་ཏེ་ཧྥ་རན་སི་རང་གི་མིས་ཧྥ་རན་སི་དོ་དམ་བྱེད་པའི་འདོད་ཚུལ་བསྟན་པས་ཨ་དབྱིན་སོགས་རྒྱལ་ཁབ་རྣམས་འཐད་མོས་མི་བྱེད་ཀ་མེད་བྱུང་། 

ཏའེ་ཀའོ་ལེས་ཧྥ་རན་སིའི་ལ་རྒྱ་དང་རང་བཙན་སྲུང་སྐྱོང་མཛད་པ་ཡང་དག་པ་ཞིག་ཡིན་མོད་མཐར་ཐུག་ན་ཁོ་ནི་འབྱོར་ལྡན་གྲལ་རིམ་གྱི་ཆབ་སྲིད་པ་ཞིག་ཡིན་པས། རྒྱ་ཆེའི་མི་དམངས་ཀྱི་སྟོབས་ཤུགས་བེད་སྤྱོད་བྱེད་ནའང་རང་གི་གོ་གནས་ལ་གནོད་པའི་སེམས་ཁྲལ་ཆེ། འཁྲུག་ཆེན་གཉིས་པའི་སྐབས་སུ་ཧྥ་རན་སི་གུང་ཁྲན་ཏང་མིས་རྒྱལ་ནང་གི་ཧྥ་ཤིས་སི་བཙན་འཛུལ་ལ་འཐབ་རྩོད་བྱེད་པ་རྒྱུན་འཁྱོངས་བྱས་པ་མ་ཟད་མི་ཁྲི50ཡོད་པའི་དམག་དོན་ཁོང་དུ་ཆུད་ཅིང་། ཧྥ་རན་སི་བཅིངས་འགྲོལ་གཏོང་བར་བྱས་རྗེས་ཆེན་པོ་བཞག ཏའེ་ཀའོ་ལེས་ཕྱོགས་གཅིག་ནས་ཧྥ་གུང་གི་སྟོབས་ཤུགས་བེད་སྤྱོད་ནས་དགྲ་བོ་ཆམ་ལ་འབེབས་ཤིང་ཡང་ཕྱོགས་གཅིག་ནས་ཧྥ་གུང་ལ་ཚོད་འཛིན་དང་བཀག་སྡོམ་བྱས་ཏེ་ཧྥ་གུང་འགོ་ཁྲིད་ལ་དབང་ཆ་ཆེན་པོ་འཛིན་དུ་མ་བཅུག 

1944ལོའི་ཟླ8པར། མནའ་འབྲེལ་དམག་གིས་ཕར་རྒོལ་བྱས་ཏེ་པ་ལི་བཅིངས་འགྲོལ་བཏང་། ཏའེ་ཀའོ་ལེ་ཡང་ཁོའི་དམག་དཔུང་སྣེ་ཁྲིད་བྱས་ནས་འཐབ་འཛིང་ལ་ཞུགས་ཅིང་མཐར་པ་ལི་ལ་ལོག་ཐུབ་པར་གྱུར།  ཟླ8པའི་ཚེས25ཉིན་ཁོ་ལོ་བཞིའི་སྔོན་ལ་གྱེས་བའི་གཞུང་ལས་ཁང་དུ་ཐོན་ཞིང་ནང་གི་སྒྲིག་ཆས་གཤོམ་ལུགས་སྔོན་དང་ཨ་ན་མ་ན་ཡིན་པས་ཁོ་ལ་ཚོར་སྣང་ཟབ་མོ་ཞིག་འགོག་མེད་དུ་སྐྱེས།   ལོ་བཞིའི་ནང་ཧྥ་རན་སི་ཇི་འདྲའི་འགྱུར་ལྡོག་མང་པོ་ཞིག་བརྒྱུད་ཨང་།  དགའ་བསུའི་ཚོགས་ཐོག་ནས་ཁོས་ཤིས་ཚིག་བརྗོད་རྒྱུར༼པ་ལི།  དགྲ་བོས་རྡོག་བརྫིས་བཏང་བའི་པ་ལི།  བཙན་ཤེད་དང་གཏོར་བརླགས་ཐེབས་པའི་པ་ལི།    ……པ་ལི་ནི་རང་གིས་རང་ལ་བཅིངས་འགྲོལ་བཏང་ཞིང་དེའི་མི་དམངས་ལ་ཧྥ་རན་སིའི་དམག་དཔུང་གིས་རམ་འདེགས་བྱས་ཤིང་ཧྥ་རན་སི་ཡོངས་ཀྱིས་རོགས་སྐྱོར་འོག་བཅིངས་འགྲོལ་ཐོབ་པ་རེད༽དེར་མཐུད་ནས༼ཧྥ་རན་སི་ཁྲི་ལོར་བརྟན་པར་ཤོག ༽ཅེས་ཁོས་སྐད་མཐོན་པོས་འབོད། ཟླ9པར་ཏའེ་ཀའོ་ལེས་སྐབས་དང་པོའི་གནས་སྐབས་སྲིད་གཞུང་གི་ཙུང་ལི་ཡི་འགན་ཁུར། ཁོས་བཀའ་ཕབ་ཏེ་ཧྥ་གུང་གིས་འགོ་ཁྲིད་པའི་དྲག་ཆས་ཁ་གཏོར་ནས་སྲིད་དབང་བཟུང་། འོན་ཀྱང་མ་འགྱངས་པར། ཁོ་དང་ཏང་སྲིད་སོ་སོའི་བར་མི་མཐུན་པ་བྱུང་། ཧྥ་རན་སི་ཐེངས་བཞི་པའི་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཏན་ལ་འབེབས་སྐབས། ཁོས་ཙུང་ཐུང་དང་སྲིད་གཞུང་གི་དབང་ཆ་ཤུགས་སྣོན་བརྒྱབ་ནས་སྲིད་ཏང་གི་ཤུགས་རྐྱེན་ཉམས་ཞན་དུ་གཏོང་དགོས་པའི་འདོད་ཚུལ་བསྟན་མོད་སྲིད་ཏང་སོ་སོས་དབྱི་ཧུའེ་ལམ་ལུགས་བཙུགས་ཏེ་དེའི་དབང་ཆ་ཤུགས་སྣོན་བྱེད་དགོས་པའི་འདོད་ཚུལ་བཅངས། ཕྱོགས་གཉིས་ཀྱི་བསམ་འཆར་གཅིག་གྱུར་མ་བྱུང་སྟབས་ཏའེ་ཀའོ་ལེས་སྲིད་གཞུང་རྩ་འཛུགས་བྱེད་ཐབས་བྲལ་ནས་ལས་ཁུར་དགོངས་ཞུ་ཁྱབ་བསྒྲགས་མི་བྱེད་ཀ་མེད་བྱུང་། 1946ལོའི་ཟླ10པར་ཧྥ་རན་སི་ཐེངས་བཞི་པའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས། ཏའེ་ཀའོ་ལེ་དབང་འཛིན་མཁན་མིན་པས་ཁོས༼ཧྥ་རན་སིའི་མི་དམངས་མནའ་འབྲེལ༽རྩ་འཛུགས་བྱས་ཏེ་འདེམ་ཤོག་མང་ཆེར་ཐོབ་རེ་བཅངས་མོད་དོན་ཐོག་ཏུ་མ་སོང་། 1953ལོ་ཁོ་སྲིད་ཕྱོགས་ནས་ཕྱིར་འཐེན་བྱེད་པ་ཁྱབ་བསྒྲགས་བྱས། དེའི་རྗེས་ཀྱི་ལོ་འགའི་ནང་ཁོ་གྲོང་གསེབ་ཏུ་བསྡད་ནས《དམག་འཁྲུག་གི་ཕྱིར་དྲན་ཟིན་ཐོ》བརྩམ་འབྲི་གནང་།

8 ཡང་བསྐྱར་སྲིད་སྟེགས་སུ་བཞུགས་པ།

ལོ་ལྔ་འགོར་ཕྱིན། ཏའེ་ཀའོ་ལེར་སླར་ཡང་སྲིད་སྟེགས་སུ་ལོག་པའི་སྐལ་བ་ལྡན། 1958ལོའི་དཔྱིད་ཀར། ཧྥ་རན་སིར་ཆབ་སྲིད་ཉམས་ཉེས་བྱུང་ཞིང་གནད་དོན་དེའི་འབྱུང་རྩ་ནི་ཧྥ་རན་སིའི་ཧྥེ་གླིང་བྱང་མའི་མི་སེར་སྤེལ་ཡུལ་ཨེར་ཅི་ཡ་རེད། མི་སེར་སྤེལ་ཡུལ་གྱི་མི་དམངས་ཚོས་རང་བཙན་བྱེད་པའི་རེ་འདུན་བཏོན་ནའང་ཧྥ་རན་སི་སྲིད་གཞུང་གིས་དབང་སྒྱུར་མི་ཐུབ་པར་གྱུར། ལོ་དེའི་ཟླ5པར་ཨར་ཅི་རི་ཡ་ན་སྡོད་པའི་མི་སེར་སྤེལ་བའི་རིང་ལུགས་པའི་དམག་ཚོགས་ཀྱིས་ཟིང་འཁྲུག་བྱས་ཏེ་རྒྱལ་སྐྱོང་སྲིད་གཞུང་བཙུགས་ནས་ཏའེ་ཀའོ་ལེས་གཙོ་སྐྱོང་བྱེད་པའི་རེ་འདུན་བཏོན། གནས་བབས་འདི་འདྲའི་འོག་ལོ68ལ་སླེབས་པའི་ཏའེ་ཀའོ་ལེ་གདན་དྲངས་ནས་རྒྱལ་སྲིད་སྤྱི་ཁྱབ་ལས་ཁུངས་རྩ་འཛུགས་དང་ཧྥ་རན་སིའི་ཙུང་ལི་ཡི་འགན་བཞེས།

ཁོང་གིས་ཙུང་ལི་ཡི་འགན་འཁུར་ཕྱིན་སྐུ་དངོས་སུ་ཧྥེ་གླིང་གི་མི་སེར་སྤེལ་ཡུལ་གྱི་རྒྱལ་ཁབ་སོ་སོར་གཟིགས་ཞིབ་བྱས་ཤིང་རྒྱལ་ཁབ་དེ་ཚོའི་མི་དམངས་ཀྱིས་རང་བཙན་དང་བཅིངས་འགྲོལ་གཏོང་འདོད་ཆེ་བའི་མྱོང་ཚོར་རྟོགས་པར་མ་ཟད་ཧྥ་རན་སིའི་སྟོབས་ཤུགས་ལ་ངོ་རྒོལ་ཐེབས་པའང་མཐོང་། ལྷག་པར་དུ་ཨར་ཅི་རི་ཡའི་མི་དམངས་ཚོས་དྲག་ཆས་འཐབ་རྩོད་བྱས་ནས་ཧྥ་རན་སི་ལ་གྱོང་གུད་ཚབས་ཆེན་བཟོས། ཁོང་གིས་དེ་དག་ཐག་གཅོད་དགོས་ན་དམག་འཁྲུག་མཇུག་འགྲིལ་ནས་མི་སེར་སྤེལ་ཡུལ་རང་བཙན་གཏོང་བ་ལས་ཐབས་གཞན་མེད་སྙམ། འདི་ནི་ཏའེ་ཀའོ་ལེ་ཚེ་གང་ལ་ཐེངས་གཉིས་པར་སྙིང་སྟོབས་ཆེན་པོས་གཏན་འཁེལ་མཛད་པ་དེ་ཡིན། མ་འགྱངས་པར་ཁོས་ཧྥ་རན་སིས་རྩ་ཁྲིམས་བཟོ་བཅོས་བྱེད་པའི་གཙོ་སྐྱོང་མཛད་ནས་ཧྥ་རན་སིས་མི་སེར་སྤེལ་ཡུལ་ལ་དབང་སྒྱུར་བྱེད་པ་འདོར་བའི་ཁྱབ་བསྒྲགས་མཛད། 1959ལོའི་ཟླ1པོར་ཏའེ་ཀའོ་ལེ་ཧྥ་རན་སིའི་ཐེངས་ལྔ་བའི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས། ཁོ་རང་གིས་ཤུགས་རྐྱེན་དང་དབང་ཆ་སྤྱད་དེ་རྩ་ཁྲིམས་གསར་བ་ལག་བསྟར་ལ་སྐུལ་འདེད་བཏང་། དེའི་གཞུག་གི་ལོ་འགའི་ནང་ཧྥ་རན་སིའི་ཧྥེ་གླིང་གི་མི་སེར་སྤེལ་ཡུལ་ཚོས་གཅིག་རྗེས་གཉིས་མཐུད་དུ་རང་བཙན་ཁྱབ་བསྒྲགས་གནང་། 1962ལོར། ཡུན་རིང་དུ་འཐབ་རྩོད་བརྒྱུད་པའི་ཨར་ཅི་རི་ཡ་ལ་རང་བཙན་ཐོབ། ཏའེ་ཀའོ་ལེས་མི་སེར་སྤེལ་བའི་དབང་སྒྱུར་ཐབས་ཇུས་མཇུག་རྫོགས་པར་བྱས་པ་དེས་མི་སེར་སྤེལ་ཡུལ་གྱི་རང་བཙན་ལ་ཆ་རྐྱེན་བསྐྲུན། ཁོའི་བྱ་སྤྱོད་དེར་བདེན་དོན་གཙོ་སྐྱོང་གནང་བའི་རྒྱལ་ཁབ་དང་མི་དམངས་ཀྱི་རྒྱབ་སྐྱོར་དང་བསྔགས་བརྗོད་ཐོབ། འོན་ཀྱང་མི་སེར་སྤེལ་བའི་རིང་ལུགས་པ་ཚོས་ངོ་རྒོལ་ཐེབས་པ་མ་ཟད་ཁོ་ཚོས་ངོ་ལོག་ཟིང་འཁྲུག་བྱས་ནས་ཏའེ་ཀའོ་ལེ་གསོད་རྩིས་ཀྱི་ལྐོག་གཡོ་ངན་ཇུས་བཅངས། ཁོང་ཐེངས་འགར་སྲོག་ཉེན་དང་འཕྲད།

961ལོའི་ཟླ9པའི་ཚེས9ཉིན་དང1962ལོའི་ཟླ8པའི་ཚེས22ཉིན་སོགས་སུ་ལྐོག་གཡོ་ཅན་དེ་ཚོས་ཁོང་གསོད་རྩིས་ཀྱི་སྟ་གོན་ཞིབ་ཚགས་བྱས་ཀྱང་ཏའེ་ཀའོ་ལེ་ཉེན་ཁ་ནས་ཐར། ཙུང་ཐུང་གི་བདེ་འཇགས་འགན་ལེན་བྱ་ཕྱིར་ནང་སྲིད་པུའུ་ཀྲང་གིས་ཁོ་ལ་མདེའུ་འགོག་རླངས་འཁོར་ཞིག་ཆེད་དུ་ཉོས། འོན་ཀྱང་ཏའེ་ཀའོ་ལེས་རླངས་འཁོར་དེ་ཨ་མེ་རི་ཀའི་རླངས་འཁོར་ཞིག་ཡིན་པ་ཤེས་རྗེས་དེའི་ནང་བཞུགས་པའི་འཐད་མོས་མ་བྱུང་། ཁོང་ནི་ཧྥ་རན་སིའི་ཙུང་ཐུང་ཡིན་ཕྱིར་ཧྥ་རན་སི་རང་གིས་བཟོས་པའི་རླངས་འཁོར་དུ་འདུག་དགོས།

9 ཙུང་ཐུང་གི་སྤྱོད་ཚུལ།

ཏའེ་ཀའོ་ལེ་ཙུང་ཐུང་གི་འགན་ཁུར་སྐབས་དགུང་ལོ70ཡས་མས་སུ་ཟིན་པའི་རྒན་པོ་ཞིག་ཡིན། འོན་ཀྱང་ཁོའི་སེམས་ཤུགས་དང་གཟབ་ནན་གྱི་ཚུལ་འདི་དག་གིས་ཁོ་ནི་ན་ཆུང་ཞིང་གསོན་ཉམས་དོད་པའི་མི་ཞིག་ཡིན་པའི་སྣང་བ་སྟེར། ཁོང་གིས་ཉིན་རེར་ཆུ་ཚོད་བཅུ་ལྷག་གིས་ལས་དོན་སྒྲུབ་ཀྱིན་ཡོད་པས་ངལ་གསོ་བའི་དུས་ཚོད་ཧ་ཅང་ཉུང་། ཁྲོམ་དང་ཟ་ཁང་དུ་འགྲོ་བའི་ཁོམ་པ་ནི་དེ་བས་ཀྱང་མེད། ཁོང་གིས་མི་ཕལ་བ་དང་ཐུག་འཕྲད་བྱེད་པར་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད། ནམ་རྒྱུན་ཙུང་ཐུང་ཕོ་བྲང་དུ་དུས་སྟོན་ནམ་ལྷན་འཛོམས་ཀྱིས་ལོ་གསར་རྟེན་འབྲེལ་ཞུ་སྐབས་ཁོང་གིས་ལས་སྒྲུབ་པ་ཐམས་ཅད་ཞུགས་དགོས་པ་གསུང་གི་ཡོད། དེའི་ནང་གནས་སྐབས་བཟོ་པའང་འདུས་ཡོད། ཐམས་ཅད་འཛོམས་རྗེས་ཁོང་གིས་རེ་རེ་བཞིན་ཕྱག་གཏོང་གནང་། ཐེངས་ཤིག་ཁོང་གིས་ཁྲོ་ཐབ་འབུད་པའི་བཟོ་པ་ཞིག་མ་ཡོང་བ་ཤེས་ནས་དེ་ཉིད་འབོད་དུ་མངགས། བཟོ་པ་ཐོན་རྗེས་ཁོང་གིས་ཁོ་དང་ཕྱག་གཏོང་གནང་ཞིང་གསུང་གླེང་གནང་སྟེ་རྟེན་འབྲེལ་ཞུས། ཡང་ཐེངས་ཤིག་ཏའེ་ཀའོ་ལེ་གཟིགས་ཞིབ་ཏུ་ཕེབས་སྐབས་ལམ་བར་གྱི་གྲོང་རྡལ་ཞིག་ནས་ངལ་གསོ་བྱས་ཏེ་ལམ་དུ་ཆས་སྐབས། སྔོན་ཆད་འགོག་རྒོལ་ལས་འགུལ་དུ་ཞུགས་པའི་རྒན་པོ་ཞིག་གིས་ཚ་བོ་ཁྲིད་དེ་ལམ་ཐག་རིང་བོ་བརྒྱུད་ནས་ཁོ་དང་མཇལ་བར་འོང་བ་སྐུ་བཅར་དམག་དཔོན་ཞིག་གིས་ཞུས། ཏའེ་ཀའོ་ལེ་མྱུར་དུ་རླངས་འཁོར་ནས་བབས་ཏེ་དམག་མི་རྒན་པོ་དེ་དང་མཇལ་འཕྲད་གནང་ཞིང་གསུང་གླེང་མཛད། ཏའེ་ཀའོ་ལེས་ད་དུང་སྤྱི་དམངས་དང་འཕྲིན་གཏོང་འབྲེལ་བ་བྱེད་པར་ཧ་ཅང་མཐོང་ཆེན་བྱེད། ཁོང་གིས་སྔར་བྱུང་མ་མྱོང་བའི་ཟིན་ཐོ་ཞིག་བཀོད་ཡོད་དེ། གཟའ་འཁོར་གཅིག་གི་ནང་མང་ཚོགས་ཀྱི་འཕྲིན་ཡིག་ཁྲི21འབྱོར། ཁོང་གིས་ལོ་གཅིག་ལ་ཆོག་མཆན་བཀོད་ནས་མང་ཚོགས་ལ་འཕྲིན་ལན2000དང་ཁོང་གིས་སྐུ་དངོས་སུ་བྲིས་པ་རྣམས་བསྣན་ན་ལོ་རེར་ཁྲི་གཅིག་ལ་སླེབས་ཤིང་ཆ་སྙོམས་ཉིན་རེར་འཕྲིན30བྲིས་ཡོད། ཏའེ་ཀའོ་ལེས་ཙུང་ཐུང་བཟུང་ཕྱིན་ཁོང་གིས་ཁྱིམ་མི་ཚོའི་འགྲོ་འདུག་ལ་ཡིད་གཟབ་ལྷག་པར་བྱེད། མི་མང་འཛོམས་སར་གང་བྱུང་དུ་མི་འགྲོ་ཞིང་གཏམ་སྤྱོད་ཀྱིས་ཙུང་ཐུང་ལ་རྙོག་དྲ་བཟོ་བར་འཛེམས་བཞིན་ཡོད། དེའི་ཕྱིར་གསར་འགོད་པས་ཙུང་ཐུང་གི་ཁྱིམ་མི་ཚོ་པར་རྒྱག་པར་ཤིན་ཏུ་དཀའ། ཐེངས་ཤིག་གསར་འགོད་པ་ཞིག་གིས་ཏའེ་ཀའོ་ལེའི་ཚ་བུ་ཞ་ཨུར་ཆུང་བ་པར་རྒྱག་པའི་གོ་སྐབས་འགྲིག པར་ངོས་ཀྱི་ཞ་ཨུར་ཆུང་བ་གླུ་བ་གྲགས་ཅན་ཞིག་དང་མཉམ་དུ་ཁཱ་ཧྥེ་འཐུང་སྟེགས་སུ་བསྡད་འདུག ཏའེ་ཀའོ་ལེས་ཚགས་པར་ངོས་ནས་འདྲ་པར་དེ་མཐོང་རྗེས་ཁོང་ཁྲོ་ལངས་ཏེ་ཞ་ཨུར་ཆུང་བ་ཙུང་ཐུང་ཕོ་བྲང་དུ་བོས་ནས་བཀའ་བཀྱོན་ནན་པོ་གནང་།

10 རང་གཤིས་ཁྱད་དུ་ཐོན་པའི་མི།

ཏའེ་ཀའོ་ལེ་ནི་རང་གཤིས་ཁྱད་དུ་ཐོན་པའི་མི་ཞིག་རེད། ཁྱད་པར་དུ་ཧྥ་རན་སིའི་རང་བཙན་དང་ལ་རྒྱ་སྲུང་སྐྱོང་གི་ཐད་ནས་མི་སུའང་མགོ་མི་སྒུར། ལོ་རབས60ནང་། ཨ་རི་དང་དབྱིན་ཇི། སུའུ་ལེན་གསུམ་ལ་རྡུལ་ཕྲན་མཚོན་ཆ་ཡོད་པས། རྟག་པར་རྒྱལ་ཁབ་གཞན་ལ་འཇིགས་སློང་གི་ཡོད། དེ་བཞིན་ཧྥ་རན་སིའང་མིག་ནང་དུ་འཇོག་གི་མེད། ཏའེ་ཀའོ་ལེས་ཧྥ་རན་སིའི་རང་བཙན་སྲུང་སྐྱོང་དང་ཨ་རིའི་དབང་འོག་ཏུ་མི་ཚུད་ཆེད་དོན་དག་ཡོད་ཚད་ཨ་རིའི་རྗེས་སུ་མི་འབྲང་བའི་སེམས་ཐག་བཅད་དེ་རྒྱལ་སྤྱིའི་ལས་དོན་ཁྲོད་རང་གི་སྲིད་ཇུས་དང་འདོད་ཚུལ་རྒྱུན་འཁྱོངས་མཛད། ཧྥ་རན་སི་དང་འཇར་མན་སོགས་ཀྱི་ཡོ་རོབ་ཐུན་མོང་ཚོགས་པ་རྩ་འཛུགས་བྱས་ཏེ་སྟོབས་ཤུགས་ཆེ་རུ་སོང་། དབྱིན་ཇིས་ཀྱང་དེར་ཞུགས་པའི་རེ་བ་བཏོན་ཀྱང་ཏའེ་ཀའོ་ལེ་འཐད་མོས་མ་བྱུང་བར་ཐེངས་འགར་དབྱིན་ཇིའི་རེ་འདུན་ཁས་ལེན་མ་བྱས། 1959ལོ་ཏའེ་ཀའོ་ལེས་ནུབ་ཆེན་རྒྱ་མཚོ་བྱང་མའི་སྤྱི་ཆིངས་རྩ་འཛུགས་ཁྲོད་ནས་ཧྥ་དམག་ཕྱིར་འཐེན་པའི་ཁྱབ་བསྒྲགས་གནང་། ཕྱིས་སུ་ཨ་རིས་ཧྥ་རན་སིར་ཉིང་རྡུལ་མདའ་མགོ་འཇོག་པ་དང་འཕུར་མདའི་མ་སྒར་འཛུགས་པ་དང་ལེན་མ་བྱས། 1966ལོའི་ཟླ3པར་ཧྥ་རན་སི་བྱང་ཆིངས་དམག་དོན་ཕུང་གཅིག་ཅན་རྩ་འཛུགས་ལས་ཕྱིར་འབུད་པའི་ཁྱབ་བསྒྲགས་གནང་། འདི་དག་གིས་ཕན་ནུས་ལྡན་པའི་ངང་ནས་ཧྥ་རན་སིའི་རང་བཙན་གྱི་རྣམ་པ་སྲུང་སྐྱོང་མཛད།

ཀྲུང་གོ་གསར་བ་དབུ་བརྙེས་རྗེས། ཧྥ་རན་སི་ཨ་རིའི་རྗེས་འབྲངས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁས་མ་ལེན། ཏའེ་ཀའོ་ལེས་ཙུང་ཐུང་བཟུང་ཕྱིན་ཀྲུང་གོ་གསར་བ་དཔྱིད་དཔལ་རྒྱས་པ་བཞིན་དར་ནས་སྣང་ཆུང་བྱེད་མི་རུང་བའི་སྟོབས་ཤུགས་ཤིག་ཏུ་འགྱུར་བ་མཐོང་ནས། ཀྲུང་གོ་གསར་བ་གནས་པ་རྩིས་མཐོང་མི་བྱེད་པ་ནི་ནོར་འཁྲུལ་རེད་སྙམ། 1964ལོའི་ཟླ་དང་པོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཕྱོགས་གཉིས་ཐེངས་དང་པོའི་འབྲེལ་གཏུག་བརྒྱུད་རྗེས་ཏའེ་ཀའོ་ལེ་སྲིད་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁས་ལེན་པ་ཁྱབ་བསྒྲགས་གནང་བ་དང་ལྷན་དུ་གཞུང་ཚབ་རིམ་པའི་ཕྱི་འབྲེལ་བཙུགས་ཤིང་ཐེ་ཝན་དཔོན་ཕྱོགས་ཀྱི་འབྲེལ་བ་བཅད། ཧྥ་རན་སི་ནི་ནུབ་ཕྱོགས་རྒྱལ་ཁབ་ཆེ་གྲས་ཁྲོད་ཐོག་དང་པོར་ཀྲུང་གོ་དང་དངོས་སུ་འབྲེལ་བ་བཙུགས་པའི་རྒྱལ་ཁབ་ཡིན། འོན་ཀྱང་ཏའེ་ཀའོ་ལེས་སྲིད་དབང་འཛིན་སྐབས་རྒྱལ་ནང་གི་དཔལ་འབྱོར་ལ་ཉམས་སྣང་བྱས་པ་ཅུང་ཉུང་བས་དཔལ་འབྱོར་ཉམས་རྒུད་ཐེབས་ཏེ་ལས་ཤོར་མི་གྲངས་མང་དུ་སོང་ནས་མི་དམངས་མི་དགའ་བར་གྱུར། 1968ལོ་བཟོ་ལས་པ་དང་སློབ་མ་མང་པོས་ཁྲོམ་སྐོར་བྱས་ནས་ཏའེ་ཀའོ་ལེ་སྲིད་སྟེགས་ནས་འབབ་པའི་རེ་བ་བཏོན། ཏའེ་ཀའོ་ལེས་མི་དགའ་བའི་འདོད་ཚུལ་ལྷོད་འཇགས་སུ་གཏོང་ཆེད་སྒྱུར་བཅོས་བྱེད་པའི་སེམས་ཐག་བཅད་ཅིང་སྒྱུར་བཅོས་འཆར་གཞི་བཏོན། 1969ལོའི་ཟླ4པའི་ཚེས27ཉིན་ཧྥ་རན་སིའི་སྤྱི་དམངས་ཀྱིས་ཏའེ་ཀའོ་ལེས་སྒྱུར་བཅོས་འཆར་གཞི་ལ་འདེམ་ཤོག་འཕེན་སྐབས་བརྒྱ་ཆའི53ཡིས་མོས་མཐུན་མེད་པའི་འདེམ་ཤོག་འཕང་། ཚེས28ཉིན་ཏའེ་ཀའོ་ལེས་རང་གི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་འཁུར་མཚམས་དེ་ཉིན་གུང་ཆུ་ཚོད12ནས་བཞག་རྒྱུའི་ཁྱབ་བསྒྲགས་མཛད། གྱེས་ཁའི་མཛད་སྒོའང་མ་སྤེལ། ཁོང་གི་ཅ་ག་ཐམས་ཅད་རླངས་འཁོར་ཆུང་ཆུང་ཙམ་ལས་མེད། ལས་ཁུར་དགོངས་ཞུ་མཛད་ཕྱིན་ཁོང་གིས་མི་སེར་དཀྱུས་མའི་འཚོ་བ་རོལ། ཁོང་གིས་ལས་བཞག་ཙུང་ཐུང་གླ་ཕོགས་དང་འདུག་ཁང་སོགས་ལོངས་སུ་མ་སྤྱད་ཅིང་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་གདན་ཐོབ་ཀྱང་དང་ལེན་མ་བྱས་པར་རང་གི་ཕ་ཡུལ་ནས་ཕྱིར་དྲན་ཟིན་ཐོ་བྲིས་ནས་བསྡད། ཁོང་གི་ལོ་མང་མ་འགྲུབ་པའི་རེ་སྨོན་ནི་ཀྲུང་གོར་འཚམས་འདྲིར་འོང་ནས་གནའ་བོའི་ལོ་རྒྱུས་རིང་ཞིང་མཛེས་སྡུག་ལྡན་པའི་རྒྱལ་ཁབ་འདིར་དངོས་སུ་བལྟ་འདོད་པ་དེ་ཡིན། 1970ལོར་ཀྲུང་གོར་འཚམས་འདྲིར་ཕེབས་པའི་བཀོད་སྒྲིག་མཛད་མོད། སྟབས་མ་ལེགས་པ་ཞིག་ལ་ལོ་དེའི་ཟླ11པའི་ཚེས9ཉིན། ཁོང་གི་སྙིང་ནད་གློ་བུར་དུ་འཕར་ཏེ་སྐུ་གཤེགས་པས་སྨོན་འདུན་མངོན་འགྱུར་མ་ཐུབ། ཁོང་གི་ཞལ་ཆེམས་སུ་བྲིས་དོན། ཤི་ཕྱིན་སྤྱི་སྒྲུབ་འདས་མཆོད་གང་ཡང་མཛད་མི་དགོས་ལ་རྒྱལ་ཁབ་རིམ་པའི་འདས་མཇུག་ཀྱང་མཛད་མི་དགོས། མཛད་སྒོ་སྟབས་བདེ་བྱས་ལ་གཏམ་བཤད་སྤེལ་མི་དགོས། འཇམ་འཇགས་ངང་དུར་འཇུག་བྱས་ལ་དམག་གི་རོལ་དབྱངས་དང་དམག་དུང་གང་ཡང་འབུད་མི་དགོས། མཚན་སྙན་དང་བྱས་རྗེས་གཟེངས་རྟགས་ཅི་ཡང་གནང་མི་དགོས།

ཏའེ་ཀའོ་ལེའི་དུར་ཕུང་ནི་ཆོས་ཁང་གི་གྲུ་ག་ཆུང་ཆུང་ཞིག་ལས་བཟུང་མེད་ལ་དུར་བྱང་དུ༼ ཞ་ཨེར﹒ཏའེ་ཀའོ་ལེ ༽ཞེས་པའི་ཡིག་འབྲུ་འགའ་ལས་བྲིས་མེད། འོན་ཀྱང་ཏའེ་ཀའོ་ལེའི་མཛད་རྗེས་མི་ཚོས་ནམ་ཡང་བརྗེད་པར་མི་འགྱུར། རྗེས་སུ་ཧྥ་རན་སིའི་རྣམ་རྒྱལ་སྒོ་ཆེན་ཡོད་པའི་སྐར་དབྱིབས་ཐང་ཆེན་དེ༼ ཞ་ཨེར﹒ཏའེ་ཀའོ་ལེ་ཐང་ཆེན༽ ཞེས་པའི་མིང་དུ་བསྒྱུར་རོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:4  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-08-15

གསར་སྤེལ་མཁན། :user126

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།