རོང་བོ་གྲྭ་ཚང་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་།སྔ་མའི་པར་གཞི་དེ མཐོ་སྒང་གི་མེལ་ཚེ།  ནས 2019-03-01 08:59ལ་འགྲུབ།

རོང་བོ་གྲྭ་ཚང་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་།

རོང་བོ་གྲྭ་ཚང་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་།
རོང་བོ་གྲྭ་ཚང་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་ནི། སྤྱི་ལོ1630ལོར་ཡབ་རྗེ་བླ་མ་ཤར་སྐལ་ལྡན་རྒྱ་མཚོས་ལྷ་དང་བླ་མའི་ལུང་བསྟན་ལྟར་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་དུ་སྔོན་སྟོན་པ་ཤཱཀྱ་ཐུབ་པས་རྒྱ་གར་ཡུལ་ཝཱ་ར་ན་སིར་འཁོར་ལྔ་སྡེ་བཟང་པོ་ལ་ཐོག་མར་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན། བོད་ཟླ་དྲུག་པའི་ཆུ་སྟོད་ཟླ་བའི་ཚེས་བཞི་ཉིན་ཁོང་གི་ཐུགས་སྲས་རྒྱལ་ཚབ་བློ་བཟང་ཆོས་དང་། གཡུ་རྔོག་བསམ་གཏན་རྒྱ་མཚོ། སྒོ་མར་གྲུབ་ཆེན་བློ་བཟང་ཆོས་དར་སོགས་བློ་གསལ་རྣམ་པ་ལྔ་ཐོག་མར་བརྩི་བཞག་གནང་སྟེ་རོང་བོ་གྲྭ་ཚང་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་ཕྱག་འདེབས་མཛད།
གཞི་རྩའི་གནས་ཚུལ།

བོད་ཡིག་མཚན།
རོང་བོ་གྲྭ་ཚང་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་།
དབྱིན་ཡིག་གི་མཚན།
Rongwo Dialectical Collge (Rongwo Dratsang)
རྒྱ་ཡིག་གི་མཚན།
隆务扎仓闻思尊胜州
ཁོངས་གཏོགས་དགོན་པ།
རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་།
གྲུབ་མཐའ།
དགེ་ལུགས་པ།
ཚུགས་དུས།
སྤྱི་ལོ1630ལོའི་ཆུ་སྟོད་ཟླ་བའི་ཚེས་བཞི་ཉིན།
ཆགས་ཡུལ།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་རོང་བོ་གྲོང་བརྡལ།
1 ཐོས་བསམ་གླིང་བཏབ་ཚུལ།

.jpg

གྲྭ་ཚང་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་ནི། སྤྱི་ལོ1630ལོར་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོས་ལྷ་དང་བླ་མའི་ལུང་བསྟན་ལྟར་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་དུ་སྔོན་སྟོན་པ་ཤཱཀྱ་ཐུབ་པས་རྒྱ་གར་ཡུལ་ཝཱ་ར་ན་སིར་འཁོར་ལྔ་སྡེ་བཟང་བོ་ལ་ཐོག་མར་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན། བོད་ཟླ་དྲུག་པའི[ཆུ་སྟོད་ཟླ་བ]ཚེས་བཞི་ཉིན་ཁོང་གི་ཐུགས་སྲས་རྒྱལ་ཚབ་བློ་བཟང་ཆོས་གྲགས་དང་། གཡུ་རྔོག་བསམ་གཏན་རྒྱ་མཚོ། སྒོ་དམར་གྲུབ་ཆེན་བློ་བཟང་ཆོས་དར་སོགས་བློ་གསལ་རྣམ་པ་ལྔ་ལ་ཐོག་མར་བརྩི་བཞག་གནང་སྟེ་རོང་བོ་གྲྭ་ཚང་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་ཕྱག་འདེབས་མཛད། གྲུབ་མཐའ་དགེ་ལུགས་པ་ཡིན། འཆད་ཉན་གྱི་ཡིག་ཆ་དང་། འདོན་ཆོས་དབྱངས་རྟ། ཆོ་ག་ཕྱག་ལེན་ཕལ་ཆེ་བ་དགའ་ལྡན་བྱང་རྩེ་གྲྭ་ཚང་དང་སྒོ་བསྟུན་པ་དང་། གྲྭ་ཚང་འདིར་རབ་ཏུ་འབྱུང་ངེས་ཀྱི་ལོ་ཚད་མ་ལོན་དང་། དགེ་བསྙེན། རབ་བྱུང་དགེ་ཚུལ་གྱི་སྡོམ་ཁྲིམས་ལ་མ་གནས་པར་ཚོགས་གྲལ་དུ་ཞུགས་མི་ཆོག་པ་དང་། ཞུགས་ནས་ཀྱང་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཡི་གེ་འབྲི་ཀློག་ནས་བཟུང་སྟེ་རིག་པའི་གནས་མཐའ་དག་ལ་སྦྱོང་དགོས་ཤིང་། མགོ་སྐྱབས་འགྲོ་ནས་བརྩམས་པའི་རྒྱུགས་བརྩི་བཞག་འགྲིག་ལམ་ཀུན་སྤྱོད་བཅའ་ཡིག་ཆེན་མོའི་དགོངས་པ་ཟུར་ཙམ་ཡང་མི་འགལ་བ་གཞིར་བྱས་ནས། གཞུང་ཆེན་བཀའ་པོད་ལྔ་དང་། ཁྱད་པར་དབུ་ཕར་ལ་རྐང་བཙུགས་ནས་སློབ་གཉེར་བྱེད་པ་དང་། འཆད་རྩོད་རྩོམ་གསུམ་མཐའ་དག་རང་རྒྱུད་ལ་འཁྱེར་ཐུབ་པ་བྱ་དགོས་པ་སོགས་ཀྱི་སྒྲིག་སྲོལ་གསར་དུ་བཙུགས། སྤྱི་ལོ1644ལོར་གྲུབ་ཆེན་ཆོས་པ་རིན་པོ་ཆེའི་བཀའ་ལྟར་གྲྭ་ཚང་འདུ་ཁང་རྟེན་བརྟེན་པ་གསར་བཞེངས་མཛད་པ་སོགས་ཆོས་སྲིད་གཉིས་ཀའི་སྟེང་ནས་བདག་སྐྱོང་གནང་། དེ་ནས་བཟུང་གྲྭ་ཚང་རང་གི་གདན་ས་པ་དང་། བླ་མ་དགེ་བཤེས་རྣམས་ཀྱིས་ལུགས་གཉིས་ཀྱི་སྒོ་ནས་སྐྱོང་ཁུར་གནང་བ་ལ་བརྟེན་ནས། གཞུང་ཆེན་བཀའ་པོད་ལྔ་ལ་འཆད་ཉན་བྱེད་པའི་འཛིན་གྲྭ། བསྡུས་ཆུང་དང་། བསྡུས་འབྲིང་། བསྡུས་ཆེན། རྣམ་འགྲེལ་ཞོལ་མ། ཕར་ཕྱིན་སྐབས་དང་པོ། སྐབས་གཉིས་པ། སྐབས་བཞི་བ། རྣམ་འགྲེལ་གོང་མ། དབུ་མ། མཛོད། འདུལ་བ་སྟེ། འཛིན་གྲྭ་བཅུ་གཅིག་བཙུགས་པ་དང་། འཛིན་གྲྭ་རེར་ལོ་གསུམ་རེ་འཛིན་གྲྭ་རྫོགས་པའི་བར་ལ་ལོ་ངོ་སུམ་ཅུ་སོ་གསུམ་ལྷག་ངེས་པར་འགྲོ་དགོས་པའི་འཆད་ཉན་བྱེད་པའི་སྲོལ་བཟང་བོ་གཏན་ཆགས་སུ་གྱུར། གདན་ས་པའི་ཐོག་མ་ཡབ་རྗེ་སྐལ་ལྡན་རྒྱ་མཚོ་ནས་བཟུང་ད་ལྟའི་བར་གདན་ས་པ་བདུན་ཅུ་དོན་བརྒྱད་སོང་།  

སྤྱི་ལོ1958ལོའི་ཡར་སྔོན་དུ་གྲྭ་ཚང་འདིར་འདུ་ཁང་ཆེན་མོ་དང་། ས་འཛིན་འཇམ་དབྱངས་ཀུན་གཟིགས་ལྷ་ཁང་། ཇོ་ཁང་། སྟོང་སྐུའི་ལྷ་ཁང་། མགོན་ཁང་། པར་ཁང་། ནང་ཆེན་སུམ་ཅུ་ལྷག གྲྭ་ཤག་ཉིས་བརྒྱ་ལྷག བླ་སྤྲུལ་བཞི་ཅུ་ཙམ་དང་དགེ་འདུན་པ་ཆིག་སྟོང་ལྷག་བཞུགས་པ་མ་ཟད། དེའི་ནང་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པའང་མང་པོ་བཞུགས། སྤྱི་ལོ1958ལོའི་གོད་ཆག་དང་རིག་གསར་གྱི་རླུང་འཚུབ་ཁྲོད་འདུ་ཁང་དང་། པར་ཁང་། ནང་ཆེན་དང་གྲྭ་ཤག་རེ་ཟུང་བཅས་ཀྱི་ཁང་རོ་ཙམ་མ་གཏོགས་རྟེན་གསུམ་གྱི་སྐོར་ཐམས་ཅད་མེད་བརླགས་སུ་བཏང་བ་མ་ཟད། དགོན་ཤུལ་ད་ལྟའི་རྨ་ལྷོ་ཁུལ་གྱི་ལས་ཁུངས་ཁག་དང་ལས་བྱེད་པའི་སྡོད་གནས་སུ་བསྒྱུར། སྤྱི་ལོ1980ལོར་ཡང་བསྐྱར་ཆོས་ལུགས་སླར་གསོ་བྱས་པ་ནས་སྤྱི་ལོ1985ལོའི་བར་དུ་གྲྭ་ཚང་ཐོས་བསམ་གླིང་གི་ཆོས་ཐོག་དང་ཆོས་གྲྭའི་རྩོད་པ་སོགས་ཚོགས་ཆེན་ནས་སྔར་སྲོལ་ལྟར་བསྐྱར་འཛུགས་གནང་སྟེ་འཆད་ཉན་སྤེལ། སྤྱི་ལོ1983ལོར་རྫོང་ཆུང་སྐུ་ཕྲེང་དྲུག་པ་འཇིགས་མེད་མཁས་བཙུན་ལུང་རིགས་རྒྱ་མཚོ་དང་། ཁ་སོ་སྐུ་ཕྲེང་བདུན་པ་བློ་བཟང་འཇིགས་མེད་འཕྲིན་ལས་རྣམ་གཉིས་གཙོས་གདན་སའི་བླ་སྤྲུལ་ཁག་དང་དགེ་བའི་བཤེས་གཉེན་རྣམས་ཀྱི་སྐུ་དྲིན། དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་རྒྱུ་ནོར་གྱི་ཞལ་འདེབས་དང་ངལ་རྩོལ་གྱི་རོགས་རམ། ཁྱད་པར་དུ་གྲྭ་སའི་དགེ་སློང་རྒན་པ་རྣམས་ཀྱིས་མ་བསྐུལ་དང་བླངས་ཀྱི་སྒོ་ནས་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་པ་བཅས་ལ་བརྟེན་ནས། རིག་གསར་སྐབས་ཉམས་རྒུད་ཏུ་སོང་བའི་འདུ་ཁང་ཞིག་གསོ་དང་། ནང་རྟེན་རྙིང་བ་སླར་བསྡུ་དང་མེད་པ་བསྐྱར་བཞེངས་ཀྱི་ལས་འགོ་བརྩམས་ཏེ་སྤྱི་ལོ1985ལོར་འདུ་ཁང་རྟེན་དང་བརྟེན་པ་ལེགས་གྲུབ་བྱུང་། ལོ་དེའི་ལྷ་བབས་དུས་ཆེན་ཉིན་ཆོས་སྟོན་དང་འབྲེལ་ཆོས་ཀྱི་སྒོ་འཕར་རྒྱ་ཆེར་ཕྱེས་ཏེ་སྔར་སྲོལ་ལྟར་ཆོ་ག་ཕྱག་ལེན་དང་། ཆོས་འཆད་ཉན། ཐོས་བསམ་སྒོམ་གསུམ་སོགས་རྣམ་དཀར་ཆོས་ལྡན་གྱི་བྱ་བ་མཐའ་དག་རྒྱུན་འཁྱོངས་བྱས། དེ་ནས་བཟུང་གཞི་གསུམ་གྱི་ཕྱག་ལེན་གཙོས་ཚོགས་ཆོས་ཐོག་དང་ཆོས་གྲྭའི་རྩོད་པ་རྣམས་གཏན་ཆགས་སུ་གྱུར་བ་མ་ཟད། རྟེན་བཞེངས་ཀྱི་སྐོར་མང་པོ་ལེགས་གྲུབ་བྱུང་བ་དང་། རྒྱུན་བཞུགས་ཀྱི་བླ་སྤྲུལ་དང་དགེ་འདུན་པ་ཡང་མང་པོ་འདུས། ད་ལྟ་གྲྭ་ཚང་འདིར་འདུ་ཁང་ཆེན་མོ་དང་། འཇམ་དབྱངས་ཀུན་གཟིགས་སྟོང་སྐུའི་ལྷ་ཁང་། ཇོ་ཁང་། ལྷ་ཁང་སོ་མ།  འཇམ་དབྱངས་ཀུན་གཟིགས་ལྷ་ཁང་། དོན་ཡོད་ཞགས་པའི་ལྷ་ཁང་། ལྷ་མོའི་མགོན་ཁང་། པར་ཁང་། ནང་ཆེན་ཉི་ཤུ་ལྷག གྲྭ་ཤག་ཉིས་བརྒྱ་ལྷག བླ་སྤྲུལ་བཅོ་ལྔ་ཙམ་དང་དགེ་འདུན་པ་ལྔ་བརྒྱ་ལྷག་བཞུགས།

2  གདན་རབས།

གདན་རབས་དང་པོ་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོ་ནི། སྤྱི་ལོ1607ལོར་རོང་ཆེན་ལྷ་རྗེའི་རྒྱུད་དུ་གྲུབ་ཆེན་ཆོས་པ་རིན་པོ་ཆེ་དང་ཡུམ་མི་གཅིག་པའི་སྐུ་མཆེད་དུ། ཡབ་རོང་བོ་མཁར་འབུམ་རྒྱལ་དང་ཡུམ་སྙིང་མོ་དཔལ་གཉིས་ཀྱི་སྲས་སུ་སྐུ་བལྟམས། གཞོན་དུས་ནས་གྲུབ་ཆེན་ཆོས་པའི་སྐུ་མདུན་དུ་བླངས་ནས་ཡི་གེ་འབྲི་ཀློག་སོགས་རིམ་གྱིས་བསླབས་ཤིང་། མདོ་རྒྱུད་ཀྱི་མན་ངག་བུམ་པ་གང་བྱོའི་ཚུལ་གྱིས་གནང་བས་ཐུགས་རྒྱུད་ལ་བདེ་སྟོང་གི་རྟོགས་པ་ཁྱད་པར་ཅན་འཁྲུངས། དགུང་ལོ་བདུན་པར་གྲུབ་ཆེན་ཆོས་པ་རིན་པོ་ཆེའི་སྤྱན་སྔར་ཡོངས་རྫོགས་དགེ་བསྙེན་དང་། དགུང་ལོ་བཅུ་བར་རབ་བྱུང་བསྒྲུབས་ཏེ་མཚན་ལ་སྐལ་ལྡན་ཚོགས་གཉིས་སུ་གསོལ། དགུང་ལོ་བཅུ་གཅིག་པར་ཁུ་བོ་གྲུབ་ཆེན་ཆོས་པ་དང་ལྷན་དུ་དབུས་གཙང་དུ་ཕེབས། དགའ་ལྡན་དུ་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོར་མཇལ་ཞིང་དགེ་ཚུལ་བསྒྲུབས་པས། ཁོང་གིས་མ་འོངས་པ་ན་སྐལ་ལྡན་གྱི་གདུལ་བྱ་རྒྱ་མཚོ་ལྟ་བུ་འབྱུང་བར་ལུང་བསྟན་ཅིང་མཚན་ལའང་སྐལ་ལྡན་རྒྱ་མཚོར་གསོལ། དེ་ནས་དགུང་ལོ་ཉེར་གཅིག་བར་དུ་འཇམ་དབྱངས་བླ་མ་ཚུལ་ཁྲིམས་ཆོས་འཕེལ་དང་། གཙང་བ་བཀའ་ཆེན་བློ་གྲོས་རྣམ་རྒྱལ། རྒྱལ་རོང་བ་བསྟན་པ་དར་རྒྱས་སོགས་བླ་མར་བསྟེན་ཏེ་བསྡུས་གྲྭ་ནས་བཟུང་གཞུང་ཆེན་རྣམས་ལ་ཞིབ་ཏུ་སྦྱངས། གསང་ཕུར་དཀའ་བཅུའི་གྲྭ་སྐོར་མཛད་པས་རོང་བོ་དཀའ་བཅུ་པ་ཞེས་མཚན་སྙན་གྱི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ་པ་བྱུང་། པཎ་ཆེན་བློ་བཟང་ཆོས་རྒྱན་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་གཅིག་སྟེང་ཕྱིར་རང་ཡུལ་རེབ་གོང་གི་ཕྱོགས་སུ་ཕེབས། གྲུབ་ཆེན་ཆོས་པ་རིན་པོ་ཆེ་དང་། ཀོའུ་བ་ཆོས་རྒྱ་མཚོ། སྡེ་བ་ཆོས་རྗེ་བསྟན་འཛིན་བློ་བཟང་རྒྱ་མཚོ་སོགས་བསྟེན་ཏེ་རྡོ་རྗེ་ཐེག་པ་སྤྱི་དང་། ཁྱད་པར་དུ་བླ་མེད་ལ་སྦྱངས་པ་རྒྱ་ཆེར་མཛད། རེབ་གོང་གི་གྲུབ་པའི་གནས་ཆེན་བརྒྱད་དང་། ཏན་ཏིག་ཡང་ཏིག སྟག་ཚང་ལྷ་མོ། མཛོད་དགེ ཁ་གྱ་ཚོ་དྲུག་སོགས་དབེན་གནས་བརྒྱ་ཕྲག་མང་པོར་འགྲིམས་པའི་དབུ་བརྩམས་ཤིང་། སྐུ་ཚེ་གང་བོར་མང་ཆེར་ཐུན་དྲུག་ཐུན་བཞིའི་རྣལ་འབྱོར་ལ་ཆུ་བོའི་རྒྱུན་བཞིན་དུ་གཞོལ། དགུང་ལོ་ཉེར་བཞི་བཞེས་པ་སྤྱི་ལོ1630ལོར་ལྷ་དང་བླ་མས་ཡང་ཡང་བསྐུལ་བ་ལྟར། རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་དུ་གྲྭ་ཚང་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་གསར་འཛུགས་གནང་སྟེ་འཁོར་ལོ་གསུམ་གྱི་སྒོ་ནས་ཚུལ་བཞིན་བསྐྱངས། དགུང་ལོ་སོ་ལྔ་ནས་འཆད་ཉན་གྱི་ཁུར་བློན་ཆོས་བློ་བཟང་ཆོས་གྲགས་ལ་གནང་སྟེ། གར་ཕེབས་གར་བཞུགས་ཀྱི་གཏམ་ཙམ་ཡང་ཐོས་དཀའ་བའི་ཚུལ་གྱིས་བཅུད་ལེན་དང་གཏུམ་མོའི་རྣལ་འབྱོར་ཁོ་ནར་བརྟེན་ཏེ་བཞུགས། འབྲུ་གུ་ཆུང་རྡོ་ཁང་དུ་བྱང་ཆུབ་ཀྱི་སེམས་དང་། བཀྲ་ཤིས་འཁྱིལ་ཤར་རབ་དགར་ཀླུ་སྒྲུབ་ཀྱི་དགོངས་པ་མཐར་ཐུག་མངོན་སུམ་དུ་གཟིགས་ཏེ་ས་དང་པོ་རབ་ཏུ་དགའ་བ་མངོན་དུ་བྱས། དགུང་ལོ་ཞེ་གཅིག་པར་མཁར་གོང་སྒྱེད་གསུམ་དུ་བླ་མེད་རྡོ་རྗེ་ཐེག་པའི་རྒྱུད་དོན་མ་ལུས་པ་ཡོངས་སུ་རྫོགས་པའི་རྡོ་རྗེའི་གླུ་བདེ་བ་བཅུ་བདུན་མ་མཛད་པའི་སྒོ་ནས་རྫོགས་རིམ་གྱི་རྟོགས་པ་མཐོན་པོའི་གདེང་ཚད་མངོན་དུ་གྱུར་བའི་མཛད་པ་བསྟན། འཁོར་ལོ་གསུམ་གྱི་མཛད་བཟང་རྣམ་པར་རྒྱས་ཤིང་བསླབ་གསུམ་རིམ་གཉིས་ཀྱི་ཏིང་ངེ་འཛིན་དང་། གཟུངས་སྤོབས་མངོན་ཤེས་སོགས་ཀྱི་སྒོ་མཐའ་ཡས་པ་ལ་འཇུག་ལྡང་གནང་བས། ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཚེ་གཅིག་ལུས་གཅིག་ལ་མངོན་དུ་བྱས་པའི་ཚུལ་བསྟན། ཁོང་གི་ཞལ་ནས་ཀྱང་། ང་མི་ལ་རས་པ་གཉིས་པའི་བུ། །བློ་ཆོས་སོང་ཆོས་ཀྱང་ལམ་དུ་སོང་། །རྐྱེན་བར་ཆད་མེད་པར་བསམ་དོན་གྲུབ། །འདི་བསམ་ན་བླ་མའི་དྲིན་དུ་གདའ། །ཞེས་གསུངས། སངས་རྒྱས་བྱང་སེམས་མང་པོས་ཞལ་གཟིགས་ཤིང་གསུང་བྱོན་པ་སོགས་ཤིན་ཏུ་མང་། འདིར་དཔེར་མཚོན་ཙམ་བརྗོད་ན། མགོན་པོ་ཀླུ་སྒྲུབ་ཀྱི་ཞལ་གཟིགས་པའི་སྒོ་ནས་གསུང་བྱོན་པ་ནི། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི། །བརྗོད་བྱ་གཅེས་པའི་མཆོག་གྱུར་པ། །སྟོང་ཉིད་སྙིང་རྗེའི་སྙིང་བོ་ཅན། ཁྱོད་ཀྱིས་ཟུངས་ལ་གཞན་དོན་མཛོད། །ཅེས་དང་། རྗེ་བླ་མ་ཙོང་ཁ་པས་ཞལ་གཟིགས་ཏེ། ཚོགས་གཉིས་སྐལ་བར་ལྡན་པའི་མིས། །སྔར་ཡང་བསྟན་འགྲོའི་དོན་ཆེན་བསྒྲུབས། །ཅེས་དང་། བཀྲ་ཤིས་འཁྱིལ་དུ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་ཞལ་གཟིགས་པ། སྒོ་མོའི་ལྷ་བྲག་གི་མདུན་དུ་ཐུགས་རྗེ་ཆེན་པོ་ཁ་སརྦ་ཎི་དང་། ཐུབ་པ་གནས་བཅུས་བསྐོར་བའི་ཞལ་གཟིགས་པ་སོགས་མང་དུ་ཡོད། འཆད་རྩོད་རྩོམ་གསུམ་སོགས་ཀྱི་ཆ་ནས། འཆད་པའི་ཡོན་ཏན་ནི། གསུང་ལས། སྡེ་སྣོད་གསུམ་ལ་སྦྱངས་པ་ཆུང་ཡང་། །སྐྱེས་ཐོབ་ཤེས་རབ་མྱུར་གསལ་ཆེ་བས། །མདོ་སྔགས་གང་འཆད་ཐོགས་པ་མེད་པས། །བཤད་སྒྲུབ་བསྟན་པའི་སྲོག་སྙིང་བཟུང་སྙམ། །ཞེས་དང་། རྩོད་པའི་ཡོན་ཏན་ནི། གསུང་ལས། དཀའ་ཆེན་བཞི་ལ་ཞིབ་སྦྱངས་མེད་ཀྱང་། །གཞན་དང་མཉམ་དུ་བརྒལ་བརྟག་བྱས་ཚེ། །མ་རྟོགས་ལོག་རྟོག་ཐེ་ཚོམ་དྲ་བ། །ངམ་ངམ་ཤུགས་ཀྱིས་ཆོད་སྣང་ཤར་རོ། །ཞེས་དང་། རྩོམ་པའི་ཡོན་ཏན་ནི། ལེགས་བཤད་གང་བརྩམས་ཀྱང་སྤྲོས་བཤད་ཀྱིས་མི་སྒྲིབ་པར་དོན་གྱི་སྙིང་བོ་ཕྱུང་ནས་གནད་དོན་མཐའ་དག་རྗེན་པར་སྟོན་ཅིང་། ཞིབ་ཆ་ཆེ་བས་ལོ་རྒྱུས་ཕྲ་མོ་རེར་ཡང་མཁས་དབང་ཐམས་ཅད་ཀྱིས་ཚད་མར་བྱེད་པ་ཞིག་ཡིན་པས། ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཞལ་ནས། རྒྱ་གར་ཆུ་བོ་གངྒཱ་ཚུན་ན་མཁས་གྲུབ་གཉིས་ཀ་འཛོམས་པའི་བླ་མ་འདི་ལྟ་བུ་མེད། ངས་ཁོང་གི་གསུང་མགུར་འདི་ཚོ་ན་བཟའ་བཟང་པོས་དྲིལ་ཏེ་སྔས་མགོར་བཞག་ནས་སྐབས་སྐབས་སུ་ལྟ་གིན་ཡོད་ཅིང་མི་ཚོ་ལ་གཡར་བོ་ཡང་བྱེད་ཀི་མེད། འདི་འདྲ་ཡོད་བཞིན་དུ་ཆོས་གཞན་དུ་འཚོལ་མི་རིགས་ཞེས་སོགས་གསུངས། རྒྱལ་དབང་བསྐལ་བཟང་རྒྱ་མཚོས། རོང་བོ་གྲུབ་ཆེན་རིན་པོ་ཆེའི་གསུང་མགུར་ཐམས་ཅད་དང་། ལྟ་མགུར་གྱི་ཚན་ཁག་དེ་གཞན་དང་མི་འདྲ་ཞིང་ཕྱག་ཆེན་དང་ལྟ་ཁྲིད་རེ་ནོད་པ་བྱུང་ན་ལེགས། ཞེས་ཐུགས་སྲས་རོལ་བའི་རྡོ་རྗེ་ལ་གསུང་ཕེབས་པས་ཐུགས་ཕྲོགས་ཏེ། ཐམས་ཅད་མཁྱེན་པ་དེས་ཀྱང་མི་ཉག་བློ་གྲོས་དར་རྒྱས་ཀྱི་དྲུང་ནས་རྗེ་འདི་ལས་བརྒྱུད་པའི་ཕྱག་ཆེན་གྱི་ཁྲིད་གསན་པའི་རྣམ་ཐར་འདུག་ལ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེས། ཆོས་ཀུན་སྒྱུ་མའི་དཔེ་བདུན་ལྟར་མངོན་སུམ་དུ་གཟིགས་པ་འཁོར་ལོ་སྡོམ་པ་སོགས་ཀྱི་སྒོ་ནས་གྲུབ་པའི་གོ་འཕང་མཐོན་པོར་བརྙེས་པའི་སློབ་དཔོན་སྐལ་ལྡན་རྒྱ་མཚོ། ཞེས་སོགས་གསུངས། མདོར་ན་ཁོང་གི་མཁས་བཙུན་བཟང་གསུམ་དང་། འཆད་རྩོད་རྩོམ་གསུམ། སྒོམ་སྒྲུབ་ཉམས་བཞེས་ཀྱི་ཆ་སོགས་ཕྱོགས་གང་ཐད་ནས་མདོ་སྨད་ཀྱི་ཕྱོགས་འདིར་བཤད་སྒྲུབ་ཀྱི་བསྟན་པ་འཛུགས་པ་ལ་ཁོང་འདྲ་བ་མ་བྱོན་ཚུལ་དང་། ལྷག་པར་དུ་སྒྲུབ་བརྒྱུད་ཀྱི་བསྟན་པ་འཛིན་པ་ལ་ཕལ་བའི་བློ་ལས་འགོང་བའི་རྣམ་ཐར་མང་དུ་ཡོད་ཀྱང་འདིར་མངས་སུ་དོགས་ནས་མ་བྲིས། རྒྱས་པར་ཤེས་འདོད་པ་རྣམས་ཀྱིས་རྟོགས་བརྗོད་དང་རྣམ་ཐར་གཞན་རྣམས་ལ་གཟིགས་པར་འཚལ། མཐར་དགུང་ལོ་དོན་གཅིག་བཞེས་པ་སྤྱི་ལོ1677ལོར་དབེན་གནས་བཀྲ་ཤིས་འཁྱིལ་དུ་སྐུ་མྱ་ངན་ལས་འདས་སོ། །གསུང་རྩོམ་གྱི་སྐོར་ལ་པོད་ཆེན་པོ་བཞི་ཡོད། གདན་རབས་ད་ལྟའི་བར་དོན་བརྒྱད་སོང་བ་ཡིན་ནོ།།

2_1 ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོའི་སྐུ་ཕྲེང་རིམ་བྱོན།

སྐུ་ཕྲེང་།

མཚན།
འཁྲུངས་ཡུལ། འཁྲུངས་ལོ། འདས་ལོ།
1
ཡབ་རྗེ་སྐལ་ལྡན་རྒྱ་མཚོ། རོང་བོ་ཚང་། 1607 1677
2
ངག་དབང་འཕྲིན་ལས་རྒྱ་མཚོ། རོང་བོ་ཚང་། 1678 1739
3
དགེ་འདུན་འཕྲིན་ལས་རབ་རྒྱས། གཉན་ཐོག 1740 1794
4
བློ་བཟང་ཆོས་གྲགས་རྒྱ་མཚོ། ཆུ་བཟང་ར་ལོ་ཐང་། 1795 1843
5
བློ་བཟང་འཕྲིན་ལས་རྒྱ་མཚོ། ཆུ་བཟང་ར་ལོ་ཐང་། 1844 1858
6
སྐལ་ལྡན་བསྟན་པའི་རྒྱལ་མཚན། ཆུ་བཟང་ར་ལོ་ཐང་། 1859 1915
7
སྐལ་ལྡན་བློ་བཟང་འཕྲིན་ལས། ཆུ་བཟང་ར་ལོ་ཐང་། 1916 1978
8
བསྟན་འཛིན་འཇིགས་མེད་སྐལ་ལྡན། རོང་བོ་ཚང་། 1979

3 རྟེན་བཞེངས།

ཐོས་བསམ་གླིང་གི་འདུ་ཁང་ནི། ཐོག་མར་སྤྱི་ལོ1644ལོར་གྲུབ་ཆེན་ཆོས་པ་རིན་པོ་ཆེས་བདག་རྐྱེན་གནང་སྟེ་ཡབ་རྗེ་སྐལ་ལྡན་རྒྱ་མཚོས་གསར་བཞེངས་མཛད།  སྤྱི་ལོ1897ལོར་ཤར་སྐྱབས་མགོན་སྐུ་ཕྲེང་དྲུག་པས་སྔར་ཡོད་ཀྱི་རྨང་གཞིའི་སྟེང་གཞི་རྒྱ་ཇེ་ཆེ་དང་རྣམ་པ་ཇེ་ལེགས་སུ་བཏང་སྟེ་ད་ལྟའི་འདུ་ཁང་གྱན་བརྒྱ་དང་རེ་གཉིས་ཅན་འདི་ཉིད་གསར་བཞེངས་མཛད། སྤྱི་ལོ1983ལོར་གྲྭ་ཚང་རང་གིས་རིག་གསར་སྐབས་ཞིག་རལ་དུ་སོང་བའི་འདུ་ཁང་ལ་ཞིག་གསོ་དང་། ནང་རྟེན་རྙིང་བ་སླར་བསྡུ་དང་མེད་པ་བསྐྱར་བཞེངས་བྱས་ཏེ་སྤྱི་ལོ1985ལོར་ལེགས་གྲུབ་བྱུང་། སྤྱི་ལོ2001ལོར་རྒྱལ་ཁབ་ཀྱིས་ཞིག་གསོ་རྒྱ་ཆེར་བྱས་པ་སོགས་གཞུང་སྒེར་ཐུན་མོང་གི་སྟོབས་ཤུགས་ལས་ད་ལྟའི་རྣམ་པ་འདི་གྲུབ། 

ནང་རྟེན་གཙོ་བོར་དྲི་གཙང་ཁང་དུ་བཞུགས་པའི་རྒྱུ་ཤིང་ལས་བཞེངས་པའི་འཇམ་དབྱངས་ཀུན་གཟིགས་ཀྱི་སྐུ་བརྙན་མཐོ་ཚད་ལ་སྤྱི་ཁྲེ་བརྒྱད་ཅན་དང་། མཐའ་བསྐོར་གྱི་ཀུན་དགའ་ར་བའི་ནང་དུ་གསེར་ཟངས་ལས་གྲུབ་པའི་འཇམ་དབྱངས་སྟོང་སྐུ་ཁྲི་གང་ཅན། གསེར་ཟངས་ལས་གྲུབ་པའི་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་སྐུ་འདྲ་མི་ཚད་ཅན། གནའ་རབས་ཀྱི་རྟེན་ཁྲོད་དུ། འགྲོ་མགོན་ཆོས་རྒྱལ་འཕགས་པས་གནང་བའི་ས་སྐྱའི་གསེར་མགོན[རྡོ་རྗེ་གུར]དང་། ཏཱ་མིང་གོང་མ་ཟོན་ཏེ་ཡིས་གནང་བར་གྲགས་པའི་ཐུབ་དབང་གི་གསེར་སྐུ་གསོ་སྦྱོང་སྟོན་པ།  དགའ་ལྡན་དགོན་པའི་རྟེན་ཁྲོད་ནས་གདན་དྲངས་པའི་རྡོ་གཡའ་མ་ལས་གྲུབ་པའི་གུར་མགོན་འཁོར་བཅས།  སྐུའི་རྒྱབ་ངོས་སུ་ལཉྫས་བྲིས་པའི་རྟེན་འབྲེལ་སྙིང་བོ་ཡོད་པའི་རྡོ་སྐུ་ངོ་མཚར་ཅན། མཚན་སྒྲོགས་སྤྲུལ་སྐུ་ངག་དབང་འཇམ་དཔལ་བསྟན་པ་རབ་རྒྱས་ལ་རྒྱ་ནག་གོང་མ་ཞིག་གིས་གནང་བའི་རྗེ་སྐུ་ཐགས་དྲུབས་མ། སྐྱབས་འགྲོ་ཚོགས་ཞིང་། བླ་མཆོད་ཚོགས་ཞིང་བཞེངས་སྟངས་མི་འདྲ་བ་ངོ་མཚར་ཅན་གཉིས། སྒོ་དམར་ལྷ་བཟོ་བློ་གྲོས་ཀྱིས་བཞེངས་པར་གྲགས་པའི་མཁའ་སྤྱོད་མའི་ཞིང་བཀོད་དང་། གྲུབ་ཆེན་བརྒྱད་ཅུ་བཅས་ཀྱི་ཐང་རྙིང་སོགས་སྐུ་གསུང་ཐུགས་རྟེན་བྱིན་ཅན་མང་པོ་བཞུགས།  འདུ་ཁང་སྒོ་འཕྱོར་དུ། རྐ་སར་ལྷ་རིས་པ་ཀུན་བཟང་གིས་སྤྱི་ལོ1983ལོར་བཞེངས་པའི་རྒྱལ་ཆེན་བཞི་དང་། གཞན་སྲིད་པའི་འཁོར་ལོ། བསྟན་མ་བཅུ་གཉིས། རྨ་ཆེན་སྦོམ་ར། ཨ་མྱེས་བྱ་ཁྱུང་བཅས་ཀྱི་གྱན་ཐང་བཞུགས།

4 བཅའ་ཡིག

སྤྱིར་ན་བཤད་སྒྲུབ་ཀྱི་སྡེ་གང་དུ་བཞུགས་པའི་དགེ་འདུན་པ་ཞིག་ཡིན་ཕྱིན་ཆད་ཁས་བླངས་པའི་སྡོམ་ཁྲིམས་རྣམ་པར་དག་པའི་སྒོ་ནས་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་དང་། ལམ་བསླབ་པ་གསུམ་གྱི་ཉམས་ལེན་ལ་འབད་འབུངས་བྱེད་རྒྱུ་ནི་དགེ་འདུན་པའི་མི་ཚེ་གཅིག་གི་ལས་སུ་བྱ་བ་ཁོ་ན་ཡིན་པ་དང་། དེ་ལྟར་སྒྲུབ་པ་ལ་སྔོན་བྱོན་དམ་པ་རྣམས་ཀྱིས་ཐབས་མཁས་ཐུགས་རྗེ་སྒོ་ནས་སྒྲུབ་གྲྭ་དང་བཤད་གྲྭ་བཙུགས་པ་དང་། འདོན་ཆོས་སྤྱོད་དང་། ཆོས་གྲྭའི་རྩོད་པ་གནང་སྲོལ་སོགས་ཀྱིས་མཚོན་པའི་བཅའ་ཡིག་གནང་སྟེ་དགོན་པའི་འགྲིག་ཁྲིམས་གཏན་འཁེལ་བྱས་ཡོད། ཐོས་བསམ་གླིང་ལ་མཚོན་ན་ཡབ་རྗེ་སྐལ་ལྡན་རྒྱ་མཚོས་མཛད་པའི་དབྱར་གནས་བཅའ་ཡིག་དང་། མཁན་ཆེན་དགེ་འདུན་རྒྱ་མཚོས་མཛད་པའི་བཞི་བའི་བཅའ་ཡིག《རོང་བོའི་ཆོས་སྡེ་ཆེན་པོ་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་གི་ཁྲིམས་སུ་བཅའ་བའི་ཡི་གེ་མཁས་གྲུབ་ཀུན་འབྱུང》 ཞེས་བྱ་བ་གཉིས་ཡོད། རྒྱས་པར་ཤེས་འདོད་ཚེ་དེ་གཉིས་ལ་གཟིགས་པར་ཞུ།

5 འཆད་ཉན། 

འཆད་ཉན་གནང་སྲོལ་སྐོར་ལ། ཨ་རོལ་སྐུ་ཕྲེང་གསུམ་པ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི《མཚན་ཉིད་བསླབ་བྱ》 ཞེས་བྱ་བ་ལས། “སྔོན་རྒྱན་དྲུག་མཆོག་གཉིས་ལ་སོགས་པའི་འཕགས་བོད་ཀྱི་མཁས་དབང་རྣམས་ཀྱིས་མཚན་ཉིད་ཀྱི་གཞུང་ལ་ཐུགས་གཉེར་མཛད་སྐབས། བཀའ་པོད་ཆེན་པོ་ལྔ་ལ་བསླབ་སྦྱངས་མཛད་པའི་རྒྱུ་མཚན་ཡང་། སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བའི་འཁོར་ལོ་དང་པོའི་དངོས་བསྟན་སྤྱོད་པའི་ཆ་གཙོ་བོར་འགྲེལ་བ་ལ། སློབ་དཔོན་ཡོན་ཏན་འོད་ཀྱིས། འདུལ་བ་ལུང་སྡེ་བཞིའི་གནད་དོན་མཐའ་དག་སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པ། ཐོབ་པ་མི་ཉམས་པར་བསྲུང་བ། ཉམས་ན་ཕྱིར་བཅོས་པའི་ཐབས་ཏེ་གསུམ་དུ་བསྡུས་ནས་སྟོན་པས་འདུལ་བ་མདོ་རྩ་བ་གསུངས། འཁོར་ལོ་དང་པོའི་དངོས་བསྟན་ལྟ་བའི་ཆ་གཙོ་བོར་འགྲེལ་བ་ལ། སློབ་དཔོན་དབྱིག་གཉེན་གྱིས། ཤེས་བྱ་གཞི་ལྔའི་རང་སྤྱིའི་མཚན་ཉིད་དང་། བདེན་བཞི་གཙོ་བོར་སྟོན་པ་མངོན་པ་མཛོད་རྩ་འགྲེལ་གསུངས། འཁོར་ལོ་བར་བའི་དངོས་བསྟན་ལྟ་བའི་ཆ་གཙོ་བོར་འགྲེལ་བ་ལ། མགོན་པོ་ཀླུ་སྒྲུབ་དང་དཔལ་ལྡན་ཟླ་བ་གྲགས་པ་སོགས་ཀྱིས་གང་ཟག་དང་ཆོས་ཀྱི་བདག་མེད་ཕྲ་མོ་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་རྒྱས་པར་སྟོན་པ་དབུ་མ་རྩ་བ་ཤེས་རབ་དང་། དབུ་མ་འཇུག་པ་སོགས་མཛད། འཁོར་ལོ་བར་བའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཙོ་བོར་འགྲེལ་བ་ལ། འཕགས་པ་ཐོགས་མེད་ཀྱི་བཀའ་དྲིན་ལ་བརྟེན་ནས་རྗེ་བཙུན་བྱམས་པ་མགོན་པོས། ཤེར་མདོའི་རྒྱ་ཆེ་བའི་ཆ་མཐའ་དག་དངོས་པོ་བརྒྱད་དོན་བདུན་བཅུར་བསྡུས་ཏེ་སྟོན་པ་མངོན་རྟོགས་རྒྱན་གསུངས། འཁོར་ལོ་ཐ་མའི་དངོས་བསྟན་ལྟ་བའི་ཆ་རྣམ་རིག་པའི་ལུགས་ཀྱི་གཟུང་འཛིན་རྫས་གཞན་གྱིས་སྟོང་བའི་ཆོས་ཀྱི་བདག་མེད་རགས་པ་བསྟན་པའི་གཙོ་བོར་བྱས་ཏེ་འགྲེལ་བ་ལ། དཔལ་ལྡན་ཆོས་ཀྱི་གྲགས་པས། རྒྱལ་བའི་བསྟན་པ་ཐར་འདོད་རྣམས་ཀྱི་འཇུག་ངོགས་སུ་སྒྲུབ་པ་སྙིང་བོའི་དོན་དུ་བྱས་ཏེ་སྟོན་པ་ཚད་མ་རྣམ་འགྲེལ་གྱི་བསྟན་བཅོས་གསུངས། དེར་མ་ཟད་རྟོགས་པའི་བསྟན་པ་བསླབ་པ་གསུམ་དུ་འདུ་ཞིང་། དེ་ཡང་འདུལ་བས་ཚུལ་ཁྲིམས་ཀྱི་བསླབ་པ། མཛོད་དབུ་མ་རྣམ་འགྲེལ་གསུམ་གྱིས་ཤེས་རབ་ཀྱི་བསླབ་པ། ཕར་ཕྱིན་གྱིས་ཏིང་ངེ་འཛིན་གྱི་བསླབ་པ་རྒྱས་པར་སྟོན། ཡང་དབུ་ཚད་གཉིས་ཀྱི་ལྟ་བ། ཕར་ཕྱིན་དང་མཛོད་ཀྱིས་སྒོམ། འདུལ་བས་སྤྱོད་པ་རྒྱས་པར་གཏན་ལ་ཕབ་པས། ལྟ་སྒོམ་སྤྱོད་གསུམ་གྱི་གནད་ཀུན་ཀྱང་འདིར་བབས་པ་ཡིན། བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་དོན་དུ་གཉེར་བ་ལ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་བློ་སྦྱང་དགོས། སྐྱེས་བུ་ཆུང་འབྲིང་གི་ལམ་རྫོགས་པར་ཤེས་པ་ལ་ལུང་གི་ཆོས་མངོན་པ་མཛོད་དང་། རིགས་པའི་ཆོས་མངོན་པ་རྣམ་འགྲེལ་གཉིས་ལ་སྦྱང་དགོས། ངེས་པར་འབྱུང་བའི་ཚུལ་ཁྲིམས་རྫོགས་པར་ཤེས་པ་ལ་འདུལ་བ་ལུང་སྡེ་བཞིའི་གནད་བསྡུས་པ་མདོ་རྩ་བ་ལ་སྦྱང་དགོས། སྐྱེས་བུ་ཆེན་པོའི་ལམ་ལ་ཟབ་རྒྱས་གཉིས་སུ་ངེས་པ་ལ། ཟབ་པའི་ཆ་རྫོགས་པར་ཤེས་པ་ལ་དབུ་མའི་གཞུང་། རྒྱ་ཆེ་བའི་ཆ་རྫོགས་པར་ཤེས་པ་ལ་མངོན་རྟོགས་རྒྱན་ལ་སྦྱང་དགོས། དེ་རྣམས་ལས་གཅིག་ལ་མ་སྦྱངས་ན་ཡང་། གོང་སྨྲས་ཀྱི་དགོས་དོན་གཅིག་ཆད་པར་འགྱུར་བས་ན། རང་རེ་རི་བོ་དགེ་ལྡན་པའི་མཁས་གྲུབ་གོང་མ་རྣམས་ཀྱིས། ཐུབ་དབང་ལུང་རྟོགས་ཀྱི་བསྟན་པ་བཀའ་པོད་ལྔའི་འཆད་ཉན་གྱི་སྒོ་ནས་གསལ་བར་བྱས་ཏེ་རང་རྒྱུད་ལ་བག་ཆགས་འཇོག་པའི་སྲོལ་བཟང་པོ་འཛུགས་པར་མཛད་པ་ཡིན་ནོ།།”ཞེས་གསུངས་པ་ལྟར། མཚན་ཉིད་གྲྭ་ཚང་གང་ཡིན་ཀྱང་གཙོ་བོར་གཞུང་བཀའ་པོད་ལྔ་ལ་འཆད་ཉན་བྱེད་རྒྱུ་ནི་བཤད་གྲྭའི་ཐུན་མོང་མ་ཡིན་པའི་ཕྱག་ལེན་ཡིན། རྒྱུ་མཚན་དེ་ལ་དམིགས་ནས་ཡབ་རྗེ་སྐལ་ལྡན་རྒྱ་མཚོས་གྲྭ་ཚང་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་ཕྱག་འདེབས་མཛད་པ་དང་། མགོ་སྐྱབས་འགྲོ་ནས་བརྩམས་པའི་རྒྱུགས་བརྩི་བཞག་འགྲིག་ལམ་ཀུན་སྤྱོད་བཅའ་ཡིག་ཆེན་མོའི་དགོངས་པ་ཟུར་ཙམ་ཡང་མི་འགལ་བ་གཞིར་བྱས་ནས། གཞུང་ཆེན་བཀའ་པོད་ལྔ་དང་། ཁྱད་པར་དབུ་ཕར་ལ་རྐང་བཙུགས་ནས་སློབ་གཉེར་དང་། འཆད་རྩོད་རྩོམ་གསུམ་མཐའ་དག་རང་རྒྱུད་ལ་འཁྱེར་ཐུབ་པ་དགོས་པ་སོགས་ཀྱི་སྒྲིག་སྲོལ་གསར་འཛུགས་གནང་། འཆད་ཉན་གྱི་ཡིག་ཆའི་གཞི་འཛིན་ས་གཙོ་བོ་ནི་རྗེ་ཡབ་སྲས་ཀྱི་ལེགས་བཤད་དང་། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་ཡིག་ཆ། རྗེ་དེ་ཉིད་ཀྱི་བུ་སློབ་ཆེན་པོ་ལྔ་སོགས་ཀྱིས་མཛད་པའི་ཡིག་ཆའི་རྣམ་བཤད། མཁན་ཆེན་དགེ་འདུན་རྒྱ་མཚོས་མཛད་པའི་བསྡུས་གཞུང་སོགས་ཡིན།