རྒྱ་ནག་པོའི་ཡུལ་ཧྭ་ཤང་གནས་པའི་སར་རྒྱལ་བུ་བློ་གྲོས་འཕེལ་དུ་སྐུ་སྐྱེ་བ་བཞེས་པའི་ལེའུ།སྔ་མའི་པར་གཞི་དེ ཚེ་རིང་འབུམ།  ནས 2018-03-06 10:16ལ་འགྲུབ།

རྒྱ་ནག་པོའི་ཡུལ་ཧྭ་ཤང་གནས་པའི་སར་རྒྱལ་བུ་བློ་གྲོས་འཕེལ་དུ་སྐུ་སྐྱེ་བ་བཞེས་པའི་ལེའུ།

ཇོ་བོ་རྗེ་ཨ་ཏི་ཤ་ནི། རྒྱ་གར་ཤར་ཕྱོགས་བྷཾ་གྷ་ལའི་ཡུལ་དུ་ཡབ་ཟ་ཧོར་རྒྱལ་པོ་དགེ་བ་དཔལ་དང་ཡུམ་དཔལ་མོ་འོད་ཟེར་ཅན་གཉིས་ཀྱི་སྲས་སུ་ཆུ་རྟ(སྤྱི་ལོ982)ལོར་སྐུ་འཁྲུངས། དགུང་ལོ་བཅུའི་རིང་ཕྱི་རོལ་མུ་སྟེགས་པ་དང་ནང་པའི་ཆོས་ལུགས་ཀྱི་སྒྲ་ཚད་སོགས་ལ་སློབ་གཉེར་མཛད། དགུང་ལོ་ཉེར་དགུ་བར་རྒྱ་གར་རྡོ་རྗེ་གདན་གྱི་མ་ཧཱ་བོ་ངྷིའི་གཙུག་ལག་ཁང་དུ་རབ་བྱུང་བར་མཛད་ནས་ཕྱི་ནང་ཐུན་མོང་གི་རིག་གནས་དང་ནང་པའི་མདོ་སྔགས་ཀྱི་གཞུང་ལུགས་སྦྱངས་པ་མཐར་ཕྱིན་པར་མཛད། པཎྜི་ཏ་ཆེན་པོའི་མཚན་སྙན་ཐོབ། གསེར་གླིང་པ་ལ་སོགས་པའི་བླ་མ་སུམ་ཅུ་སོ་བཞི་ཙམ་བསྟེན་ནས་རྒྱ་གར་དུ་མཁས་པ་གྲགས་ཆེ་བར་གྱུར། དེ་ནས་མངའ་རིས་གུ་གེ་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བོད་དུ་གདན་འདྲེན་ཞུས་ཀྱང་གདན་འདྲེན་མ་ནུས། རབ་བྱུང་དང་པོའི་ཆུ་རྟ(སྤྱི་ལོ1042)ལོར་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་གདན་འདྲེན་ཞུས་པས་བོད་མངའ་རིས་སུ་ཕེབས། དེ་རྗེས་འབྲོམ་སྟོན་གྱིས་དབུས་གཙང་དུ་གདན་དྲངས། དེར་ལོ་ངོ་བཅུ་བདུན་རིང་འཆད་ཉན་གྱི་འཕྲིན་ལས་སྤེལ། དགེ་བཤེས་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་། རྔོག་ལོ་ཙཱ་པ་ལེགས་པའི་ཤེས་རབ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། འགོས་ལོ་ཙཱ་པ་ཁུགས་པ་ལྷ་བཙས་སོགས་སློབ་མ་མཁས་པ་མང་དུ་བྱུང་། དགུང་ལོ་བདུན་ཅུ་དོན་གསུམ་པ་ཤིང་རྟ(སྤྱི་ལོ1054)ལོར་སྙེ་ཐང་དུ་སྐུ་གཤེགས། བཀའ་གདམས་བུ་ཆོས་ནི། ཇོ་བོ་དང་འབྲོམ་སྟོན་གཉིས་ཀའི་སློབ་མར་གྱུར་པའི་རྔོག་ལེགས་པའི་ཤེས་རབ་དང་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་རྣམ་གཉིས་ཀྱིས་ཞུས་ཏེ། ཇོ་བོ་རྗེ་ཨ་ཏི་ཤ་མཆོག་གིས་གསུངས་པའི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་སྐྱེས་རབས་རྣམ་ཐར་ལེའུ་ཉི་ཤུ་དང་། མཇུག་ཏུ་ཇོ་བོས་འབྲོམ་སྟོན་ལ་བཀའ་གདམས་བསྟན་པ་ཇི་ལྟར་གཏད་པའི་ཚུལ་བཅས་སྟོན་པའི་བཀའ་གདམས་པའི་གཞུང་ཞིག་སྟེ་ཁྱོན་བསྡོམས་པོ་ཏི་གཅིག་བཞུགས། གཞུང་དེའི་སྒྲིག་པ་པོ་ནི་རྔོག་ལེགས་པའི་ཤེས་རབ་ཡིན་ཏེ། དེའི་མཇུག་བྱང་དུ། ཆོས་དེ་དག་འཇམ་དབྱངས་སྤྲུལ་པའི་སྐུ། ། མཚན་ལེགས་པའི་ཤེས་རབ་དོན་ལྡན་དེས། ། མཆོག་གླེགས་བམ་བཟང་པོ་ཕྱོགས་གཅིག་བསྡུས། ། འདི་གཞན་ལ་མེད་པའི་ཟབ་ཆོས་ལགས། ། ཞེས་གསུངས་ལ། དེའི་འཁྲུངས་ལོ་དང་འདས་ལོ་གསལ་ཆ་མ་ཐོབ་ཀྱང་། སྤྱིར་དུས་རབས་བཅུ་གཅིག་པའི་མཁས་པ་ཞིག་ཡིན་པ་ཁ་ཚོན་གཅོད་ཐུབ། སྐུ་ན་ཆུང་དུས་སུ་མངའ་རིས་གུ་གེ་རྒྱལ་པོས་ཁ་ཆེ་ཡུལ་དུ་མངགས་ཏེ་ནང་པ་སངས་རྒྱས་པའི་ཆོས་ལུགས་སློབ་གཉེར་མཛད་དེ་བཀའ་ཆོས་བསྒྱུར། ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་གདན་དྲངས་རྗེས། ནག་ཚོ་ལོ་ཙཱ་པ་དང་ལྷན་དུ་ཇོ་བོ་དང་མཇལ་ཏེ་ཇོ་བོའི་ཐུགས་སྲས་སུ་གྱུར། 《དབུ་མ་སྙིང་པོའི་ཊིཀྐ》སོགས་བསྟན་བཅོས་དུ་མ་བསྒྱུར། རབ་བྱུང་དང་པོའི་ཆུ་གླང(སྤྱི་ལོ1073)ལོར་གསང་ཕུ་ནེའུ་ཐོག་དགོན་པ་བཏབ། སློབ་མ་མཁས་པ་ཉིད་ཀྱི་དབོན་རྔོག་ལོ་བློ་ལྡན་ཤེས་རབ་སོགས་བྱུང་། འདིར་བཀོད་པའི《རྒྱ་ནག་པོའི་ཡུལ་ཧྭ་ཤང་གནས་པའི་སར་རྒྱལ་བུ་བློ་གྲོས་འཕེལ་དུ་སྐུ་སྐྱེ་བ་བཞེས་པའི་ལེའུ》ཞེས་པ་ནི་བཀའ་གདམས་བུ་ཆོས་ནང་གི་ལེའུ་ཞིག་ཡིན།
1 མ་ཡིག

རྒྱ་ནག་པོའི་ཡུལ་ཧྭ་ཤང་གནས་པའི་སར་རྒྱལ་བུ་བློ་གྲོས་འཕེལ་དུ་སྐུ་སྐྱེ་བ་བཞེས་པའི་ལེའུ།

ཡང་ཉིན་ཅིག(ཞིག)ཇོ་བོ་ཡབ་སྲས་གཉིས་པོ་ཇོ་བོའི་ཆབ་ཆུའི་དྲུང་ན་བཞུགས་པའི་དུས་སུ། རྔོག་ལེགས་པའི་ཤེས་རབ་ཀྱིས། ཡབ་སྲས་གཉིས་ལ་ཕྱག་ལ་སོགས་པ་ཡན་ལག་བདུན་པ1ལེགས་པར་ཕུལ། ཁྱད་པར་དུའང་དངུལ་གྱི་མཎྜལ་ལ་དུང་གིས་འཕྲ་བཀོད་པ། ཇོ་བོ་དང་སྤྱན་རས་གཟིགས་ལ་ཐུན་མོང་དུ་ཕུལ་ནས། རྒྱལ་བའི་འབྱུང་གནས་ཀྱི་དྲུང་དུ་ཐལ་མོ་སྦྱར་ཏེ། ཕྱི་རབས་ཀྱི་མི་དམུ་རྒོད་དག་སྒྲོ་སྐུར་ཅི་འདེབས་ནའང་འདེབས། དེ་རིང་ལྷ་ཚོགས་མང་པོ་འདིར་ལྷགས་པ་ལ་ཁྱེད་ཀྱི་སྐུ་ཆེ་བའི་ཡོན་ཏན་བརྗོད་ན། ཁོང་རྣམས་ལ་ཡང་མངོན་ཤེས2མོད་པ་དང་། ཇོ་བོ་ལ་སྒྲོ་སྐུར་མི་མངའ་ཞིང་དོན་ཆེན་པོར་འགྱུར་བས། དེ་རིང་ཡང་སྐྱེས་རབས་ཁྱད་པར་ཅན་ཞིག་བཀས་གནང་པར་ཞུ་ཞུས་པས། འབྲོམ་གྱི་ཞལ་ནས། དགེ་བཤེས་པ་ལ་ཞུ་ན། འཇིག་རྟེན་པའི་ཁ་ངག་ལ་སྒོག་པ་ཆེ་ཟོས་ཆུང་ཟོས་མཉམ་ཟེར་བ་ཅིག་གདའ་སྟེ། དེ་བཞིན་དུ་འུ་ཅག་གི་ཡོན་ཏན་འདི་དག་མ་བརྗོད་ན་ལེགས་ཏེ་ཇོ་བོས་བརྗོད། འོན་ཀྱང་བླ་མ་ལ་མི་ལེགས་པ་མི་མངའ། ད་དགེ་བའི་བཤེས་གཉེན་པས་ཀྱང་། བུ་མོ་ངན་མ་བཞིན་དུ་ཅི་ལབས་ཕྱིར་སྐྱེལ་བ་དེ་ཡང་མ་མཛད། ཁྱེད་གང་ཟག་དམ་པ3ཞིག་གིས་ཞུས་རྟིང་ལ། ཇོ་བས་ཀྱང་། བདག་གིས་ཕ་རོལ་ཏུ་མ་ཕྱིན་པའི་སྟོབས་ཀྱིས་འཁོར་བ་འདིར་འཁྱམས་ཚུལ་མང་ཙ་ན། དགེ་བཤེས་པ་གང་མཉེས་པའི་ས་ནས་གསུང་མཛོད་ཅིག དེར་རྔོག་གིས་ཀྱང་མཐོང་བར་བུ་མོ་ཤིང་ལོ་སྔོ་ལྗང་གི་གོས་གྱོན་པ་ཞིག་འབྲོམ་གྱི་མདུན་ན་ཕར་འཆམས་ཚུར་འཆམས་མཛད་ཅིང་། སྐྱེས་བུ་དམ་པས་ཡོན་ཏན་ཐམས་ཅད་ཧ་ཅང་རང་སྦས་ནའང་སེམས་ཅན་ཉོན་མོངས་པ་ཅན་གྱིས། ཡུལ་ཁྱད་པར་ཅན་ལ་བརྙས་པ་བྱས་ན་རུང་ངམ། ཧེ་ཧེ་ཟེར་ཏེ་གར་སོང་ཆ་མེད་པར་སོང་། རྔོག་ན་རེ། དེ་ཅིས་ཀྱང་ཡི་གེ་ཅིག་འགོད་པར་ཞུ། ད་ལྟའི་མོ་བཙུན་དེ་སྒྲོལ་མ་ཡིན་པར་འདུག་ངས་ཀྱང་ཤེས། ཡི་གེ་འབྲིར་མི་བཏུབ་ན་རིགས་ཀྱི་བུ་དེ་དེ་བཞིན་ནོ། ། ཡོན་ཏན་ད་དུང་སྦོས་གསུངས་ནས་འོང་དུ་གཤའ་བ་ལ། སྐྱེས་བུ་དམ་པའི་ཡོན་ཏན་སྦས་དྲགས་ན་རུང་ངམ། ཧེ་ཧེ་གསུངས། ཁོང་ཤིན་ཏུ་མད་ཞུས་པས། འབྲོམ་གྱི་ཞལ་ནས། དེ་བས་ངས་གཏམ་གྱིས་གོང་དུ་སླེབ་པར་བྱས། བུ་མོ་ངན་མའི་གཏམ་བྱ་བ་དེ་ལ་ཟེར་བ་ཡིན་རྟོག་མི་ཐུབ། འདིར་ཇོ་བོས་ཁོ་བོ་ལ་བརྩམས་ཏེ་གསུངས་ཚད་ཡི་གེར་བྲིས་ན་འབུམ་ཙམ་ཞིག་མཆི། དེ་བས་བདེ་བར་གཤེགས་པའི་གསུང་རྩོད་པ་མེད་པ་འབྲི་མོད། རྔོག་ན་རེ། དེ་རིང་གང་ལྟར་ནའང་སྐྱེས་རབས་ཤིག་ཞུ་འཚལ་བས་གེགས་མ་མཛད་ཅེས། ཇོ་བོ་ལ་ཕྱག་གསུམ་བཙལ་ཏེ། ཞུས་ལེན་འདི་ན་མར་ལ། བྱམས་དང་སྙིང་རྗེ་བསྒོམ་བྱ་ཞིང་། ། བྱང་ཆུབ་སེམས་ནི་བརྟན་པར་བྱ། ། ཞེས་གསུངས་གདའ་ན། རྒྱལ་བའི་འབྱུང་གནས་རིན་པོ་ཆེ་འདིས། སྔོན་བྱམས་པ་ཇི་ལྟར་བསྒོམས་སྙིང་རྗེ་ཆེན་པོ་ཇི་ལྟར་བསྒོམས། མ་བུ་གཅིག་པོ་ལ་བརྩེ་བ་ཇི་ལྟར་མཛད། བྱང་ཆུབ་ཀྱི་སེམས་རྒྱ་མཚོ་ལྟ་བུ་བརྟན་པར་ཇི་ལྟར་བསྒོམས། བླ་མ་གསུང་བར་ཞུ་ཞུས་པས། 

ཇོ་བོའི་ཞལ་ནས། སྔོན་རྒྱ་ནག་པོའི་ཡུལ། བོན་ཧྭ་ཤང་གནས་པའི་སར་རྒྱལ་པོ་ནག་པོ་ལྕགས་འབར་བྱ་བ་ལ་བཙུན་མོའང་ལྕགས་མོ་ཞེས་བྱ་བ་ཡོད། དེ་དག་ནང་པ་དང་ཕྱི་པ་གཉིས་ཀའི་ལྟ་བ་འཛིན་པ་ལ་དེའི་ཚེ། རྒྱལ་བའི་འབྱུང་གནས་འདི་པོ་ཏ་ལ་ན་ཁྱེའུ་བློ་གྲོས་འཕེལ་ཞེས་བྱ་བ་སྤྲུལ་པ་སྣ་ཚོགས་འགྱེད་པ་ཞིག་ཏུ་ཡོད་པ་དེས། ནག་པོ་ལྕགས་འབར་མཐོང་ནས་སྐྱབས་ཡུལ་ཆ་གཉིས་སུ་འཛིན་པ་འདི་ཆ་གཅིག་ཏུ་འགྲིལ་བར་བྱ་སྟེ། དེང་སང་དེ་བཞིན་གཤེགས་པ་སྔ་མ་དག་འདས། ཕྱི་མ་དག་མ་བྱོན་པའི་སྐབས་འདིར་བདག་གིས་ཉེ་བ་བུར་སྤྲུལ་ཏེ། ཐབས་ཀྱིས་ཁ་མ་དྲངས་ན་རྒྱལ་པོ་འདི་ཡང་ང་རྒྱལ་ཆེ་བས་བཙན་འཇུན་དང་འཆོས་པས་བཟློག་པར་དཀའ་སྙམ་ནས། བཙུན་མོ་ལྕགས་མོའི་ལྷུམས་སུ་ཞུགས། དེ་ནས་སྐྱེས་མ་ཐག་ཏུ་ལྷ་དབང་ཕྱུག་ཆེན་པོ་འདྲ་བ། གཟུགས་བཟང་ཞིང་ངར་ཆེ་བ་ཞིག་བྱུང་། ཕས་མཚར་ནས་ལག་ཏུ་བླངས་པ་དང་ཐལ་མོ་སྦྱར་ནས། ཡབ་ཁྱོད་བུ་དང་ལྡན་པ་དགའ་འམ་ཞེས་སྨྲས་པས། ཕ་ན་རེ། བུ་ཆུང་ངུ་ནས་ལབས་པ་རུང་ངམ། བུ་ན་རེ། འོ་ན་རྒན་ཀྱང་མི་སྨྲ་བ་ཅིག་དགོས་སམ། ཕ་ན་རེ། དེ་ཡང་མིན་དེ་ཡང་མིན་པ་ཅིག་དགོས། བུ་ན་རེ། གཉིས་ཀ་མིན་པ་ཅིག་དགོས་ན། བུ་མ་སྐྱེས་པ་ཅིག་འཚམ་ལམ། ཡབ་ན་རེ། དེ་ཡང་མིན། བུ་ན་རེ། ཨེ་མ་ཡབ་ལ་ནི་མི་སྲིད་པ་ཅིག་དགོས་སོ། ། བུ་སྐྱེ་ནི་དགོས་ལ། རྒན་ནམ་གཞོན་ཀྱང་རུང་སྟེ། སྨྲར་ནི་མི་རུང་ངོ་། ། དེར་ཡབ་ན་རེ། དེ་མ་ཡིན། སྐྱེས་མ་ཐག་ནས་མི་སྨྲ། ནར་སོན་ནས་སྨྲ་བ་ཡིན་མོད། བུ་ན་རེ། བུ་སྐྱེས་མ་ཐག་པ་ལ་ཁ་དང་ལྕེ་དང་སེམས་མེད་ལ། ནར་སོན་པ་དང་གཟོད་བྱུང་ན་ཇི་འདྲ་ཞིག་མཆི། ཕ་ན་རེ། ཁྱོད་ཀྱི་སྨྲ་ལུགས་ཀྱིས་སྤྲུལ་པ་ཞིག་རང་ཡིན་ནམ། གང་གིས་གང་ནས་སྤྲུལ་ཏེ་འོངས་པ་ཡིན། བུ་ན་རེ། ང་རྒྱ་དཀར་པོའི་ཆ་ཅིག་ནས་འོངས། ཕ་ན་རེ། ཁྱོད་ལ་ཇི་སྐད་བྱ་བར་གྲགས། བུ་ན་རེ། ཡུལ་དེ་ན་ཁོ་བོ་ལ་བློ་གྲོས་འཕེལ་ཞེས་ཟེར། ཁྱོད་སུས་བཏང་། བུ་ན་རེ། རྒྱ་གར་གྱི་ནང་པ་དག་ནི་སྤྱན་རས་གཟིགས་ཞེས་ཟེར། མུ་སྟེགས4ཀྱི་ཆ་མཐུན་པ་ལ་ལ་དག་ལ། གཤེན་ལྷ་འོད་དཀར་ཞེས་སུའང་གྲགས་ཟེར་བས། ཕའི་བསམ་པ་ལ། འོ་ན་འདི་གཤེན་ལྷ་འོད་དཀར་རང་ཡིན་ནམ་མཚན་ལྟས་འདི་ཡང་བཟང་ཟེར་ནས་བུ་ཁུར་ཏེ། གྲོང་ཁྱེར་གྱི་སྒོ་ན་མར་ཕྱིན་པས། ཧྭ་ཤང་གི་སྟོན་པ་དག་ན་རེ། འདི་རང་དབང་ཕྱུག་ཆེན་པོའི་སྤྲུལ་པ་ཡིན་ནམ་མཚན་ལྟས་རང་བཟང་ཟེར། ཕ་ན་རེ། བུ་འདི་ཉིད་ལ་དྲིས་དང་སྨྲ་བ་ཞིག་ཡོད་ཀྱིས་ཟེར། ཁོང་རྣམས་ཀྱིས་ཀྱང་དྲིས་པས། རྒྱལ་བུ་ན་རེ། བོན་གྱི་གནས་ལུགས་ལ་གཞན་དང་གཞན་དུ་ཁས་བླང་དུ་ག་ལ་རུང་ཞེས་སྨྲས་པས། དེ་རྣམས་དགའ་ནས་མཐོང་བར་དཀའ་བ་མཐོང་བའི་དུས་འདིར། མཆོད་པ་བྱེད་རྫས་ཅི་དགོས་ཟེར་བ་ལ། དོང་དུ་ཡུན་རིང་དུ་བསྡད་པའི་བཙོན་མང་པོ་དགོས། རྒྱལ་བུ་བཙོན་གྱིས་ཅི་འཚལ་ཞུས་པས། ང་དེ་དག་ལ་སྙིང་ན་ཟེར། དེས་ཁྱེད་ལ་ཅི་བྱས་ཞུས་པས། ངའི་ལུས་ངན་པ་འདི་དེ་དག་གིས་ཡང་ནས་ཡང་དུ་བསྐྱེད་ནས་འཁོར་བ་འདིར་སྡུག་བསྔལ་ལ་གཏད་ཟེར། དེ་དག་ཁོ་ནས་བསྐྱེད་ཅིང་སྡུག་བསྔལ་བ་ཅི་ཡིན་ཟེར། ཀྱེ་སྟོན་པ་དག་དང་པོ་འདི་ནས་འོངས་ཀྱི་ཁུངས་མེད་ཅིང་། བར་དུ་སྐྱེ་འཆིའི་ཕྲེང་བ་གྲངས་མེད་པས་མི་དག་ལ་རྫུས་སྐྱེས་དང་། དྲོད་གཤེར་དང་། སྒོ་ང་ལས་སྐྱེས་པ་ནི་ཉུང་། དེས་བདག་ཅག་མིར་གྱུར་པ་དག་ལ་ཕ་མའང་མི་དག་འབྱུང་གིས། དེས་ན་མི་དེ་དག་གིས་ཡང་དང་ཡང་དུ་སྐྱེད་དོ། ། དེར་སྟོན་པ་དེ་དག་ན་རེ། རྒྱལ་བུ། འོ་ན་དེ་ཙམ་དུ་བཙོན་དེ་དག་ཏུ་མ་ཟད། ཁྱོད་ཀྱིས་ལུས་སྣ་ཚོགས་སུ་བླངས་པས། སེམས་ཅན་ཐམས་ཅད་ཀྱིས་ཁྱོད་ཀྱི་ལུང་ངན་པ་འདི་བསྐྱེད་ཅིང་འཁོར་བ་འདིར་སྡུག་བསྔལ་དུ་བཅུག་ན། ཁྱད་པར་དུ་བཙོན་དེ་དག་ཁྱོད་ཀྱི་མཆོད་རྫས་སུ་དགོས་པ་ཅི་ཡིན། རྒྱལ་བུས་ལན་དུ། སྟོན་པ་དག་མད། སེམས་ཅན་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་བསྐྱེད་ཅིང་ཕ་མ་བུ་ཚར་མགལ་མེའི་འཁོར་ལོ5བཞིན་དུ་འཁོར་ན་མཆོད་རྫས་ལ་དེ་དག་ཐམས་ཅད་དགོས་མོད་ཀྱིས་ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པར་སེམས་ཅན་དེ་དག་ཀྱང་གནས་ན། མཆོད་རྫས་ལ་དགོས་པས་ཅི་ཕན། དྲེ་བུས་གླང་པོ་མི་འཆུན་པ་བཞིན་དུ། དེ་དག་བསྡུ་བར་དཀའ། བཙོན་དེ་དག་ལ་མགོན་སྐྱབས་གཞན་མེད་རང་རེའི་བཙོན་ཁང་གི་ཡང་དོང་ཁྲི་མོན་ཕྱི་ནང་ན་གནས་ཏེ། དེ་ས་ན་རང་དབང་བའི་མི་ཡིན་པས་གནས་འདིར་ཁྲིད་ལ་ཤོག དེར་རྒྱལ་པོ་དང་སྟོན་པ་དག་གིས་བསམ་པ་ལ། རྒྱལ་བུ་འདིའི་ཟེར་ལུགས་ཀྱིས་སེམས་ཅན་ཐམས་ཅད་ཕ་མ་བུ་ཚའི་འཁོར་ལོར་གདའ་བ་ལ་ཕ་མའི་ཤ་ཁྲག་མཆོད་རྫས་སུ་དགོས་ཟེར་བར་འདུག་དེ་རིགས་སམ་སྙམ་ནས་རྒྱལ་བུ་ལ་ཞུས་པ། ཀྱེ་རྒྱལ་བུ་དེ་ལྟར་ན་ནི་ཕ་མ་ཡིན་པར་གདའ་བས། ཕ་མའི་ཤ་ཁྲག་བཟའ་བར་རུང་ངམ། རྒྱལ་བུས་ལན་དུ། ཁྱེད་རྣམས་རྒྱུ་མེད་ཅིག་ཡིན་སྙམ་མམ། དེང་སང་གི་ཕ་མའང་མ་མཐོང་ངམ། བྱོལ་སོང་ལས་མི་སྐྱེ་བ་མཐོང་ངམ། བེམ་པོ་ལས་རིག་པ་སྐྱེ་བ་མཐོང་ངམ། རང་ཉིད་མ་འགགས་པར་རང་ཉིད་ལས་རང་ཉིད་སྐྱེ་བ་མཐོང་ངམ། སྟོན་པ་དག་ན་རེ། དེ་ལྟར་ནི་མ་མཐོང་ངོ་། ། འོ་ན་ཕ་མ་ལས་སྐྱེའམ། རྒྱུ་ཡོད་པ་ཞིག་ལས་སྐྱེ། ཀྱེ་རྒྱལ་བུ། ཕ་མ་ལས་སྐྱེ་བ་ནི་རྒྱུ་ཡོད་པ་ལས་སྐྱེ་བའོ། ། རྒྱལ་བུ་ན་རེ། ཕ་མ་ནི་རྐྱེན་ཏེ། རྐྱེན་གྱིས་བསྐྱེད་པར་ནུས་པ་ནི་རྒྱུ་ཡོད་པའོ། ། རྒྱུ་མེད་པ་ནི་འབྲས་བུའང་མ་ཡིན་ནོ། ། དེས་ན་རང་གི་རྒྱུ་བསོད་ནམས་བསགས་པ་ལས་ནི་མིར་འབྱུང་གིས། རང་གི་རྒྱུ་བསོད་ནམས་མ་ཡིན་པ་བསགས་པ་ལས་ནི་འབྲས་བུ་ངན་སོང་ངོ་། ། དེར་སྟོན་པ་དག་གིས་བསམ་པ་ལ། འདིའི་དགོངས་པས་སེམས་ཅན་ཐམས་ཅད་ཕ་མ། ཆོས་ཐམས་ཅད་རྒྱུ་ལྡན། རང་རྒྱུ་ལས་སྐྱེ་ཞིང་རང་ལ་རང་སྐྱེ་བར་འགལ་བ། རྒྱུ་མ་ཡིན་པ་ལས་འབྲས་བུ་མ་ཡིན་པ་སྐྱེ་བ་ཁེགས་པ། ལས་རྒྱུ་འབྲས་ཐམས་ཅད་ཟབ་ཅིང་ཕྲ་བར་སྟོན་པ་ཅིག་འདུག་སྙམ་ནས་རྒྱལ་པོས་བཀའ་བསྒོས་ཏེ། བཙོན་ལྔ་བརྒྱ་མདུན་དུ་ཁྲིད་ནས་འོངས་སོ། ། དེར་རྒྱལ་བུས། བཙོན་དག་ལ་སྨྲས་པ། ཁྱེད་རྣམས་ལས་ཅིས་རྒྱལ་པོས་མནར། དེར་ལ་ལ་དག་ན་རེ་མི་བསད། ལ་ལ་དག་ན་རེ་འདོད་པས་ལོག་པར་གཡེམ་པ་སྤྱད། ལ་ལ་དག་ན་རེ་མ་བྱིན་པ་ཆེན་པོ་བླངས། ལ་ལ་དག་ན་རེ་མི་བདེན་པའི་རྫུན་ཚིག་ཆེན་པོས་གཞན་བསླུས། དེས་རྒྱལ་པོས་མནར་ཟེར་རོ། ། དེར་རྒྱལ་བུ་ན་རེ། ལས་ངན་བསགས་པའི་མཐོང་ཆོས་འདི་ཉིད་དུའང་འབྱུང་ན། ཕྱི་མར་བཟོད་གླགས་མེད་པའི་ངན་སོང་དུ་སྐྱེ་བར་འགྱུར་རོ། ། འདི་ཉིད་ནི་སྡུག་བསྔལ་ཆུང་ཞིང་བཟོད་པར་ནུས་ཀྱི། འདིས་མཚོན་ནས་རྒྱུ་མི་དགེ་བ་བསགས་པས་འབྲས་བུ་སྡུག་པསྔལ་འབྱིན་གྱིས་ཤེས་པར་མཛོད་ཟེར་ནས། ཁ་སྤོས་ཏེ། རྒྱལ་པོ་ལ་འདི་སྐད་དུ། བདག་གིས་ཡབ་རྒྱལ་པོ་ཁྲི་མོན་དུ་བཅུག་ན་ཅི་འདྲ་བ་ཅིག་མཆི། འོན་ཏེ་རྒྱལ་པོས་བདག་ཁྲི་མོན་དུ་བཅུག་ན་ཇི་ལྟར་མཆི། ཕ་ན་རེ་གཉིས་ཀ་མི་རུང་ངོ་། ། རྒྱལ་བུས་ལན་དུ། འདི་དག་ཀྱང་ཕ་མ་བུ་ཚ་ཡིན་པས་མནར་བར་མི་བྱའོ། ། རྒྱལ་པོ་ཉིད་ཀྱིས་ཀྱང་ཚེ་ལ་བརྟན་པ་མ་ཐོབ་པས་སྲོག་འགགས་མ་ཐག་ཏུ་རང་གིས་བསགས་པའི་ལས་ཀྱི་རྣམ་པར་སྨིན་པ་རྗེས་སུ་འབྲང་བས་འདི་དག་གིས་ཀྱང་སླར་མནར་བར་འགྱུར་གྱིས་ཤེས་པར་མཛོད་ཅིག

རྒྱལ་པོ་ཟེར་བས། སྟོན་པ་དེ་དག་གིས་བསམ་པ་ལ། འདི་མཚན་ལྟས་ལ་བལྟས་ན་ནི་ལྷ་དབང་ཕྱུག་འདྲ། ཆོས་ཀྱི་གནས་ལུགས་ལ་བལྟས་ན་ནི་ནང་པ་འདྲ། བརྗོད་ཚུལ་ནི་བོན་གྱི་སྐད་དུ་གདའ་བས། འདི་ལ་ཁྱད་པར་དྲིའོ་སྙམ་ནས་ཕྱི་ནང་བར་གསུམ་གྱི་ཆོད་གང་བདེན། ཁྱོད་ལྷ་གང་གི་ཡིན། རྒྱལ་བུས་སྨྲས་པ། སེམས་ཅན་དག་ལ་བློ་རིགས་རེ། ། མིང་ཡང་དེ་དང་མཚུངས་པར་འདོགས། ། ལྷ་ཡང་ཐ་དད་དུ་མ་སྐད། ། རྒྱ་གར་ནང་པའི་བློ་ངོ་ན། ། ང་ནི་མགོན་པོ་སྤྱན་རས་གཟིགས། ། བློ་གྲོས་འཕེལ་ཞེས་འབོད་པར་བྱེད། ། བོན་པོ་གཤེན་ལྷ་འོད་དཀར་ཞེས། ། ད་ལྟ་ལྕགས་འབར་བུ་རུ་འབོད། ། ཕྱི་པ་དབང་ཕྱུག་ཆེན་པོ་ཞེས། ། ཆོས་ཀྱང་དེ་དང་མཚུངས་པར་སྨྲ། ། དཔྱད་ན་ཚད་མེད་བཞི6ལྡན་བཟང་། ། མ་དཔྱད་བཟའ་བཏུང་ལོངས་སྤྱོད་སྐྱིད། ། རྨོངས་པ་མི་དགེ་ལས་ལ་འཇུག། སྟོན་པས་ཕ་མར་ཤེས་དཔྱོད་ལ། ། བྱམས་དང་སྙིང་རྗེ་བསྟེན་ན་བཟང་། ། ཟབ་མོ་སྨྲས་ཀྱང་དེ་མ་ཤེས། ། རང་གི་དཀའ་སྤྱད་དོན་མེད་འགྱུར། ། དེས་ན་ཆོས་ལུགས་ཐ་དད་ཀྱང་། ། དོན་གྱི་སྙིང་པོ་དེ་ཉིད་བཟང་། ། དེ་ལྟར་མིན་ན་ངན་སོང་འགྲོ། རང་ཡང་འདྲོངས་པར་མི་བྱེད་པའི། ། ལོག་པའི་ཆོས་ཀྱིས་བསླུ་བར་བྱེད། ། ཅེས་སྨྲས་པ་དང་། སྟོན་པ་དེ་དག་གིས་བསམ་པ་ལའང་། བརྟེན་པ་མེད་ཅིང་རྐྱེན་ཁ་བར་སོང་བས་རྒྱལ་བུའི་བྱང་ཆུབ་ཀྱི་སེམས་ཀྱིས་བྱིན་གྱིས་བརླབས་པ7དང་། རང་གི་མཚན་ལྟས་ལ་སོགས་པའི་རྐྱེན་གྱིས་ནང་པའི་སྒོར་ཞུགས་ཏེ་ཚད་མེད་པ་བཞི་བསྒོམས་ཏེ་སེམས་ལས་སུ་རུང་བར་གྱུར་ཏོ། །

དུས་རེ་ཞིག་རྒྱལ་པོ་ཡབ་སྲས་གཉིས་དབེན་པར་ཡོད་པ་ན། རྒྱལ་པོ་ན་རེ། ང་སྐྱབས་གཉིས་ལ་བརྟེན་པ་ལ། ཁྱོད་ཀྱིས་སྐྱབས་གཅིག་ལ་བརྟེན་དུ་བཅུག ངེས་པར་ཆོས་དང་བོན་དང་། ཕྱི་པ་དག་གང་བདེན། རྒྱལ་བུ་ན་རེ། ལན་ཅིག་ཧྭ་ཤང་གི་ཡལ་འདིར་ཁོ་བོ་ནག་པོ་ཧ་སུ་ཞེས་བྱ་བར་གྱུར། བོན་དང་ཕྱི་པའི་ཆོས་ལ་སྤྱད། བོན་པོ་དང་ཕྱི་པ་གཉིས་ཀས་ཁོ་བོ་མཆོད་པ་ལ། ཁོ་བོ་གུམ་མ་ཐག་ཏུ་དམྱལ་བར་སྐྱེས་པས། དམྱལ་བའི་གནས་དེ་ན། དམྱལ་བའི་ཐུབ་པ་ཞེས་པ་ནང་པའི་ལྷ་ཅིག་གདའ་བ་དེ་ན་རེ། ཁྱོད་ཀྱིས་བོན་དང་མུ་སྟེགས་ཀྱི་ཆོས་ལ་སྤྱོད་པས་འདིར་སྐྱེས་ཀྱིས། ད་ཤེས་པར་མཛོད་ཟེར་ནས། ཚད་མེད་པ་བཞི་བསྟན་པས། སྔར་གྱི་ལས་ལ་འགྱོད་པ་དྲག་པོ་སྐྱེས་ཤིང་བཤགས་པས། ད་ལྟ་ཡན་ཆོད་དུ་མཐོ་རིས་ཐོབ་ཅིང་བདེ་བར་གྱུར་པ་ཡིན་ནོ། ། རྒྱལ་པོ་ཤེས་པར་མཛོད་ཅིག དེང་སང་ཡང་། ཁྱོད་ཆ་གཅིག་ནང་པའི་ཆོས་ལ་དད་པ་རྒྱུ་མཚན་དུ་བྱས་ནས།  ཁྱོད་ཀྱི་བུ་སྐལ་མི་བཅད(གཅོད)པའི་དོན་དུ་འདིར་འོངས་སོ། ། ད་ནི་ནང་པ་ལ་ངེས་པར་མཛོད་ལ་གཏན་གྱི་བཙན་ས་ཟུངས་ཤིག རྒྱལ་པོ་ཡབ་ཡུམ་གཉིས་ཀྱིས་བུའི་ཚིག་དེ་ཐོས་པ་དང་། རྒྱལ་པོ་ཡབ་ཡུམ་གཉིས་ཆར་གྱིས་ཚད་མེད་པ་བཞི་བསྒོམས་པ་ལ་བརྟེན་ནས་གནས་ལུགས་ཀྱི་དོན་མཐོང་། དེའི་རྗེས་སུ་ཡང་སྲས་ཡང་འབར་དང་ཡང་ལྕགས་གཉིས་འཁྲུངས་ཏེ་བུ་གསུམ་ཡོད་བཞིན་དུ། རྒྱལ་སྲིད་ཐམས་ཅད་ཕྱོགས་མེད་དུ་སྦྱིན་པར་བཏང་ནས། དེར་ཕོ་བྲང་མིན་པ་ནོར་མེད་པའི་དུས་སུ་ཕྱི་རོལ་པ་དང་བོན་པོ་དག་ན་རེ། བུ་དེ་སྐྱེས་ནས་ནོར་བརླག མུ་སྟེགས་པ་དང་བོན་པའི་ཟས་སྐལ་ཚོ་ཡང་བཅད་དེ། རྒྱལ་པོ་ཡབ་ཡུམ་ཡང་ནང་པའི་ཆོས་ལུགས་སུ་འགྱུར་ཟེར་ཞིང་འབར་བ་རྒྱལ་པོ་ཡབ་ཡུམ་གྱིས་ཐོས་པ་དང་འདི་སྐད་དུ། དམན་པ་རང་དང་མི་མཐུན་པས། ། དམ་པ་དག་ལ་སྨོད་པར་བྱེད། ། མི་སྟོ8རྒྱལ་སྲིད་མེ་འོབས་ཤིག། ཉོན་མོངས་འདམ་རྫབ་རང་སར་སྐམས(སྐེམ)། ། ཆགས་མེད་འཆིང་གྲོལ་བདེ་བར་འགྱུར། ། གཅན་གཟན་ལྟ་བུའི་གྲོགས་བྲལ་བཟང་། ། སྲིན་པོ་ལྟ་བུའི་ཆོས་ལུགས་ཤིག། ཁྱི་ཕག་གནས་ནས་ནགས་ཀྱི་ཁྲོད། ། རྨ་བྱ་དགའ་གར་རྩེ་བར་འགྲོ། ། ནམ་མཁས་གར་ཁྱབ་ཕ་མས་ཁྱབ9། ། སྟག་དང་སྤྱང་ཁྱིའི་སྙིང་རྗེ་བཞིན། ། ཕྱོགས་སུ་མ་ལྷུང་ཀུན་ཏུ་བསྟེན། ། རྒྱལ་སྲིད་གནས་ནས་བྲོས་པ་བཟང་། ། བཙོན་གྱི་གནས་ནས་གྲོལ་བ་བཞིན། ། མེ་འོབས་ནང་ནས་ཐར་པ་བཟང་། ། པདྨོའི་སྦུབས་ཀྱི་སྤྲུལ་པ་བཞིན། ། མི་གཙང་ཁྲོད་ནས་ཐར་པ་བཟང་། ། གཙང་མའི་རིགས་ཀྱི་ལྷ་དང་མཚུངས། ། བཟང་པོའི་རོ་ལའང་ཞེན་ན་འཆིང་། ། རྒྱལ་སྲིད་སྐྱོང་བའི་རྒྱལ་པོ་བཞིན། ། ཞེས་རྒྱལ་སྲིད་སྤངས་ཏེ་ཆགས་པ་མེད་པའི་གནས་སུ་སོང་ངོ་། ། དེར་རྒྱལ་བུ་གསུམ་གཞོན་པ་དང་ཕ་མ་དང་རྒྱལ་སྲིད་མེད་པའི་སྟོབས་ཀྱིས་བློན་པོ་དག་གིས་ཀྱང་ཁུར་དུ་མ་འདོད། དྲེགས་པ་ཅན་གཞན་ཡང་མ་འཆུན། དེར་སྔར་གྱི་ཧྭ་ཤང་གི་སྟོན་པ་དེ་དག་ཀྱང་སྐྱོ་ནས་ཕོ་བྲང་གི་ནང་རྒྱལ་པོའི་དྲུང་དུ་འོངས་ཏེ། པུས་མོ་གཉིས་ས་ལ་བཙུགས། ཐལ་མོ་སྦྱར་ནས་འདི་སྐད་དུ། རྒྱ་ནག་ཞང་ཞུང་རྒྱལ་པོ་ནི། ། ལོངས་སྤྱོད་མངའ་ཐང་རྒྱ་མཚོ་འདྲ། ། མཆོད་གནས་འཁོར་བཟང་སྨོན་པའི་གནས། ། ཀུན་གྱིས་བཀུར་ཞིང་འདུད་བྱེད་ན། ། རྒྱལ་བུ་ཁྱོད་བལྟམས་རྒྱ་མཚོ་བསྐམས། ། འཁོར་དེངས་མཆོད་གནས་བྱ་བར་གྱུར། །  ད་ནི་རྒྱ་མཚོ་བསྐམས་པའི་ཤུལ། ། ས་སྐྱོང་ལྦུ་བ་ཙམ་ཞིག་ལས། ། ཀླུ་དབང་ལྟ་བུའི་ཡབ་ཡུམ་དག། མཚོ་མེད་ཆུ་བྱ་ཇི་བཞིན་དུ། ། ཁྱོད་ཀྱི་གསུང་ལ་ཚད་བཟུང་ནས། ། ཆགས་མེད་གནས་སུ་གཤེགས་པར་གྱུར། ། མ་རུངས་སེམས་ཅན་དམུ་རྒོད་དག། གང་གི་དྲིན་ལན་མི་གཟོ་བས། ། ནང་གི་བློན་པོ་དགྲ་བོ་ཡིས། ། གོ་ཆ་ལེན་ཞིང་རྒྱལ་བུ་འདོར། ། ཨེ་མ་འདི་ཡི་འདུན་མ་ཤོར། ། ད་ནི་ཕྱི་མའི་བཙན་ས་དག། ཟིན་པར་མི་འགྱུར་འགྱོད་ཚབས་ཆེ། ། མི་འགྱོད་བརྟན་པའི་གདེང་ཅི་མཆི། ། ཞེས་ཞུས་པ་དང་། རྒྱལ་བུའི་ཞལ་ནས། ལེགས་པར་དཔྱོད་དང་ཤེས་ལྡན་ཀུན། ། མི་རྟག་ཚེ་ལ་སྙིང་པོ་མེད། ། ལོངས་སྤྱོད་མཁའ་དང་མཉམ་གྱུར་ཀྱང་། ། འདབ་ཆགས་ཤུགས་ཀྱིས་སྤྱད་མི་ནུས། ། རྒྱལ་སྲིད་དུག་གི་སྡོང་བོ་འདྲ། ། རྨ་བྱ་ལྟ་བུའི་མཐུ་ལྡན་གྱིས། ། ཟ་ཡིས་ཕལ་བས་ཟོས་ན་འཆི། ། ཁ་མངར་དུག་གིས་ཚེ་སྲོག་འབྲལ། ། འཕྲལ་དགའི་རྒྱལ་སྲིད་ཐར་སྲོག་སྐྱེལ། ། རྨ་བྱ་རྒྱལ་སྲིད་སྤངས་གྱུར་ཏེ། ། ནགས་ཀྱི་ཁྲོད་དུ་འགྲོ་བྱེད་ན། ། ཆགས་ལྡན་སུ་ཞིག་རྒྱལ་སྲིད་འཛིན། ། ཀླུ་དབང་རྒྱ་མཚོ་མི་རྟག་པར། ། ཤེས་ནས་སྙིང་པོར་མི་འཛིན་ན། ། ཆགས་ལྡན་སུ་ཞིག་ལྦུ་བ་འཛིན། ། ཨེ་མ་ཤེས་ལྡན་ང་ལ་ཉོན། ། ནོར་མེད་ནོར་མཆོག་བདུན་བསྟན་བཟང་། ། ཆགས་སྲིད་སྤངས་ནས་ཆགས་མེད་སྲིད། དགའ་བདེའི་བཙན་སར་བསྐྱངས་ན་བཟང་། ། རང་དོན་ལོག་པའི་ལམ་ཞུགས་པའི། ། རྒྱུད་ངན་དྲིན་ལན་མི་གཟོ་བ། ། གྲོགས་ངན་སྤངས་ཏེ་གཞན་གྱི་དོན། ། རྩེ་གཅིག་བརྩོན་པ་སྤྱན་རས་གཟིགས། ། ལྷར་བཟང་དབང་ཕྱུག་གཤེན་དཀར་ནི། ། མི་ཤེས་གཞན་གྱི་སྒྲོ་བཏགས་ཡིན། ། བོན་དང་མུ་སྟེགས་ཆོས་དག་ནི། ། གཡོ་ཅན་ཚིག་བཞིན་ངོ་བསྟོད་བྱེད། ། དེ་ཡི་ཕུགས་ནི་གཞན་བསླུ་ཞིང་། ། མཐུན་པ་འབྱེད་ཅིང་དགྲ་དང་སྤྲོད། ། མུ་སྟེགས་བོན་ནི་དངོས་གྲུབ་མྱུར། ། འཕྲལ་དགའ་ཕུགས་སུ་ངན་འགྲོར་བསྒྱུར། ། མུ་སྟེགས་བོན་ནི་མེ་དང་འདྲ། ། ཅུང་ཟད་ཉེ་བས་བདེར་གྱུར་ནའང་། ། ངེས་པར་གཏུགས་ན་འཚིག་པར་གྱུར། ། ནང་པའི་ཆོས་ནི་མེ་དང་འདྲ། ། གཤེ་ཞིང་ལུས་ཀྱིས་རྡེག་པར་བྱེད། ། ཨེ་མ་ན་དང་ཚར་གྱུར་ནའང་། ། བདག་གི་བུ་ན་ཀྱེ་མའོ། ། སྨན་དང་སྨན་པ་གང་ནས་རྙེད། ། འདི་དང་བྲལ་ན་ཇི་ལྟར་བྱ། ། རབ་བརྩེ་བཟོད་གླགས་མེད་པར་འགྱུར། ། དེ་དང་དེ་བཞིན་སྤྱོད་པར་མཛོད། ། ཅེས་གསུངས་པ་དང་། རྒྱལ་བུ་བྱང་ཆུབ་སེམས་དཔའི་བྱིན་རླབས10ཞུགས་ནས། སྟོན་པ་བཅུ་གཉིས་མཆིས་པ་དེ་དག་ནང་པའི་ཆོས་ལ་ངེས་པར་གྱུར་ཏོ། །

རེ་ཞིག་རྒྱལ་བུ་གསུམ་དབེན་པར་གནས་པ་ན། ཆུང་ཤོས་ཡང་ལྕགས་ན་རེ། འུ་ཅག་གསུམ་ལ་ཕ་མ་ཡང་མེད། ནོར་ཀྱང་ཡེ་མི་གདའ་ན། ཕ་མའི་རིགས་ནི་བུ་ལ་སྙིང་ནི་བརྩེ། བདག་ཅག་ཆུང་བས་མགོ་མི་ཐོན་གྱིས་དོགས། ཕག་ན་ནོར་སྐལ་ཞིག་ཡོད་ནས་མཆི། དེ་གཅེན་གྱིས་འཚོལ་བར་ཞུ་ཞུས་པས། གཅེན་ལ་སྒྲིབ་པ་མི་མངའ་བས། རང་གི་མ་ལྕགས་མོ་བཞུགས་པའི་འོག་ནས་གསེར་བུམ་པ་གང་བཏོན་ནོ། ། གསེར་དེ་བྱུང་བ་མཐོང་བ་དང་ཡང་ལྕགས་ན་རེ། ཕ་མ་སྙིང་ཉེ་དེ་འོང་བར་རེ། ད་བདག་ཅག་སྤུན་གསུམ་གྱི་མདུན་མ་འདིས་ཅུང་མི་འོང་བར་འདུག་པས། གཅིག་གིས་ཆོས་བྱ་དགོས་སོ། ། གཅིག་གིས་ནོར་བསགས་ལ་རྒྱལ་སྲིད་འདི་བཟུང་དགོས། གཞན་དུ་ན་ངན་པ་དག་མ་འཆུན་པར་རང་གི་བསྟན་པ་ལ་གནོད་པར་འདུག་པས། གཅིག་གིས་མུ་སྟེགས་བྱེད་ཀྱི་ངན་སྔགས་བསླབས་ལ། ངན་པ་དག་ཚར་གཅད་འཚལ། ཞེས་སྨྲས་པས་འབྲིང་པོ་ཡང་འབར་ན་རེ། གཅེན་ཆེན་པོ་ཆོས་པ་ཡིན་པས། ཆོས་བྱེད་པ་ལས་འོས་མེད། ཆོས་པས་ཀྱང་ངན་པ་མི་འཆུན་ཞིང་། སྟོབས་ཀྱིས་ཀྱང་ངན་པ་མི་འཆུན་པར་གདའ་བས། སྔོན་ལ་ངན་སྔགས་ཤིག་བསླབས་ལ་ངན་པ་གཅུན་དགོས་པས། གཅེན་ཆེན་པོ་དང་། ནོར་འདིར་བཞག་སྟེ། རང་རེ་གཉིས་ངན་སྔགས་སློབ་ཏུ་འདེང་ཟེར་བ་ལ། གཅེན་གྱིས་གདམས་ངག་དུ་མའི་སྒོ་ནས་བཟློག་ཀྱང་ལས་ཀྱི་དབང་གིས་མ་བཟློག་པར་སོང་། དུས་རེ་ཞིག་རྒྱལ་བུ་བློ་གྲོས་འཕེལ་གྱི་དགོངས་པ་ལས་ཕྱོགས་འདི་བོན་དང་མི་སྟེགས་བྱེད་ཀྱི་ཡུལ་ཡིན། གཅུང་གཉིས་པོ་གྲོགས་ཀྱི་དབང་དུ་སོང་ནས་ནོར་འདི་དོན་མེད་ཀྱི་ཕྱོགས་སུ་བོ་བ་སྲིད། བོན་དང་མུ་སྟེགས་བྱེད་ཀྱི་ཡུལ་འདི་བསྒྲལ་ནས། ས་ཐག་རིང་བ་ན་ཨ་སུ་ར11གསང་བའི་བྲག་ཁུང་ཞེས་བྱ་བ་ན་བདག་གི་ཚེ་རབས་ཐམས་ཅད་ཀྱི་བླ་མ་ཨ་ཝ་དྷཱུ་ཏཱི་བ12ཞེས་བྱ་བ་གྲུབ་ཐོབ་ཆེན་པོ་ཅིག་སྤྲུལ་པ་གསུམ་དུ་མཛད་དེ། གཅིག་ནི་ཁ་བ་ཅན་གྱི་ཡུལ་དུ་སེམས་ཅན་གྱི་དོན་ལ་ཡང་ཡང་གཤེགས། གཅིག་ནི་རྒྱ་ནག་གི་ཡུལ་འདིར་ཡང་ཡང་འོང་། གཅིག་ནི་རྒྱ་གར་གྱི་ཕྱོགས་ཐམས་ཅད་ཁྱབ་པར་འགྲིམ། སྐུ་ནི་ཉན་ཐོས་ཆེན་པོའི་རྣམ་པར་བྱས་ཤིང་གཤེགས་པ་ཞིག་ཡོད་པས། དེའི་དྲུང་དུ་མ་ཕྱིན་ན་དྲག་པོ་མི་ཐུལ། སེམས་ཅན་ལ་ཕན་མི་ཐོགས་སྙམ་དུ་དགོངས་ནས་རང་གིས་བཏུལ་བའི་སྟོན་པ་བཅུ་གཉིས་པོ་དེ་ཕོ་བྲང་དུ་སྤྱན་དྲངས་ནས། ཁྱེད་བཅུ་གཉིས་པོ་ཕྱི་ནང་བར་གསུམ་གྱི་ཆོས་ལ་མཁས། ངའི་ཕོ་བྲང་འདིར་དགོན་པ་གྱིས་ལ་རེ་ཞིག་ལ་རང་གི་གདུལ་བྱར་གྱུར་པ་རྣམས་དམ་པའི་ཆོས་ལ་འཁོད། ཆ་ལུགས་ནི་དྲང་དོན་དུ་རང་རང་དང་མཐུན་པར་མཛོད་ཅིག ད་སྟེ་ལོ་གསུམ་ནས། ཡང་འབར་དང་ཡང་ལྕགས་གཉིས་ངན་སྔགས་བསླབས་ནས་འདིར་འོང་གིས། ཐབས་ཀྱིས་ངན་སྔགས་ལས་བཟློག་ལ་ཆོས་ལ་ཚུད། ཡང་འབར་རྒྱལ་སྲིད་འཛིན་དུ་ཆུག ཡང་ལྕགས་ལ་ཆོས་སློབས་ལ་དོན་དུ་གཉེར་བ་ལ་འཆད་དུ་ཆུག ཀྱེ་ང་ནི་འདི་ལྟ་སྟེ། སྔོན་ཚེ་འཁོར་བ་ཐོག་མེད་དུ། ། ཡོངས་ཀྱི་བཤེས་གཉེན་ཡོངས་ཀྱི་དཔལ། ། གཙུག་གི་ནོར་བུ་རིན་ཆེན་མཆོག། ཨ་ཝ་དྷཱུ་ཏཱི་ཞེས་གྲགས་པ། ། གསང་བའི་བྲག་ཁུང་ཞེས་བྱ་ན། ། ཨ་སུ་ར་ཡི་སྒྲུབ་ཁང་ཡོད། ། དེ་ན་བྱམས་དང་སྙིང་རྗེ་ཡི། ། པད་ཀོར13མཛེས་པ་ཕྱོགས་བཅུར་བསྐོར། ། བདག་མེད་ཆོས་ཀྱི་རྡོ་རྗེ་གསོར། ། བདུད་དང་མུ་སྟེགས་ལྷ་མིན་ཚོགས། ། གནས་དེར་བསྡུས་ཏེ་སྐྲག་པར་བྱེད། ། དམ་པ་དེ་ཡི་དྲུང་དུ་འགྲོ། བླ་མ་དེ་ཡི་ཞབས་ལ་གཏུགས། ། ཟག་མེད་བདུད་རྩི་སྙིང་པོ་ལེན། ། བསྡུ་བ་རྣམ་བཞིའི་བཀའ་ལུང་ལེན། ། ཆོས་དབྱིངས་ཆེན་པོར་སྔོ་བ་བྱེད། ། ཅེས་སྟོན་པ་དེ་དག་གི་དབུས་ནས་མི་སྣང་བར་གྱུར་ཏོ། །

དེ་ནས་ཨ་སུ་ར་གསང་བའི་བྲག་ཅེས་བྱ་བ་རྩེ་མོ་མཐོ་བའི་རྩེ་ལ་སྤྲིན་དང་ན་བུན་འཁྲིགས་པ། ངོས་རྩི་ཤིང་ནགས་ཚལ་རྒྱས་པའི་གསེབ་ན། དུག་སྦྲུལ་དང་གཅན་གཟན་གདུག་པ་ཅན་འགྲིམ་པ། སྨད་ཁྲག་མཚོ་འཁྱིལ་བའི་ནང་ན་དུང་དང་ཆུ་སྲིན་ལ་སོགས་པ་ཆུའི་སྐྱེ་བོ་དུ་མ་གནས་པ། གཟུགས་མེད་སྒྲ་སྐད་འབྱིན་པའི་ལྷ་མ་སྲིན་མང་པོ་ལབས་པ་དེ་ལྟ་བུའི་བྲག་ཁུང་ན། བླ་མ་ཨ་ཝ་དྷཱུ་ཏཱི་བ་ཆེ་ཆུང་རིམ་པ་གསུམ་བྲག་ཁུང་ཐ་དད་པ་གསུམ་ན་བསམ་གཏན་ལ་རྩེ་གཅིག་ཏུ་གནས་པ་ལ་གསེར་བུམ་པ་གང་བོ་དེ་ཆ་གསུམ་དུ་བཏང་སྟེ། བླ་མ་ཨ་ཝ་དྷཱུ་ཏཱི་བ་ཆེན་པོའི་ཕྱག་ཏུ་སུམ་ཆ་ཕུལ་ཏེ། ང་ཡི་ཞིང་ཁམས་ཁ་བ་ཅན་གྱི་ལྗོངས། ། བྱམས་པས་འདུལ་བྱེད་ཞིང་ཁམས་རྩུབ་པོ་དེར། ། དཔའ་བོ་ཁྱོད་བྱོན་ས་བདག་ཀླུ་གཉན་དང་། ། བདུད་དང་ལྷ་མིན་གདུག་རྩུབ་ཆེན་པོའི་ཚོགས། ། མ་ལུས་ཁྱེད་ཀྱིས་འདུལ་བྱེད་སྐལ་བ་ཅན། ། བདུད་རྩི་དུས་ལས་འདོམས་ཤིང་ཚིམ་པར་བྱེད། ། ཨེ་མ་ཁྱེད་ལ་ཆགས་པ་མི་མངའ་ཡང་། ། ཡང་འབར་ཡང་ལྕགས་ལ་སོགས་འགྲོ་དོན་དུ། ། ཐུགས་རྗེས་བཞེས་ལ་དེ་དག་ཞི་བར་མཛོད། ། དགེ་རྩ་ཆོས་དབྱིངས་དག་པས་མཆོག་ཏུ་བསྔོ། ། བླ་མའི་ཞལ་ནས་འདི་སྐད་དུ། ལེགས་པ་ལེགས་པའི་ལམ་ཞུགས་ལེགས་པར་མཆི། ། བདག་གིས་གཞན་དོན་དག་ཀྱང་གཙོ་བོར་བདེ། ། ཞེས་གཞན་ཅི་ཡང་མི་གསུང་བར་བཞུགས་སོ། ། ཡང་གསེར་སུམ་ཆ་ཨ་ཝ་དྷཱུ་ཏཱི་བ་འབྲིང་བོའི་ཕྱག་ཏུ་ཕུལ་ཏེ། རྒྱ་ནག་ང་རྒྱལ་དྲེགས་པའི་ལམ་ཞུགས་པ། ། མཁས་དང་མཁས་པར་རློམ་པ་མང་པོའི་ཚོགས། ། ཁྱོད་ཀྱིས་འདུལ་ཞིང་སྐལ་ལྡན་ཟག་མེད་ཀྱི། ། བདུད་རྩིས་ཚིམ་མཛད་བདུད་དང་མུ་སྟེགས་དག ། རབ་འཇོམས་སྤྲུལ་པ་ཆེན་པོ་ཉིད་ལ་འདི། ། ཆགས་པ་མི་མངའ་མོད་ཀྱིས་འབུལ་གྱིས་བཞེས། ། བསམ་དང་དངོས་བཟང་ཆོས་དབྱིངས་དག་པ་ཡི། ། ཞིང་དག་ཁྱེད་ལ་ཕུལ་བས་མཆོག་ཏུ་ཤོག། ཅེས་སྨྲས་པ་དང་། བླ་མའི་ཞལ་ནས། ཆོས་ཀྱི་ཆོས་མཆོད་ཚད་མེད་མཆོག་ཏུ་བཟང་། ། གདུག་པ་གང་གིས་འཚེ་ཚེ་མ་ཟ་གྱིས། ། ཞེས་གཞན་མི་གསུང་བར་བཞུགས། ཡང་གསེར་གྱི་སུམ་ཆ་བླ་མ་ཨ་ཝ་དྷཱུ་ཏཱི་བ་ཆུང་བ་ལ་ཕུལ་ཏེ། རྒྱ་གར་ཕྱོགས་རིས་མེད་པར་བླ་མ་ཁྱེད། ། སྤྲུལ་པ་དུ་མས་གང་དང་མཐུན་པའི་ཆོས། ། སྟོན་ཅིང་མ་རུངས་གདུག་པ་འདུལ་བར་བྱེད། ། སྐལ་ལྡན་དུས་ལ་བདུད་རྩིས་ཚིམ་མཛད་ཅིང་། ། གཞན་ཡང་ཕྱོགས་བཅུའི་ཞིང་ཁམས་མ་ལུས་པར། གདུལ་བྱའི་དབང་གིས་སྤྲུལ་པ་དུ་མ་འགྱེད། ། འགྲོ་བ་དེ་དག་ཐུགས་རྗེས་འདྲེན་མཛད་པའི། ། བླ་མ་ཁྱེད་ལ་གསེར་གཡུ་རྡོ་ཤིང་དག། ཁྱད་པར་མི་མངའ་རིན་ཆེན་འདི་འབུལ་གྱིས། ། བཞེས་ལ་ཆོས་སྟོན་འཁོར་བ་མ་སྟོངས་པར། ། ནམ་མཁའ་བཞིན་དུ་སྐྱེ་འབྲི་མེད་པར་བཞུགས། ། ཐམས་ཅད་དག་པས་དག་པའི་དབྱིངས་སུ་བསྔོ། ། ཞེས་ཞུས་པ་དང་། བླ་མ་ནམ་མཁའ་ལ་ཆེར་གཟིགས་ནས། འདི་སྐད་དུ། དཔེ་མེད་དཔེ་འདས་སྤྱད་བྱ་སྤྱོད་བྱེད་མེད། ། ཆགས་སྡང་འདིས་ཆོད་དབྱེར་མེད་ངང་དུ་ཁྱེར། ། ཞེས་གསུངས་ནས་རལ་གྲི་ཞིག་གནང་སྟེ་གཞན་ཅི་ཡང་མི་གསུང་བར་བཞུགས་སོ། །

དེ་ནས་རྒྱལ་བུ་བློ་གྲོས་འཕེལ་གྱིས་བླ་མས་གནང་བའི་རལ་གྲི་དེ་བསྣམས་ཏེ་གསང་བའི་བྲག་ལས་བབས་ཏེ་འོངས་པ་དང་། ནགས་ཀྱི་ཁྲོད་ནས་སྟག་དང་སྤྱང་ཁྱི་འདྲེས་པ་དྲུག་ཙམ་བྱུང་སྟེ། རྒྱལ་བུ་ཟ་བར་བརྩམས་པ་དང་། རྒྱལ་བུ་རང་བཞིན་གྱིས་བྱམས་པ་དང་སྙིང་རྗེར་ལྡན་པ་ལ་དེར་དེ་དག་ལ་དམིགས་ཏེ་ལྷག་པར་ཡང་བྱམས་པ་དང་སྙིང་རྗེ་དང་དེ་དག་གིས་སངས་རྒྱས་འཐོབ་འདོད་བསམ་གྱིས་མི་ཁྱབ་པ་འཁྲུངས་སོ། ། དེའི་ཚེ་འདི་སྐད་དུ། བདག་གི་ཕ་མ་མཆེ་བ་ཅན། ། ཕ་མ་ཟོས་ཤིང་བུ་ལ་ཡང་། ། ཟ་བའི་རྣམ་འགྱུར་བསྟན་རུང་ངམ། ། མ་ཟ་མ་ཟ་ལས་ལ་སོམས། ། ཞེས་སྨྲས་པས། གཅན་གཟན་དེ་དག་ངོ་ཞུམ་བྱས་ཏེ། འདི་སྐད་དུ། སྔོན་ཆད་དུ་མ་ཟོས་གྱུར་ཀྱང་། ། བདེན་པའི་ཚིག་གིས་གྲོལ་མ་གྱུར། ། ད་ལན་ཁྱེད་གསུང་མི་བཅག་འཚལ། ད་དུང་འཇིགས་ཆེན་འོང་དོགས་ཡོད། ། བསམ་བཟང་ངེད་དང་འགྲོགས་པར་བྱ། ། མ་འགྲོགས་ན་ནི་མི་ཐོན་ནོ། ། ཞེས་ཟེར་ནས་གཅན་གཟན་དག་དང་རྒྱལ་བུ་བསྡོངས་ཏེ། རྒྱལ་བུས་རང་བཞིན་ལ་སྤྱད་པས་གནས་ཨ་སུ་ར་གསང་བའི་བྲག་གི་མི་མ་ཡིན་གཅན་གཟན་གྱི་རྣམ་པར་བར་དུ་གཅོད་དུ་འོངས་པ་ལ། བྱམས་པ་དང་སྙིང་རྗེའི་ཆུ་རྒྱུན་ལ་འདོད་པའི་མེ་ཕྲན་གྱིས་བར་དུ་མ་ཆོད་པར་རང་རང་གི་གྲོགས་སུ་ཤར་བ་གཟིགས་ནས། སྔར་གྱི་ཏིང་ངེ་འཛིན་ལས་མ་གཡོས་པར་དཔག་ཚད་མང་པོར་འགྲོགས་ཏེ་ཕྱིན་ནོ། ། དེ་ནས་གཅན་གཟན་དེ་དག་མི་རིང་བ་ནས་བྱེར་ཏེ་སོང་ངོ་། །

དེ་ནས་བསིལ་ཐང་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོ་ཞིག་ན་སྐྱེ་བོ་དཔག་ཏུ་མེད་པ་གདའ་བ་ལ། ལ་ལ་ནི་གླུ་གར་ལ་སོགས་པ་དགའ་བའི་རྣམ་འགྱུར་དུ་མ་སྟོན། ལ་ལ་ནི་ཇུ་ཞིང་སྨྲེ་སྔགས་དུ་མ་འདོན། མི་དཔའ་བ་ཞིག་ལུས་ལ་གོ་མཚོན་དུ་མས་བརྒྱན་ཏེ་རྟ་ཞིག་ལ་ཞོན་པ་ན་སྐྱེ་བོ་གཞན་དུ་མས་འཐེན་ཞིང་ངུ་། དེར་འདི་དག་གི་སྤྱོད་ཚུལ་འགལ་བ་ལ་སྙམ་ནས་དྲིས་པ་ལ། གྲོང་ཁྱེར་འདིའི་དབུས་ཀྱི་ཕོ་བྲང་འདི་ན། སྔར་རྒྱལ་པོ་འཇིགས་བྱེད་བྱ་བ་ཡོད་པ་ལ། བཙུན་མོ་ཤིན་ཏུ་མཚར་བ་ཞིག་ཡོད་པས་དེ་ལ་ཀླུ་བདུད་ཞུགས་ཏེ། མོས་རྒྱལ་པོའང་བཀུམ། བློན་འབངས་མང་པོའང་ཟོས། དེང་སང་གྲོང་ཁྱེར་བ་འདི་དག་ལ་མི་རེ་ལ་ཞག་རེ་ཟ་རེས་བསྐོར་པས་མི་དཔའ་བོ་འདི་ཡང་ཟ་རེས་ལ་འགྲོ་བ་ཡིན་པས་ཆ་ལུགས་འདི་འདྲའང་ནང་པར་ལྡོག་མི་ནུས་པས་ངུ་བ་ཡིན། ལ་ལའི་དགའ་གར་སྣ་ཚོགས་བྱེད་པ་ནི་མོས་ནམ་ཟ་ཆ་མེད། ཟོས་ན་དགའ་བའི་གར་རྩེར་མི་འོང་བས། དགའ་བའི་གར་གྱི་སྣང་བ་ཡུད་ཙམ་སྟོན་པ་ཡིན། བཞིན་བཟང་ཁྱེད་ཀྱིས་མི་ཤེས་སམ། རྒྱལ་བུས་སྨྲས་པ། འོ་ན་གོ་ཆ་སྲ་ཞིང་མཚོན་ཆ་རྣོ་བ་དུ་མས་བཅོམ་ན་མི་ཆོམས་སམ། དེ་དག་ན་རེ། ཀྱེ་བཞིན་བཟང་དཔའ་བོ་མི་རོ་མང་བར་ཟད། མོ་ལ་ནི་གླགས་ཆེ་བར་མི་གདའ། དེར་རྒྱལ་བུའི་ཞལ་ནས། ཁྱེད་རྣམས་སྡུག་བསྔལ་མ་བྱེད་ཅིག དོ་ནུབ་འདིའི་ཚབ་ལ་ཁོ་བོས་ཆོག་དེར་ཐམས་ཅད་བྱང་ཆུབ་སེམས་དཔའ་ཞེས་དགའ་སྟེ། མི་དེའི་ཆས་ཐམས་ཅད་རྒྱལ་བུ་ལ་བརྒྱན་ནས་བཏང་ངོ་། ། དེར་ཕོ་བྲང་དེའི་ནང་ན་རྟ་དང་གླང་པོ་དང་མ་ཧེ་ལ་སོགས་པ་ནོར་མང་པོ་གདའ་བ་ལ་མི་ཐམས་ཅད་མཛེ་མོ་ཞིག་གིས་ཟོས་ནས་འདུག་པ་ལ། རྒྱལ་བུས་རྟ་དེ་རིན་པོ་ཆེའི་བྲེས་ཤིག་ལ་བཏགས་ཏེ་ཕུགས་ན་མཛེ་མོ་ཞིག་གདའ་བ་དེའི་རྩ་ན་རིན་པོ་ཆེའི་ཁྲི་ཞིག་འདུག་པ་དེ་ལ་རྒྱལ་བུས་བཞུགས་པ་དང་། མཛེ་མོ་དེ་རྒྱལ་བུ་ལ་ཆེར་བལྟས་ནས། མི་ཁྱོད་དག་བཞིན་བཟང་རློམ་པ་ཅན་ཞིག་གདའ་སྟེ་ངའི་ལུས་ལ་ཨ་ཙི་བྷོ་ལ་ཞེས་བྱ་བ་སྟོབས་ཆེ་བ་ཞིག་ཡོད་པ་དེས། ང་རྒྱལ་ཅན་ངས་བཅིངས་པ་ཐམས་ཅད་དེས་ཟ། སྔར་མང་བས་ཀྱང་མ་ཐུབ། བཙན་པས་ཀྱང་མ་ཐུབ། མི་ཁྱོད་རེང་བུར14བཟླུམས་སམ། དེར་རྒྱལ་བུས། གཟུགས་མེད་མཐོང་བ་དང་ཚིག་དེ་ཐོས་པས་དངོས་དང་བརྒྱུད་པའི་སྡུག་བསྔལ་ལ་བསམས་ཏེ་བྱམས་པ་དང་སྙིང་རྗེ་དྲག་པོ་སྐྱེས། བླ་མས་གནང་བའི་རལ་གྲི་དེ་རྩིག་པའི་ལོགས་ལ་བཀལ། སྐྱེ་བོ་དེ་དག་གིས་བསྐུར་པའི་རལ་གྲི་རེག་པ་ཙམ་གྱིས་གཞན་ཆོད་པ་འདྲ་བ་དེ་ལག་ཏུ་བཟུང་སྟེ་བསྡད་པ་དང་། མཛེ་མོ་དེ་ན་རེ། ཤེས་རབ་ཀྱི་རལ་གྲི་ཞིག་མེད་ན་མཚོན་ཆ་དེ་ལ་རེ་ན་སྡུག་མཆི་ཟེར། དེ་ནས་ཉི་མ་དམར་ཐག་ཆོད་པ་དང་མཛེ་མོ་དེས་མར་མེ་ཆེན་པོ་ཞིག་ལ་བལྟམས་ཏེ་བྱུང་། དེ་ནས་རེ་ཞིག་ནས། མཛེ་མོ་དེའི་སྣ་བུག་ནས་སྦྲུལ་ནག་པོ་གཉའ་ཤིང་ཙམ་ཞིག་བསྙེངས་ཏེ་ཐོན་ནས་བྱུང་བ་དང་། རྒྱལ་བུའི་དགོངས་པ་ལ། སེམས་ཅན་དེ་དག་ལ་གནོད་པ་འདིས་བྱས། སེམས་ཅན་གྱི་དོན་དུ་རལ་གྲི་འདིས་བསྒྲལ་ལམ། བླ་མས་གནང་པའི་རལ་གྲིས་བསྒྲལ་སྙམ་སྟེ། བླ་མའི་རལ་གྲི་ལ་བལྟས་པས། བླ་མའི་རལ་གྲི་དེའང་བཞི་ཆ་ཙམ་ཤུབས་ནས་འཕར་འདུག དེ་ནས་སྦྲུལ་དེའི་སུམ་གཉིས་ཙམ་ཐོན། རལ་གྲི་དེའི་ཡང་སུམ་གཉིས་ཙམ་ཐོན། རེ་ཞིག་ན་སྦྲུལ་དེ་ཡང་མར་ལ་ཐིམ་སོང་། རལ་གྲི་དེ་ཡང་སྦྲུལ་ཇི་ལྟར་བྱེད་པ་བཞིན་བྱེད། དེའི་ཚེ་རྒྱལ་བུས་འདི་སྐད་དུ། དུག་སྦྲུལ་ནག་པོ་མ་ནུབ་ཅིག། བརྩམས་ནས་ལྡོག་ན་དཔའ་བོ་མིན། ། འཐབས་ནས་མ་ཐུབ་རང་ལ་ངན། ། མི་ཐུབ་བསྡོ་བ15གླེན་པ་ཡིན། ། ལས་ངན་རང་གི་རྗེས་འབྲང་ཕྱིར། ། ཁྱོད་ཀྱི་མཐའ་ལམ་ངན་འགྲོ་ཡིན། ། ཞེས་སྨྲས་པས། མཛེ་མོ་ན་རེ། ཀྱེ་ཁ་ཕོ་སྔོན་ལ་མ་ཆེ་ཞིག། རྗེས་སུ་མཐོང་ནས་འགྱོད་པར་འོང་། ། ཞེས་པའི་རྗེས་ལ་སྣ་བུག་ནས་དུག་སྦྲུལ་ནག་པོ་དེ་ཐོན་ནས་འདོམས་བདུན་ཙམ་དུ་བྱུང་བ་དང་། བླ་མས་གནང་པའི་རལ་གྲི་དེ་འཕར་ནས་སོང་སྟེ། རྐེད་པ་ནས་བཅད་པ་དང་། ལྕེ་དམར་པོ་ཞིག་གིས་བལྡགས་པས་ཡང་སླར་འབྱར། དེའི་མོད་ལ་རལ་གྲིའི་སོ་གཉིས་ཀས་དུམ་བུ་གཉིས་སུ་བཏང་། གཉིས། བཞི། བརྒྱད། བཅུ་དྲུག   སུམ་ཅུ་རྩ་གཉིས་ཀྱི་བར་དུ་གཏུབས་ཏེ། རྒྱལ་བུས་ས་བཏབ་པས་ལྕེས་བལྡགས་ཀྱང་། ས་ཁལ་ཁལ་ཙམ་ལས་འབྱར་མ་ནུས། དེ་ནས་རལ་གྲིའི་སོ་དེས་དུམ་བུ་རྣམས་གཡབས་པས16སྡུད་པ་བཞིན་དུ་བསྡུས་ཏེ་ལུད་ཀྱི་ཁུང་བུར་སྦས་སོ། ། དེར་སྔར་གྱི་མཛེ་མོ་དེ་ནི་ཤིན་ཏུ་གསལ་བ་མཛེས་པ་ཞིག་ཏུ་གྱུར་ཏེ། ཁང་བའི་ནང་ཐམས་ཅད་ལ་བྱི་དོར་བྱས། དྲི་བཟང་གི་ཆུས་ཆག་ཆག་བཏབ། གོས་གསར་བ་གྱོན། རྒྱན་དག་ཀྱང་བཏགས་ཏེ། རྒྱལ་བུའི་མདུན་དུ་ཐལ་མོ་སྦྱར་ནས། ཁྱེད་ལྟ་བུའི་སྟོབས་ཆེན་གང་ནས་བྱོན། འདི་ལྟ་བུའི་ཡོན་ཏན་འོང་བ་ཅི་ལགས། ཀླུ་བདུད་འདི་ནི་སུས་ཀྱང་འདུལ་བར་མ་ནུས་པ་ལ་ཁྱོད་ཀྱིས་བཏུལ། ཁྱོད་རྙེད་པའི་མཆོག་ལེགས་པར་རྙེད་པས། བདག་གི་ལུས་ལོངས་སྤྱོད་ཐམས་ཅད་ཁྱེད་ལ་འབུལ། མི་མང་པོའང་ཁྱོད་ཀྱིས་བདེ་བ་ལ་བཀོད། ཡུལ་འདི་ཐམས་ཅད་ཁྱོད་ཀྱིས་བསྐྱང་ཞིང་བཞུགས་པར་ཞུ། རྒྱལ་བུ་ན་རེ། ཀླུ་བདུད་ནག་པོའི་འབྱུང་གནས་ཁྱོད་དང་ང་གཉིས་ལྷན་ཅིག་ཏུ་གནས་པར་བྱེད་དམ། བདག་གིས་མི་འདི་དག་གི་སྲོག་བསྐྱབ་པའི་དོན་དུ་འདིར་འོངས་ཀྱིས། ཁྱོད་འདོད་པའི་ཕྱིར་ནི་མ་ཡིན་ནོ། ། ཡང་བུ་མོ་ན་རེ། ཁྱེད་ཀྱི་གསུང་བཟློག་པ་དཀའ་ནའང་། བྱང་ཆུབ་སེམས་དཔའ་ལ་སེམས་ཅན་དམུ་རྒོད་ཀྱི་དོན་བྱ་བ་ལས་མེད། ང་སེམས་ཅན་ཉོན་མོངས་པ་ཅན་གྱི་ལུས་མཛེས་པ་འདི་དགྲར་ལངས། ངེད་ཀྱི་གྲོགས་རྒྱལ་པོ་ཆེན་པོའང་འདིས་བཀྲོངས། བློན་པོ་ལ་སོགས་པའི་མི་མང་པོའང་འདིས་ཟོས། སྟོབས་ཆེན་གང་གིས་ཀྱང་འདུལ་བར་མ་ནུས་པ་ཁྱོད་ཀྱིས་བཏུལ་བ་ལ། ཁྱེད་དྲིན་ཆེ་བའི་ངོས་ནས་ཀྱང་ཅིའི་ཕྱིར་མི་འཛིན། ཐུགས་བརྩེ་བའི་སྒོ་ནས་གཟུང་དུ་གསོལ། ཞེས་ནན་དུ་གསོལ་བ་དང་། རྒྱལ་བུས་ཀྱང་བརྩེ་བའི་སྒོ་ནས་ཞལ་གྱིས་བཞེས། བུ་མོས་ཀྱང་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས་ཏེ། རྒྱལ་བུས་ནང་པར་གྲོང་ཁྱེར་བ་དེ་དག་གི་དབུགས་འབྱིན་དུ་ཕྱིན་པ་དང་། གྲོང་ཁྱེར་བ་ཐམས་ཅད་ཡ་མཚན་ནས་རྒྱལ་པོར་གསོལ་བ་བཏབ་པ། རྒྱལ་བུས་ཀྱང་དེའི་རྒྱལ་པོ་ཆེན་པོ་མཛད་དོ། ། སྐྱེ་བོ་དེ་དག་ཐམས་ཅད་ཀྱིས་ཀྱང་། རྒྱལ་པོ་དང་བླ་མ་ཐུན་མོང་དུ་བཟུང་། ཐམས་ཅད་ཀྱང་ཆོས་ལ་སྤྱོད་པར་གྱུར་ཏོ། །

དུས་རེ་ཞིག རྒྱ་ནག་ཧྭ་ཤང་གི་ཡུལ་རང་གི་ཕོ་བྲང་གང་ན་ཡོད་པ་དེར་ཕྱིན་པ་དང་རྒྱལ་བུ་ཡང་འབར་གྱིས་ནི་རྒྱལ་པོ་བྱེད། ཡང་ལྕགས་ཀྱང་ཕྱི་ནང་གི་ཆོས་ལ་མཁས་པར་བྱས་ནས་ཐུན་མོང་གི་དངོས་གྲུབ་ཀྱང་ལོན། རྒྱལ་བུ་གཉིས་ཀྱང་ཐམས་ཅད་ཀྱིས་བཀུར་ཞིང་གདའ་བ་ལ། རྒྱལ་པོ་བློ་གྲོས་འཕེལ་གྱིས་ཀྱང་ཆོས་བསྟན་པས་ཐམས་ཅད་ཀྱིས་ཀྱང་གྲུབ་པ་ཐོབ་བོ། །

ལེགས་པའི་ཤེས་རབ། ད་ལྟ་ཡང་གྲུབ་དེ་དག རྒྱ་ནག་ལ་སོགས་པ་གནས་སྣ་ཚོགས་པ་ན་སྤྲུལ་པ་དུ་མ་འགྱེད་ཅིང་གདའོ། ། ཡང་འབར་ནི། ཟླ་བ་སྔོན་མ་དེ་ལ་ལྷ་རི་སྙིང་པོའི་མགུལ་ན་ཆོས་འཆད་ཅིང་ཡོད་ཙ་ན། ཨ་ཙརྱ་ཞིག་བྱུང་ནས་འབྲོམ་ལ་ཕྱག་འཚལ་བ་དེ་ཡིན་ཏེ། ཁྱོད་ཀྱིས་སེམས་ལ་ཟིན་ནམ་གསུང་། རྔོག་ན་རེ། རྒྱུ་མཚན་དང་བཅས་པ་ངེས་པ་མི་གདའ་ཟེར། དེ་ལྟར་ན་དེ་འདྲ་བའི་གདུལ་བར་དཀའ་བ་ཐམས་ཅད་ལ། བྱམས་པ་དང་སྙིང་རྗེ་དཔག་ཏུ་མེད་པ་བསྒོམས་ཤིང་། ཐམས་ཅད་ཀྱིས་སངས་རྒྱས་ཐོབ་འདོད་ཀྱི་བསམ་པ་བརྟན་པར་མཛད་དོ། ། དེའི་ཚེ་བློ་གྲོས་འཕེལ་ནི། རྒྱལ་བའི་འབྱུང་གནས་ལ་འཁྲུལ་བ་མེད། བླ་མ་ཨ་ཝ་དྷཱུ་ཏཱི་བ་གསུམ་པོ་དེ་ཁོ་བོ་ཡིན་ཞེས་གསུངས་སོ། ། དེ་ལྟར་བྱམས་དང་སྙིང་རྗེ་བསྒོམ་བྱ་ཞིང་། ། བྱང་ཆུབ་སེམས་ནི་བརྟན་པར་བྱ། ། ཞེས་བྱ་བ་ལས་བརྩམས་ཏེ། འབྲོམ་རྒྱལ་བའི་འབྱུང་གནས་ཀྱི་སྐྱེས་རབས་བསྟན་པ་ལས། རྒྱལ་བུ་བློ་གྲོས་འཕེལ་དུ་ཇི་ལྟར་སྐྱེ་བ་བཞེས་པའི་ལེའུ་སྟེ་སྐྱེས་རབས་བརྒྱད་པའོ། །

2 མཆན་འགྲེལ།

1.ཡན་ལག་བདུན་པ། ཚོགས་བསགས་ཡན་ལག་བདུན་པ་སྟེ། 《ལྟུང་བཤགས》ལས། ཕྱག་འཚལ་པ་དང་མཆོད་ཅིང་བཤགས་པ་དང་། ། རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། ། དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། ། ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོའོ། ། ཞེས་གསུངས་པ་ལྟར། ཕྱག་འཚལ་པའི་ཡན་ལག མཆོད་པའི་ཡན་ལག བཤགས་པའི་ཡན་ལག རྗེས་སུ་ཡི་རང་བའི་ཡན་ལག ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་པའི་ཡན་ལག མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པའི་ཡན་ལག དགེ་བ་རྫོགས་བྱང་དུ་བསྔོ་བའི་ཡན་ལག་བཅས་བདུན་ནོ། ། 

2.མངོན་ཤེས། རང་གི་སེམས་རྟེན་བསམ་གཏན་གྱི་སྙོམས་འཇུག་ལ་བརྟེན་ནས་ཐ་མལ་གྱི་དབང་པོའི་ཡུལ་ལས་འདས་པའི་རང་ཡུལ་མངོན་སུམ་དུ་རྟོགས་པའི་ཆ་ནས་བཞག་པའི་ཞི་ལྷག་ཟུང་འབྲེལ་གྱི་ཡིད་ཤེས་ནི་མངོན་ཤེས་ཀྱི་མཚན་ཉིད་ཡིད་ཞེས《རྒྱན་འགྲེལ》ལས་གསུངས་སོ། ། 

3.གང་ཟག་དམ་པ། གདགས་གཞི་ཕུང་པོ་ལྔ་བོ་གང་རུང་ལ་བརྟེན་ནས་བཏགས་པའི་འགྲོ་བ་རིགས་དྲུག་དང་ཐེག་པ་གསུམ་གྱི་སྐྱེ་འཕགས་གང་དང་གང་དེའི་རྒྱུད་ལ་སྐྱོན་ཡོན་གཉིས་ཀ་རེ་ཞིག་གང་བ་དང་། རེ་ཞིག་ཟག་པ་སྟེ་འཇིག་པར་འགྱུར་བས་ན་གང་ཟག་ཅེས་དང་། དམ་པ་ནི་མཆོག་ཏུ་གྱུར་པ་སྟེ། གང་ཟག་དམ་པ་ནི་སྐྱེས་བུ་མཆོག་ཏུ་གྱུར་པའོ། ། 

4.མུ་སྟེགས། སྒྲ་དོན་ནི། མུ་ནི་མཐའ་ལ་འཇུག་པས་འཁོར་བའི་མཐའ་ཐར་པ་དང་། སྟེགས་ནི་ཐར་པ་དེར་འཛེག་པའི་རྐང་སྟེགས་ལྟ་བུའི་ཐབས་སམ་ལམ་སྟེ། རང་ངོར་ཐར་པ་དང་མཐོ་རིས་སུ་འཐོབ་པའི་ཐབས་སུ་འདུ་ཤེས་པའི་ལམ་ལ་མུ་སྟེགས་ཞེས་བྱའོ། ། དེ་སྟོན་པའི་བསྟན་བཅོས་འཛིན་ཅིང་སྤེལ་བར་བྱེད་པས་ན་མུ་སྟེགས་ཅན་ཞེས་དབྱངས་ཅན་དགའ་བློས《ལམ་རིམ་ཆེན་མོའི་བརྡ་བཀྲོལ》ལས་གསུངས་ལ། ཡོངས་གྲགས་སུ་དཀོན་མཆོག་གསུམ་སྐྱབས་གནས་སུ་མི་འཛིན་ཞིང་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པའི་ཆོས་ལུགས་མཐའ་དག་གོ། 

5.མགལ་མེའི་འཁོར་ལོ། ཤིང་དུམ་ལྟ་བུ་མེས་བསྲེགས་ཏེ་མེ་ལྕེ་འབར་རྒྱུ་མེད་པའི་མེ་སྟེ། དེ་བསྐོར་པས་ན་མེའི་འཁོར་ལོ་ལྟ་བུ་ཞིག་ཏུ་སྣང་བ་ལ་ཟེར།  

6.ཚད་མེད་བཞི། ཐེག་ཆེན་པས་སེམས་ཅན་ཚད་མེད་པར་དམིགས་ནས་བསྒོམས་ཏེ་བསོད་ནམས་ཚད་མེད་པ་འཕེན་པར་བྱེད་པའི་སེམས་བཞི་སྟེ། སེམས་ཅན་ཐམས་ཅད་བདེ་བ་ལ་འགོད་པས་ཕན་གདགས་སོ་སྙམ་དུ་སེམས་པ་བྱམས་པ་ཚད་མེད་དང་། སེམས་ཅན་ཐམས་ཅད་ཉོན་མོངས་པ་དང་བྲལ་ཞིང་སྡུག་བསྔལ་བསལ་བས་ཕན་གདགས་སོ་སྙམ་དུ་སེམས་པ་སྙིང་རྗེ་ཚད་མེད། སེམས་ཅན་རྣམས་གོང་མ་ལྟར་ཕན་པ་དང་བདེ་བར་དོན་བྱས་པ་ལེགས་སོ་སྙམ་དུ་སེམས་པ་དགའ་བ་ཚད་མེད། སེམས་ཅན་རྣམས་བདེ་བ་དང་གྲོལ་བར་བྱས་ཟིན་པ་རྣམས་ཡང་གྲོལ་བར་བྱ་མི་དགོས་པས་བཏང་སྙོམས་སུ་གཞག་པ་བཏང་སྙོམས་ཚད་མེད་དོ། །

7.བྱིན་གྱིས་བརླབས་པ། བྱིན་ནི་སྐུ་གསུང་ཐུགས་ཀྱི་གཟི་བྱིན་དང་། བརླབས་ནི་བསྒྱུར་པའི་དོན་ཏེ་བློ་བསྒྱུར་པར་གོ་དགོས།  

8.མི་སྟོ། གནོད་པ་མེད་པའམ་སྐྱོན་མི་སྣང་བ།   

9.ནམ་མཁས་གར་ཁྱབ་ཕ་མས་ཁྱབ། སེམས་ཅན་ཐམས་ཅད་ཕ་མ་ཡིན་པས། སེམས་ཅན་ནི་ཧ་ཅང་ཁྱབ་ཆེ་སྟེ་ནམ་མཁས་གར་ཁྱབ་པར་དེས་ཀྱང་ཁྱབ་པར་གྱུར་པས་ན་དེ་ལྟར་བརྗོད་དོ། །

10.བྱིན་རླབས། འཕགས་པའི་ལམ་ཆོས་ཀྱི་དོན་གང་ཡིན་པ་ལ་གནས་པའི་དབང་ཐོབ་ཅིང་མཐུ་ཡོད་པ་ནི་བྱིན་རླབས་ཞེས་བྱའོ་ཞེས《ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང》དུ་གསུངས།  

11.ཨ་སུ་ར། རྒྱ་གར་སྐད་དེ། བོད་སྐད་དུ་ལྷ་མ་ཡིན་ཞེས་སོ། ། 

12.བླ་མ་ཨ་ཝ་ངྷཱུ་ཏཱི་བ། ཇོ་བོ་རྗེའི་བླ་མ་བྱམས་པའི་རྣལ་འབྱོར་བ་ཞེས་གྲགས་པ་དེ་ཡིན་ནམ་དཔྱད།  

13.པད་ཀོར། ཕྱག་རྒྱའི་བྱེ་བྲག་ཅིག  

14.རེང་བུ། རྐྱང་བའམ་གཅིག་པུ།  

15.བསྡོ་བ། བརྗེ་བ་དང་། འགྲན་པ་དང་། བཤད་པ་བཅས་དོན་དུ་མ་ལ་འཇུག་སྟེ། འདིར་འགྲན་པའོ། ། 

16.གཡབས་པ། གཡོབ་པའི་འདས་པ། ཚུར་བཀུག་པའམ་ཕྱོགས་གཅིག་ཏུ་བསྡུས་པའི་དོན།