འཕྲི་སྒྱུར།སྔ་མའི་པར་གཞི་དེ ཁྲ་ཚེ་རིང་དབང་ལྡན།  ནས 2018-04-04 10:03ལ་འགྲུབ།

འཕྲི་སྒྱུར།

རྒྱ་བོད་སྐད་རིགས་སོ་སོའི་བརྡ་སྤྲོད་ལུགས་ཀྱི་ཁྱད་ཆོས་ལ་གཞིགས་ནས་བརྡ་སྒྱུར་དོན་ལ་མི་ཕན་པའི་དགོས་མེད་ཀྱི་ཚིག་རོ་འཕྲི་བ་ནི་བསྟན་དོན་བརྡ་སྒྱུར་ཁ་གསལ་བ་དང་སྙན་ལ་འཇུག་བདེ་བའི་ཆེད་དུ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
减译
1 གོ་དོན། 

སྐད་རིགས་གཉིས་ཀའི་བརྡ་སྤྲོད་ལུགས་ལ་སོགས་ཐ་དད་ཡིན་པས། བསྒྱུར་བྱའི་སྐད་ལ་མེད་དུ་མི་རུང་བའི་མིང་དང་ཚིག མིང་གི་ཚོགས་པ། ཚིག་གི་སྦྱོར་བ་སོགས་ལས་གང་རུང་ཞིག་སྒྱུར་བྱེད་ཀྱི་སྐད་ལ་དོ་གལ་ཆུང་བའམ་ཚིག་རོར་གྱུར་བ་ཕྲིས་ཏེ་བསྒྱུར་བ་ལ་བྱ། 

1_1 འཕྲི་སྒྱུར་གྱི་ཐབས། 

སྒྱུར་ཐབས་འདི་ཡང་བོད་བཙན་པོའི་དུས་ནས་ལག་ལེན་དུ་འདེབས་བཞིན་ཡོད་ལ་ཆོས་རྗེ་ས་པཎ་གྱི་རིང་ནས་གཞུང་ལུགས་སུ་བསྟན་ཏེ་དཔེ་དང་བཅས་གསལ་བཤད་མང་དུ་མཛད་ཡོད། འཕྲི་སྒྱུར་བྱེད་པ་དེ་ལའང་དགོས་པ་ངེས་ཅན་ཞིག་ལ་དམིགས་པ་དང་བྱེ་བྲག་གི་རྩ་དོན་ལྡན་པ་ལྕང་སྐྱ་རོལ་བའི་རྡོ་རྗེའི<<དག་ཡིག་མཁས་པའི་འབྱུང་གནས>>ལས། “ཡང་འགའ་ཞིག་བོད་སྐད་ཇི་ལྟ་བ་བཞིན་བསྒྱུར་ན་ཧོར་སྐད་ལ་ཚིག་ལྷག་ཧ་ཅང་མང་བས་དོན་གྱི་ཆ་བསྒྲིབས་པ་ལྟ་བུ་ཡང་ཡོད་པས། དེ་ལ་ནི་དོན་ལ་མི་གནོད་པར་བྱས་ཏེ་ཚིག་ལྷག་རྣམས་དོར་བས་ཆོག”ཅེས་བསྟན་པ་ལྟར་ན།

1_2 (1) འཕྲི་སྒྱུར་གྱི་དགོས་པ། 

ཚིག་ལྷག་ཧ་ཅང་མང་བས་དོན་གྱི་ཆ་བསྒྲིབས་པ།

1_3 (2) འཕྲི་སྒྱུར་གྱི་རྩ་དོན། 

① དོན་ལ་མི་གནོད་པ། ② ཚིག་ལྷག་རྣམས་དོར་བ།

ཞེས་གང་ཞིག་འཕྲི་བ་དེ་སྒྱུར་བྱེད་སྐད་དུ་ཇི་བཞིན་བསྒྱུར་ན་ཚིག་ལྷག་ཏུ་སོང་ནས་དོན་གྱི་ཆ་རྣམས་བསྒྲིབས་པར་བྱེད་པས་ན་དེ་ལ་འཕྲི་བའི་དགེ་མཚན་ལྡན་པ་དང་། དེ་ཉིད་འཕྲི་བར་བྱས་ཀྱང་མ་ཡིག་གི་བསྟན་དོན་ཇི་བཞིན་མཚོན་པ་ལ་མི་གནོད་པ་ཞིག་ངེས་པར་ཡིན་དགོས། དེས་ན་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཁྱད་ཆོས་ལས་འཕྲོས་ཏེ་གནས་བབ་གང་ཞིག་ཏུ་ཚུལ་ཇི་ལྟར་འཕྲི་བ་ཞིབ་ཏུ་བརྗོད་ན་མང་ཡང་། འདིར་གཙོ་བོ་ཕྱོགས་གཉིས་ནས་བརྗོད་ན།

དང་པོ་ནི་ཚིག་ལྷག་སྐྱུང་ཆེད་འཕྲི་བ་སྟེ། རྒྱ་ཡིག་ལས་བསྟན་བྱ་གཅིག་ལ་ཐ་སྙད་འགའ་རེ་བརྩེགས་ནས་སྦྱར་ཡོད་པ་རྣམས་རེ་རེ་བཞིན་བསྒྱུར་ན་བོད་རང་གི་སྐད་དུ་ཚིག་ལྷག་ཏུ་འགྱུར་སྲིད་ལ། ཐ་ན་དོན་གྱི་ཆ་བསྒྲིབས་པའི་ཉེན་ཁའང་ལྡན་པས། དེ་ལ་ནི་སྒྱུར་བྱེད་སྐད་དུ་ཐ་སྙད་གཅིག་གིས་འཐུས་པར་བྱས་ཏེ་ཚིག་རུས་གྲིམ་པར་བྱེད་པ་ཡིན། ཡང་སྐབས་འགའ་ཤས་སུ་རྒྱ་བོད་ཡིག་རིགས་གཉིས་ཀྱི་སྐད་ཆའི་སྦྱོར་སྟངས་དང་ཚིག་གི་གྲུབ་ལུགས་སོགས་མི་འདྲ་བས། རྒྱ་ཡིག་ལ་དེ་ལྟར་བརྗོད་རུང་ཡང་བོད་དུ་དེ་ལྟར་སྦྱར་ན་ཚིག་ལྷག་ཏུ་འགྱུར་སྲིད་པའང་ཡོད་པས་འཕྲི་བར་བྱེད་པ་སྟེ། དཔེར་ན།

1.那里的人们没有柴烧,没有房子住。

ས་དེའི་མི་རྣམས་ལ་བུད་ཤིང་དང་སྡོད་ཁང་མེད།

2.新中国成立以来,培养了一大批少数民族工作干部。

ཀྲུང་གོ་གསར་བ་དབུ་བརྙེས་པ་ནས་བཟུང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་འབོར་ཞིག་སྐྱེད་སྲིང་བྱས།

3.我们不能同意主张党章修改的意见。

ཏང་གི་རྩ་འཛིན་བཟོ་བཅོས་བྱ་བའི་བསམ་འཆར་དེར་ང་ཚོ་ཡིད་མཐུན་བྱ་མི་རུང་།

ཞེས་དཔེར་བརྗོད་དང་པོ་ལས“柴”དང“烧”གཉིས་ཀྱི་གཞི་འབབ་ས་གཅིག་ཏུ་སོང་ཡོད་པ་དང་། མ་ཡིག་ཇི་བཞིན“འབུད་རྒྱུའི་བུད་ཤིང” “འདུག་སའི་སྡོད་ཁང”ཞེས་བསྒྱུར་ན་བོད་ཡིག་ཏུ་ཚིག་ལྷག་ཏུ་སོང་བས་དོར་བ་དང་། ཡང་དཔེར་བརྗོད་གཉིས་པ་ལས“工作”དང“干部”ཞེས་ཐ་སྙད་གཉིས་བྱུང་བ་བོད་ཡིག་ཏུ“ལས་བྱེད་པ”ཞེས་ཐ་སྙད་གཅིག་གིས་འཐུས་པར་བྱས་ཏེ་ཚིག་ལྷག་སྐྱུང་ཡོད། དེ་བཞིན་དུ“主张”དང“意见”གཉིས་ཀྱི་དོན་བསྙེགས་སའང་གཅིག་ཏུ་སོང་ཡོད་ལ་ཇི་བཞིན་བསྒྱུར་ན་ཚིག་རོར་འགྱུར་བས་བོད་ཡིག་ཏུ“主张”ཕྲིས་ནས་བསྒྱུར་བ་ཡིན། ཡང་དཔེར་ན།

4.西藏要坚持因地制宜,积极发展水电站建设,推广利用地热能、太阳能和风能。

བོད་ལྗོངས་ཀྱིས་ཡུལ་བབ་དང་བསྟུན་ཐབས་རྒྱུན་འཁྱོངས་བྱས་ཏེ་ཧུར་བརྩོན་གྱིས་ཆུ་གློག་ས་ཚིགས་འཛུགས་སྐྲུན་བྱེད་པ་དང་། ས་འོག་ཚ་ནུས་དང་ཉི་ནུས། རླུང་ནུས་བཅས་ཁྱབ་གདལ་དུ་གཏོང་དགོས། ཞེས་བོད་རང་གི་སྐད་ཆའི་སྦྱོར་ལུགས་ལ་བསྟུན་ཆེད་ཚིག་ལྷག་ཏུ་འགྲོ་སྲིད་པའི་ཐ་སྙད་རྣམས་དོར་ནས་བསྒྱུར་བ་ལྟ་བུས་རིགས་བསྒྲེ་བར་བྱའོ།།

གཉིས་པ་ནི་ཟློས་སྐྱོན་སེལ་ཕྱིར་འཕྲི་བ་སྟེ། རྒྱ་ཡིག་ལ་མཚོན་ན་ཚིག་གཅིག་གི་ཁྲོད་དུ་ཐ་སྙད་གཅིག་ལན་འགར་བྱུང་ཡང་དོན་སྟོན་པ་ལ་དགེ་མཚན་ལྡན་པས་སྐྱོན་དུ་མི་འགྲོ་མོད། དེ་ཇི་ལྟ་བ་བཞིན་བོད་ཡིག་ཏུ་བསྒྱུར་ཚེ་དགོས་མེད་ཀྱི་ཟློས་སྐྱོན་དུ་འགྲོ་སྲིད་པས། དེ་ལ་ནི་དོན་མཚོན་པ་ལ་མི་གནོད་པར་བྱས་ཏེ་ཚིག་ལྷག་རྣམས་དོར་བས་ཆོག དཔེར་ན།

1.老中青三代人都要互相尊重,互相学习,互相帮助。

རྒན་དར་གཞོན་གསུམ་གྱིས་ཕན་ཚུན་ལ་བརྩི་བཀུར་དང་སློབ་སྦྱོང་། རོགས་རམ་བཅས་བྱེད་དགོས།

2.粉碎“四人帮”是我们党的胜利,是无产阶级的胜利,是人民的胜利。

“མི་བཞི་ཤོག་ཁག”རྡུལ་དུ་བརླགས་པ་ནི་ང་ཚོའི་ཏང་གི་རྒྱལ་ཁ་དང་། འབྱོར་མེད་གྲལ་རིམ་གྱི་རྒྱལ་ཁ། མི་དམངས་ཀྱི་རྒྱལ་ཁ་བཅས་རེད།

ཞེས་མ་ཡིག་གི་ཁྲོད་ལན་འགར་བྱུང་བའི“互相”དང“是”གཉིས་ནི་འགྱུར་ཡིག་ཁྲོད་ཡང་ཡང་བྱུང་ན་བོད་ཀྱི་སྐད་དུ་བསྐྱར་ཟློས་སུ་འགྲོ་བས། དེའི་སྐྱོན་བསལ་བའི་ཐབས་སུ་འཕྲི་བར་བྱས་ཏེ་ཐེངས་གཅིག་ཏུ་བསྡུས་ཀྱང་བརྗོད་དོན་ཧྲིལ་བོ་མཚོན་པ་ལ་སྐྱོན་མི་ཞུགས་པ་ལྟ་བུས་མཚོན་པར་བྱའོ།།

1_4 མདོར་དྲིལ་བ།

སྣོན་སྒྱུར་བྱེད་པ་ལ་དོན་གྱི་ས་བོན་དང་འཕྲི་སྒྱུར་བྱེད་པར་ཚིག་གི་ལྷག་རོ་རྙེད་རྒྱུ་ཤིན་ཏུ་གལ་ཆེ་སྟེ། དོན་ལ་འབྲེལ་བ་མེད་པའམ་བརྗོད་དོན་གསལ་བ་ལ་མི་ཕན་པའི་ཚིག་ལྷག་མང་དུ་བསྣན་ན་འགྱུར་ལྷག་གི་སྐྱོན་འབྱུང་བ་དང་། ཡང་ན་བསྡུ་ཚུལ་མ་ལེགས་པར་དོན་གསལ་བ་ལ་མེད་དུ་མི་རུང་བའི་ཚིག་གི་ཆ་ཤས་འཕྲིས་ན་འགྱུར་ཆད་ཀྱི་སྐྱོན་འབྱུང་བས། སྣོན་འཕྲི་གང་ཡང་མ་ཡིག་ལ་བསྟུན་པའམ་འགྱུར་མ་བརྗོད་བདེ་བའི་ཆེད་དུ་ཡིན་དགོས་སོ།།