བསྒྱུར་གྱི་རྩ་དོན།སྔ་མའི་པར་གཞི་དེ ཁྲ་ཚེ་རིང་དབང་ལྡན།  ནས 2018-04-04 10:04ལ་འགྲུབ།

བསྒྱུར་གྱི་རྩ་དོན།

བསྒྱུར་གྱི་རྩ་དོན་འདི་ནི<<སྒྲ་སྦྱོར་བམ་གཉིས>>ལས་བསྟན་པའི་བསྒྱུར་གྱི་རྩ་དོན་ཡིན་ལ། ལོ་ཙཱ་བྱ་བས་ངེས་པར་དུ་བརྩི་སྲུང་དང་ལག་ལེན་བྱ་དགོས་པའི་རྩ་བའི་དགོངས་དོན་ཏེ། མི་རིགས་དང་དུས་རབས་མི་འདྲ་བ་དང་། ལྷག་པར་དུ་བསྒྱུར་བྱ་གཞུང་ངོས་ཀྱི་ཁྱད་ཆོས་དང་དེ་ཉིད་རང་སྐད་དུ་བསྒྱུར་བའི་དམིགས་ཡུལ་སོགས་མི་འདྲ་བའི་དབང་གིས། བསྒྱུར་གྱི་རྩ་དོན་ལའང་གནས་སྐབས་སོ་སོར་འཇོག་སྟངས་མི་འདྲ་བར་འབྱུང་སྲིད་པས་འདི་ནས<<སྒྲ་སྦྱོར་བམ་གཉིས>>ལས་བསྟན་པའི་བསྒྱུར་གྱི་རྩ་དོན་གསལ་བཤད་བྱས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
译的原则
1 <<སྒྲ་སྦྱོར་བམ་གཉིས>>ལས་བསྟན་པའི་བསྒྱུར་གྱི་རྩ་དོན།

བསྒྱུར་གྱི་རྩ་དོན་ཞེས་པ་ནི་ལོ་ཙཱ་བྱ་བས་ངེས་པར་དུ་བརྩི་སྲུང་དང་ལག་ལེན་བྱ་དགོས་པའི་རྩ་བའི་དགོངས་དོན་ཏེ། མི་རིགས་དང་དུས་རབས་མི་འདྲ་བ་དང་། ལྷག་པར་དུ་བསྒྱུར་བྱ་གཞུང་ངོས་ཀྱི་ཁྱད་ཆོས་དང་དེ་ཉིད་རང་སྐད་དུ་བསྒྱུར་བའི་དམིགས་ཡུལ་སོགས་མི་འདྲ་བའི་དབང་གིས། བསྒྱུར་གྱི་རྩ་དོན་ལའང་གནས་སྐབས་སོ་སོར་འཇོག་སྟངས་མི་འདྲ་བར་འབྱུང་སྲིད། དེས་ན་བོད་བཙན་པོའི་དུས་ཀྱི་བསྒྱུར་གྱི་རྩ་དོན་གང་ཞེ་ན།

1_1 ལོ་ཙཱའི་ཚད་གཞི་གཉིས།

དོན་དང་ཡང་མི་འགལ་ལ་བོད་ལའང་གར་བདེ་བར་གྱིས་ཤིག་ཅེས་འགྱུར་ཡིག་གིས་མ་རྩོམ་གང་གི་བརྗོད་དོན་དེ་ཆད་ལྷག་ནོར་འཛོལ་མེད་པར་ཇི་བཞིན་མཚོན་པར་བྱེད་དགོས་པ་དང་གཅིག འགྱུར་ཡིག་གང་ཉིད་བོད་རང་གི་བརྡ་སྤྲོད་པའི་གཞུང་དང་སྐད་ཆའི་སྦྱོར་སྲོལ་སོགས་དང་མཐུན་པར་བྱས་ཏེ། སྔ་ཕྱི་འབྲེལ་ཆགས་ཤིང་བརྗོད་བདེ་བ་ཞིག་ཡིན་དགོས་པ་དང་གཉིས་སོ།།

1_2 ལོ་ཙཱའི་རྩ་དོན་ཆེན་པོ་གསུམ།

1.ཆོས་ཀྱི་གཞུང་དང་མཐུན་པ། 2.བྱཱ་ཀ་ར་ཎའི་ལུགས་དང་མཐུན་པ། 3.བོད་མི་རང་གི་གོ་བ་བཅས་སོ། །

1_3 ལོ་ཙཱ་བྱེད་དུས་དོ་སྣང་བྱེད་དགོས་པ་བཞི།

1. ཞེ་སའི་ཐ་སྙད་རྒྱས་བསྡུས་སྐབས་དང་འཚམ་པར་བྱ་བ། 2.བཀས་བཅད་རྩ་དོན་རྣམས་སྒྱུར་པ་པོ་ཚང་མས་བརྩི་སྲུང་བྱ་དགོས་པ། 3.མིང་གསར་བ་བཏགས་དགོས་བྱུང་ན། བསམ་འཆར་རྣམས་རྒྱལ་པོ་དང་ལོ་ཙཱ་བ། མཁན་པོ་བཅས་ལ་སྙན་ཞུ་འབུལ་དགོས་པ། 4.བཀས་བཅད་གནང་རྗེས་གཞི་ནས་བསྒྱུར་ཆོག་པའི་བཀའ་ཕབ་པ་རྣམས་མ་གཏོགས་ལོ་ཙཱ་བ་རྣམས་ཀྱིས་གང་འདོད་དུ་བསྒྱུར་མི་ཆོག་པ་བཅས་སོ།།

1_4 སྒྱུར་ཐབས་དམ་པ་བཞི།
  1. རང་སོར་འཇོག་པ།

  2. འདི་ནི་བསྒྱུར་བྱ་གང་དེའི་སྒྲ་དོན་ཇི་ལྟ་བ་བཞིན་སྒྱུར་བྱེད་སྐད་དུ་སོར་འཇོག་བྱས་པ་ལ་བྱ་སྟེ། འདིར་རིགས་བཞི་ཙམ་བྱུང་ཡོད་པ་ནི། མིང་གཅིག་དོན་མང་ལ་འཇུག་པ་རྣམས་ཐ་སྙད་གཅིག་གི་ནང་དུ་བརྗོད་བྱའི་དོན་ཐམས་ཅད་འདུ་བར་བྱེད་མི་ཐུབ་པས། དོན་གཅིག་ཁོ་ན་ལ་བསམ་ནས་མི་བསྒྱུར་བར་རྒྱ་གར་སྐད་རང་སོར་འཇོག་པ་དང་གཅིག  རང་ཡུལ་ན་མེད་པའི་མེ་ཏོག་དང་རྩི་ཤིང་། རི་དྭགས་སོགས་དང་། ཡང་ན་ཡུལ་དང་སེམས་ཅན་སོགས་ཀྱི་མིང་བསྒྱུར་ན་ཡིད་གོལ་ཞིང་ཚིག་མི་བདེ་བས། མིང་དེའི་སྔ་ཕྱིར་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་བསྣན་ནས་རྒྱ་གར་སྐད་རང་སོར་འཇོག་པ་དང་གཉིས། གོང་ནས་བཀའ་བསྩལ་བ་མ་གཏོགས་གསང་སྔགས་ཀྱི་གཞུང་རྣམས་མི་བསྒྱུར་བར་རྒྱ་གར་སྐད་རང་སོར་འཇོག་པ་དང་གསུམ། བྱཱ་ཀ་ར་ཎའི་སྒྲ་བཞིན་དུ་བསྒྱུར་བར་མི་རིགས་པའི་སྐོར་རྣམས་སྒྲ་བཙན་པའི་ཕྱིར་རང་སོར་འཇོག་པ་དང་བཞི་བཅས་སོ།།


གོང་དུ་བསྟན་ཟིན་པའི་རྒྱ་སྐད་རང་སོར་འཇོག་པའི་རིགས་བཞི་བོ་དེ་དང་། རྒྱ་ནག་གི་སྡེ་སྣོད་འཛིན་པ་ཐང་སིན་བླ་མས་བཏོན་པའི་མི་བསྒྱུར་བ་ལྔ། (五不翻)སྟེ། (1)གསང་བའི་སྔགས་མི་བསྒྱུར་བ། (2)དོན་གྱི་རྣམ་གྲངས་མང་པོ་ལ་འཇུག་པའི་རིགས་མི་བསྒྱུར་བ། (3) རྒྱ་ནག་ཡུལ་ན་མེད་པའི་རིགས་མི་བསྒྱུར་བ། (4)གྲགས་པ་བཙན་པོའི་རིགས་མི་བསྒྱུར་བ། (5)བསྟན་དོན་ཟབ་ཅིང་བརླིང་བའི་རིགས་མི་བསྒྱུར་བ་བཅས་ལྔ་བོ་གཉིས་ནི་གྲངས་ཀྱི་ཁྱད་པར་ཙམ་ལས་ཆ་ཀུན་ནས་མཚུངས་པས། གནའ་རབས་རྒྱ་བོད་ཀྱི་ལོ་ཙཱ་རྣམས་ལ་ཐུན་མོང་གི་ངེས་ཤེས་འདི་ལྟ་བུ་རྙེད་པ་ནི་ངོ་མཚར་ཆེ་ཞིང་། དེ་ལ་ཚན་རིག་གི་རང་བཞིན་ཅི་ཙམ་ལྡན་ཚུལ་དང་། ལོ་ཙཱ་བྱ་བའི་སྤྱི་ལ་ཡོད་པའི་ཆོས་ཉིད་ཅིག་ཡིན་ཚུལ་ཡང་ཤིན་ཏུ་གསལ་ལོ།།

2. ཐད་སྒྱུར། ལེགས་སྦྱར་སྐད་ཀྱི་གོ་རིམ་མ་བརྗེས་པར་སྐད་དོན་རེ་རེ་བཞིན་ཐད་ཀ་ཐད་སོར་བོད་སྐད་དུ་བསྒྱུར་བ་ལ་བྱ་སྟེ། ཚིག་ངོས་ཀྱི་བསྟན་དོན་དྲང་ཐད་དུ་བསྒྱུར་བ་ལ་བྱ།

3. དོན་སྒྱུར། ལེགས་སྦྱར་སྐད་ཀྱི་བརྗོད་བྱའི་བསྟན་དོན་བཞིན་སྒྱུར་བྱེད་སྐད་ལ་དཀྲུགས་སྡེབ་ཡོད་པའི་ངང་བསྒྱུར་བ་ལ་བྱ་སྟེ། བོད་རང་གི་སྐད་ལ་ཚིག་གསལ་ཞིང་གོ་བདེ་བ་ཞིག་འབྱུང་བར་བྱེད་པ་ཡིན།

4. སྣོལ་སྒྱུར། བོད་རང་གི་སྐད་ལ་འབྲེལ་ཆགས་ཤིང་བརྗོད་བདེ་བའི་ཆེད་དུ་ཚིག་སྔ་ཕྱིའི་གོ་རིམ་བསྣོལ་ནས་བསྒྱུར་བ་ལ་བྱ།