སྣོན་སྒྱུར།སྔ་མའི་པར་གཞི་དེ ཁྲ་ཚེ་རིང་དབང་ལྡན།  ནས 2018-04-04 10:03ལ་འགྲུབ།

སྣོན་སྒྱུར།

རྒྱ་བོད་ལོ་ཙཱའི་ལག་ལེན་དངོས་ཀྱི་ཁྲོད་དུ་ཚིག་སྣོན་གྱི་ཐབས་སྤྱོད་དགོས་པའི་རིགས་ཉུང་ཉུང་མིན། བསྒྱུར་ལ་སྣོན་ཐབས་སྤྱོད་དགོས་པ་དེ་ནི་བསྟན་དོན་བདེ་བླག་ཏུ་གོ་ཐུབ་པ་དང་འཁྲུལ་གཞི་གཅོད་ཐུབ་པ། བརྗོད་བདེ་ཞིང་ཁ་གསལ་དུ་འགྲོ་བའི་ཆེད་དུ་ཡིན། མ་ཡིག་གི་ཚིག་འགྲོས་སུ་མེད་པའི་ཚིག་འགའ་ཅུང་ཟད་ལྷག་པར་བསྒྱུར་བ་དེ་ནི་བསྒྱུར་བྱའི་མ་ཡིག་གི་གོ་དོན་དང་འབྲེལ་བ་ཡེ་ནས་མེད་པའི་ཚིག་གསར་བ་བསྣན་པ་ཞིག་ནི་མ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
增译
1 ​གོ་དོན། 

སྣོན་སྒྱུར་ནི་ཚིག་སྒྱུར་བ་ལ་ཆེས་ཆེར་བྲིན་པའི་རྒྱུན་སྤྱོད་ཀྱི་ལོ་ཙཱའི་ཐབས་རྩལ་ཞིག་སྟེ། བསྒྱུར་བྱ་ཡིག་གི་ཚིག་གདོང་ལ་དངོས་སུ་མེད་ཀྱང་སྒྱུར་བྱེད་སྐད་ལ་འབྲེལ་ཆགས་ཤིང་གོ་བདེ་བ་ཞིག་འོང་ཆེད་ཚིག་ཟུར་ཅུང་ཟད་རེ་བསྣན་ནས་སྒྱུར་བའི་ཐབས་ཤིག་ལ་བྱ། དེ་ཡང་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཚིག་དོན་གྱི་ཁྱབ་རྒྱ་དང་བརྡ་སྤྲོད་ཀྱི་བྱེད་ནུས། ཚིག་རྒྱན་སྦྱོར་སྟངས། སྐད་ཆའི་སྦྱོར་ལུགས་སོགས་མི་འདྲ་བའི་དབང་གིས། སྐབས་ལ་ལར་མ་ཡིག་གི་བརྗོད་དོན་རྫོགས་པར་སྟོན་ཆེད་བསྒྱུར་བྱའི་ཚིག་ངོས་ན་མེད་ཀྱང་ཤུགས་བསྟན་དུ་ཡོད་པའི་མིང་བརྡའམ་ཚིག་ཟུར་རེ་བསྣན་ནས་སྒྱུར་བྱེད་སྐད་ཀྱི་ཆོས་ཉིད་དང་སྦྱོར་ལུགས་ལ་མཐུན་པར་བྱེད་པ་ཡིན་ནོ།།

1_1 བོད་སྔ་རབས་པའི་ལོ་ཙཱ་བ་དག་གིས་ཀྱང་ཐུགས་སྣང་དང་ལག་ལེན་མཛད་པའི་སྒྱུར་ཐབས་ཤིག

སྒྱུར་ཐབས་འདི་ནི་བོད་སྔ་རབས་པའི་ལོ་ཙཱ་བ་དག་གིས་ཀྱང་ཐུགས་སྣང་ཆེས་ཆེར་མཛད་ཡོད་པ་དང་ལག་ལེན་གྱི་རིན་ཐང་ཡང་མཐོན་པོར་ལྡན་པའི་སྒྱུར་ཐབས་ཤིག་སྟེ། དཔེར་ན། <<སྒྲ་སྦྱོར་བམ་གཉིས>>སོགས་ལས་ཡུལ་དང་སེམས་ཅན་དང་། མེ་ཏོག་དང་རྩི་ཤིང་ལ་སོགས་པའི་མིང་བསྒྱུར་དུས་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་བསྣོན་པ་འདིའང་དོན་གྱིས་སྣོན་སྒྱུར་གྱི་རིགས་སུ་གཏོགས་ལ། ལྷག་པར་དུ་ཚིག་གི་ཕྲེང་བ་གང་ཞིག་བསྒྱུར་བ་ལ་དེ་ལས་ཀྱང་མཁོ་གལ་ཆེ་བའི་ཐབས་རྩལ་ཞིག་ཡིན། བོད་བཙན་པོའི་དུས་ནས་མིང་དང་ཚིག་གང་ཞིག་བསྒྱུར་བ་ལ་རྒྱུན་དུ་སྤྱད་ཡོད་པ་དཔེར་ན་ལོ་ཆེན་འགོས་ཆོས་གྲུབ་ཀྱིས་བསྒྱུར་བའི་མདོ་མཛངས་བླུན་ལས། “一切无常生者皆终,三界皆苦谁得安者”ཞེས་པ་བོད་ཡིག་ཏུ“ཐམས་ཅད་ནི་མི་རྟག་པ་སྟེ། སྐྱེ་བ་ཡང་མཐར་འཆི་ལ། འདུས་པ་ཡང་མཐར་འབྲལ་བས། ཁམས་གསུམ་ནི་སྡུག་བསྔལ་བ་དང་བཅས་པས་ན། གང་ཞིག་བདེ་བར་འགྱུར།”ཞེས་མ་ཡིག་ན་མེད་པའི“འདུས་པ་ཡང་མཐར་འབྲལ་བས”ཞེས་པའི་ཚིག་དེ་བསྣན་པས་མ་རྩོམ་གང་གི་བསྟན་དོན་རྫོགས་པར་བྱེད་པ་ལ་ཕན་ནུས་རྒྱ་ཆེར་ཐོན་ཡོད་པ་ལྟ་བུ་དང་། ཡང་དཔེར་ན་ལངྐར་གཤེགས་པའི་མདོ་ལས།“不思议熏,及不思议变,是现识因”ཞེས་པ་ལ“བསམ་གྱིས་མི་ཁྱབ་པའི་བག་ཆགས་ཡོངས་སུ་བསྒོས་པ་དང་། བསམ་གྱིས་མ་ཁྱབ་པའི་ཡོངས་སུ་འགྱུར་བ་ནི་སྣང་བའི་རྣམ་པར་ཤེས་པའི་རྒྱུའོ།།”ཞེས་མ་རྩོམ་ན་མེད་པའི“བག་ཆགས”ཞེས་ན་མ་བསྣན་ན་བསམ་གྱིས་མི་ཁྱབ་པ་གང་ཞིག་བསྒོས་པ་ཆ་མི་འཚལ་ཞིང་དོན་གྱིས་ངོ་བོ་ཡང་མི་གསལ་བས་མིང་དེ་ཁ་བསྣན་པ་ལ་དགེ་མཚན་ཧ་ཅང་ཆེ་བ་ལྟ་བུའོ།།

སྣོན་སྒྱུར་གྱི་ཐབས་ལམ་འདི་ཉིད་ལག་ལེན་དུ་མེད་དུ་མི་རུང་ཞིང་སྤྱོད་རྒྱ་ཤིན་ཏུ་ཡངས་པས་ན། ཕྱིས་ཀྱི་ལོ་ཙཱ་བ་དག་གིས་ཀྱང་སྒྱུར་ཐབས་འདི་ལ་གཞུང་ལུགས་ཀྱི་སྟེང་ནས་ཁ་ཇེ་གསལ་དུ་བཏང་ཡོད་དེ། སྒྱུར་ཐབས་དེ་ཉིད་སྤྱོད་པའི་དགོས་པ་དང་རྩ་དོན་ལ་སོགས་ཀྱང་ཞིབ་ཏུ་བསྟན་ཡོད། དཔེར་ན་ས་པཎ་མཁས་འཇུག་ལས། འགལ་ཞིག་བོད་ལ་གོ་བདེའི་ཕྱིར།། ལེགས་པར་སྦྱར་ལ་མེད་ནའང་།། ཅུང་ཟད་ལྷག་པར་བསྒྱུར་བ་ཡོད།། དེ་ལ་མཁས་པས་བཤད་མི་དགོས།། ཞེས་བསྒྱུར་བྱའི་སྒྲ་ལ་སྐད་དོད་དེ་ལྟ་བུ་མེད་ཀྱང་སྒྱུར་བྱེད་སྐད་ལ་གོ་བདེ་བའི་ཆེད་དུ་སྒར་ཁ་ཤས་གསར་དུ་བསྣན་ནས་བསྒྱུར་དགོས་པ་དཔེ་དང་བཅས་གསལ་བཤད་མང་དུ་མཛད་ཡོད་པ་ལྟ་བུ་དང་། མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་ཀྱང“སྤྱིར་འགྱུར་དེ་བསྒྱུར་བྱ་ལས་མང་ཙམ་མ་བྲིས་ན་མི་གསལ་བ་སྐད་ཐམས་ཅད་ལ་འདྲ་ཞིང་། རྒྱ་དཔེ་དང་བོད་དཔེ་བསྡུར་ན་མང་ཉུང་ཤིན་ཏུ་ཆེ་བ་ཡང་རྒྱ་སྐད་འདུ་ཆེ་བ་མ་ཡིན་ཏེ། རྒྱ་ཚིག་བརྒྱད་མ་རྣམས་ཚེག་བར་བདུན་དང་། བཅུ་བ་རྣམས་དགུར་བསྒྱུར་བས་བཀླགས་ན་བོད་སྐད་ཉུང་ཡང་སྔོན་རྗེས་ཀྱི་ཡིག་ཚོགས་ཆེ་བས་བོད་དཔེ་དཔེ་བོངས་ཆེ་བར་སྣང་།”ཞེས་དང་། ལྷག་པར་དུ་ལྕང་སྐྱ་རོལ་བའི་རྡོ་རྗེ་ཚང་གིས<<དག་ཡིག་མཁས་པའི་འབྱུང་གནས>>ལས“སྐབས་འགའ་ཞིག་ཏུ་ཚིག་ཟུར་ཅུང་ཟད་རེ་མ་བསྣན་ན་དོན་གྱི་ནུས་པ་མི་རྫོགས་པ་ལྟ་བུའང་ཡོད་པས། དེ་ལ་ནི་དོན་གསལ་བ་ལ་ཕན་ཞིང་ཚིག་རོར་མ་སོང་བའི་སྐད་ཟུར་དུ་བསྣན་ནས་བསྒྱུར་བར་བྱའོ།།”ཞེས་སྒྱུར་ཐབས་འདི་ཉིད་སྤྱོད་པའི་དགོས་པ་དང་བྱེ་བྲག་གི་རྩ་དོན་དང་བཅས་པ་གཏན་དུ་འཁེལ་ཡོད་དེ།

1_2 (1)སྣོན་སྒྱུར་བྱེད་པའི་དགོས་པ། 

དོན་གྱི་ནུས་པ་རྫོགས་པར་སྟོན་ཆེད་སྣོན་པ།

1_3 (2)སྣོན་སྒྱུར་གྱི་རྩ་དོན། 

①དོན་གསལ་བ་ལ་ཕན་པ། ② ཚིག་རོར་མ་སོང་བ།

ཞེས་གང་ཞིག་གསར་དུ་བསྣོན་པ་དེ་སྐབས་བབ་ཀྱི་བསྟན་དོན་རྫོགས་པའི་ཆེད་ཡིན་པ་མ་གཏོགས། དེ་ཡང་སྒྱུར་པ་པོ་རང་གི་འདོད་མོས་ལྟར་བསྣན་ན་མི་རུང་སྟེ། གང་ཞིག་བསྣན་པ་དེ་མ་ཡིག་གི་དོན་གསལ་བ་ལ་ཕན་ཞིང་སྒྱུར་བྱེད་སྐད་དུ་ཚིག་ལྷག་ཏུ་མ་སོང་བ་ཞིག་ཅིས་ཀྱང་ཡིན་དགོས།

དེས་ན་རྒྱ་བོད་ཡིག་རིགས་གཉིས་ཀྱི་བརྡ་སྤྲོད་ལུགས་དང་སྐད་ཆའི་སྦྱོར་སྲོལ་སོགས་ལ་བརྟག་ནས། སྐབས་བབ་གང་འདྲ་ཞིག་ལ་ཚུལ་ཇི་ལྟར་སྣོན་སྒྱུར་བྱ་དགོས་པའི་ཐད་ལ་ཞིབ་ཏུ་ཕྱེས་ན་ནང་གསེས་ཀྱི་དབྱེ་བ་ཅུང་མང་མོད། དེ་དག་ཀྱང་མདོར་དྲིལ་ན་ཕྱོགས་གཉིས་སུ་འདུས་ཏེ།

གཅིག་ནི་གནས་སྐབས་ཀྱི་བསྟན་དོན་དེའི་ངོ་བོ་ཇེ་གསལ་དུ་བཏང་ནས་དོན་གྱི་ནུས་པ་རྫོགས་ཆེད་སྣོན་པ་སྟེ། དེ་ཡང་རྒྱ་ཡིག་གི་བརྡ་སྤྲོད་ཆོས་ཉིད་དང་སྐད་ཆའི་སྦྱོར་ལུགས་ཀྱི་ཁྱད་ཆོས་ལྟར་ན། མིང་བརྡ་འགའ་རེའི་བསྟན་དོན་ནི་དངོས་སུ་མ་བསྟན་ཡང་ཚིག་གོང་འོག་གི་གཏན་ཚིགས་ཀྱི་འབྲེལ་བ་ལས་ཤུགས་སུ་གོ་ནུས་པ་དང་། ཡང་སྐབས་ལ་ལར་བརྗོད་བདེ་བའི་ཆེད་དུ་ཚིག་ཟུར་མི་དགོས་པ་རྣམས་བསྡུ་ཅི་ནུས་བྱས་ཡོད། དེ་བས་མ་ཡིག་གི་ངོ་གདོང་ལས་དངོས་སུ་བསྟན་ཡོད་པ་བསྒྱུར་བ་ཙམ་གྱིས་ད་དུང་བརྗོད་དོན་གང་ཉིད་གསལ་བོར་མཚོན་མི་ནུས་ལ། སྐབས་ལ་ལར་གོ་ལོག་ཐེབས་སྲིད་པའི་ཉེན་ཁའང་འབྱུང་སྲིད་པས། སྒྱུར་བྱེད་བོད་ཡིག་ཁྲོད་དུ་ཚིག་ཟུར་ཅུང་ཟད་རེ་བསྣན་ནས་དེའི་ཤུགས་བསྟན་དང་བཅས་པ་གསལ་བར་བྱས་ཏེ་སྐབས་བབ་ཀྱི་བསྟན་དོན་རྫོགས་པར་བྱེད་པ་ཡིན། དཔེར་ན།

1.贫农基金必须迅速发下去。

ཞིང་དབུལ་ལ་རོགས་སྐྱོར་བྱེད་པའི་མ་དངུལ་དེ་ངེས་པར་དུ་གང་མྱུལ་གྱིས་མར་སྤྲོད་དགོས། ཞེས་པ་ལྟ་བུ་དང་།

2.在这种情况下,就是不要割断历史。

གནས་ཚུལ་དེ་ལྟ་བུའི་འོག་ཏུ་ལོ་རྒྱུས་ཀྱི་རྒྱུན་གཅོད་མི་རུང་།

3.因为这种宗派主义在一部分同志中还很严重,还在障碍党的路线的实行,所以我们要针对这个问题在党内进行广大的教育。

ཕྱོགས་རིས་རིང་ལུགས་དེའི་རིགས་བློ་མཐུན་ཁག་གཅིག་གི་ཁྲོད་དུ་ད་དུང་ཧ་ཅང་ཚབས་ཆེན་དུ་གནས་ཡོད་ལ། དེས་ཏང་གི་ལམ་ཕྱོགས་ལག་ལེན་དུ་བསྟར་བར་ད་དུང་བར་ཆད་བཟོ་བཞིན་ཡོད་པས། ང་ཚོས་གནད་དོན་དེར་དམིགས་ནས་ཏང་ནང་ཁུལ་དུ་སློབ་གསོའི་བྱ་བ་རྒྱ་ཆེན་པོ་ཞིག་སྤེལ་དགོས།

4.加强学生管理,提高教学质量。

སློབ་མའི་དོ་དམ་གྱི་བྱ་བར་ཤུགས་སྣོན་དང་། སློབ་ཁྲིད་ཀྱི་སྤུས་ཀ་མཐོར་འདེགས་བྱ་དགོས།

5人民往往把民主同美国联系起来,认为美国的制度是最理想的民主制度。我们不能搬你们的。

མི་རྣམས་ཀྱིས་རྟག་ཏུ་དམངས་གཙོ་དང་ཨ་མེ་རི་ཁ་གཉིས་སྦྲེལ་ནས་བརྗོད་ཀྱིན་ཡོད་ལ། ཨ་རིའི་ལམ་ལུགས་ནི་ཕུགས་བསམ་དང་ཆེས་མཐུན་པའི་དམངས་གཙོའི་ལམ་ལུགས་ཤིག་རེད་སྙམ། ཁྱོད་ཚོའི་བྱེད་སྟངས་དེ་ང་ཚོས་ཇི་བཞིན་ལད་ཟློས་བྱ་མི་རུང་། ཞེས་བོད་རང་གི་སྐད་ལ་འབྲེལ་ཆགས་ཤིང་གོ་བདེ་བར་བྱ་ཆེད་བསྒྱུར་བྱ་མ་ཡིག་ན་མེད་པའི་ཚིག་ཟུར“རོགས་སྐྱོར་བྱེད་པ”། “རྒྱུན”། “བྱ་བ”། “བྱེད་སྟངས”སོགས་ཁ་བསྣན་ནས་གནས་སྐབས་ཀྱི་དོན་དེའི་ངོ་བོ་གསལ་ཞིང་ནུས་པ་རྫོགས་པར་བྱས་པ་ལྟ་བུའོ།།

གཉིས་ནི་ཚིག་ཚན་ཕན་ཚུན་བར་གྱི་རྒྱུ་འབྲས་དང་གཞི་ཆོས་ལ་སོགས་པའི་འབྲེལ་བ་ངེས་ཕྱིར་སྣོན་པ་སྟེ། རྒྱ་ཡིག་ཁྲོད་དུ་ཚིག་གོང་འོག་དང་སྔ་ཕྱིའི་འབྲེལ་བ་ཇི་ལྟར་ཡིན་པ་གཏན་ཚིགས་ཀྱི་འབྲེལ་བ་སོགས་ལ་བརྟེན་ནས་གོ་ནུས་ཕྱིར། ཚིག་ཚན་ཕན་ཚུན་བར་ལ་སྦྲེལ་བྱེད་ཀྱི་ཚིག་ཕྲད་དངོས་སུ་སྦྱོར་བའི་དགོས་པ་མེད་མོད། སྒྱུར་བྱེད་བོད་སྐད་ཀྱི་ཆོས་ཉིད་དང་གོམས་སྲོལ་སོགས་ལ་བསྟུན་ཆེད་སྐབས་ལ་ལར་ཚིག་ཕྲད་སོགས་གསར་དུ་བསྣན་ནས་ཚིག་ཚན་སྔ་ཕྱིའི་འབྲེལ་བ་ཇེ་གསལ་དུ་གཏོང་དགོས། དཔེར་ན།

1.闹事就使我们不能安心建设,我们已经有“文化大革命”的经验教训,这样一闹,就会出现新的“文化大革命”

ཟིང་ཆ་བསླངས་ན་ང་ཚོས་བློ་བདེ་མོའི་ངང་འཛུགས་སྐྲུན་བྱེད་ཐབས་མེད། དེའི་ཐད་ལ་ང་ཚོར“རིག་གནས་གསར་བརྗེ་ཆེན་པོའི”ཉམས་མྱོང་དང་བསླབ་བྱ་ཐོབ་ཡོད་དེ། ཟིང་ཆ་དེ་འདྲ་བསླངས་ན“རིག་གནས་གསར་བརྗེ་ཆེན་པོ”གསར་བ་ཞིག་ཡང་བསྐྱར་སློང་སྲིད།

2背后,黄沙漫天,前面,烟尘蔽日。

རྒྱབ་ན་ཕྱེ་རྡུལ་གྱིས་ནམ་མཁའ་དཀྲིགས་ཤིང་། མདུན་ན་སྨུགས་ཀྱིས་ཉི་མ་སྒྲིབ་ཀྱིན་འདུག

3.夜已经很深了,他还在不停地工作着。

ས་རུབ་ནས་ཡུན་རིང་འགོར་མོད་ཁོས་ད་དུང་བྱ་བ་སྒྲུབ་བཞིན་ཡོད།

4.科学是人对自然的真理性的认识,重理论;技术则是人改造自然的手段,重应用。

ཚན་རིག་ནི་འགྲོ་བ་མིས་རང་བྱུང་ཁམས་ལ་བདེན་ལུགས་རང་བཞིན་གྱི་ངོས་འཛིན་བྱས་པ་ཡིན་པས་ན་གཞུང་ལུགས་གལ་ཆེ་བ་དང་། ལག་རྩལ་ནི་འགྲོ་བ་མིས་རང་བྱུང་ཁམས་བཅོས་བསྒྱུར་བྱ་བའི་ཐབས་ལམ་ཡིན་པས་ལག་ལེན་གལ་ཆེའོ།།

ཞེས་སྒྱུར་བྱེད་སྐད་ལ་ཚིག་སྔ་ཕྱི་འབྲེལ་ཆགས་ཤིང་ལྷུ་འགྲིག་པ་ཞིག་འོང་བ་དང་། ལྷག་པར་དུ་ཚིག་ཚན་ཕན་ཚུན་བར་གྱི་འབྲེལ་བ་ཉིད་ཇེ་གསལ་དུ་གཏོང་ཆེད་མ་ཡིག་ན་དངོས་སུ་མེད་པའི་ཚིག་ཕྲད་དེ། “དེའི་ཐད་ལ”ཞེས་དང“ཤིང”། “མོད”། “པས”བཅས་སྐབས་ཐོབ་ཀྱིས་བསྣན་ནས་རྒྱུ་འབྲས་དང་གཞི་ཆོས་ལ་སོགས་པའི་འབྲེལ་བ་དེ་ཡང་དག་པར་མཚོན་པར་བྱས་པ་ལྟ་བུའོ།།

1_4 མདོར་དྲིལ་བ། 

སྣོན་སྒྱུར་ཞེས་པ་ནི་བསྒྱུར་བྱ་གང་གི་བསྟན་དོན་ཇི་བཞིན་མཚོན་པར་བྱེད་པའམ་ཡང་ན་སྒྱུར་བྱེད་སྐད་ལ་བརྗོད་བདེ་མོ་ཞིག་འབྱུང་ཆེད། མ་རྩོམ་ན་དངོས་སུ་བསྟན་མེད་པའི་མིང་དང་ཚིག་ཕྲད། མིང་གི་ཚོགས་པ། ཚིག་གི་སྦྱོར་བ་ལ་སོགས་གསར་དུ་བསྣན་ནས་སྒྱུར་བའི་ཐབས་ཤིག་ལ་བྱ་སྟེ། གང་ཞིག་བསྣན་པ་དེ་ཡང་ངེས་པར་དུ་དོན་གསལ་བ་ལ་ཕན་ཞིང་ཚིག་རོར་མ་སོང་བ་ཞིག་ཡིན་དགོས། དགོས་མེད་ཀྱི་ཚིག་ལྷག་བསྣན་པའམ་ཡང་ན་ནང་དོན་ལ་ཁ་གསབ་བྱས་པ་གང་ཡིན་ཡང་སྐྱོན་ཆེན་པོ་ཡིན་པས་ཆེས་ཆེར་གཟབ་དགོས་སོ།།