བཅོས་སྒྱུར།སྔ་མའི་པར་གཞི་དེ ཁྲ་ཚེ་རིང་དབང་ལྡན།  ནས 2018-04-04 10:05ལ་འགྲུབ།

བཅོས་སྒྱུར།

རྒྱ་བོད་ཡིག་རིགས་གཉིས་ཀྱི་མིང་གི་གྲུབ་ལུགས་དང་ཚིག་གི་སྦྱོར་སྟངས་སོགས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་དང་། ལྷག་པར་དུ་སོ་སོའི་མཛེས་དཔྱོད་ཀྱི་ལྟ་བ་དང་རིག་གནས་བསྟན་དོན་སོགས་མི་འདྲ་བའི་དབང་གིས། ཐ་སྙད་དང་ཚིག་སྦྱོར་འགའ་ཤས་ཤིག་ནི་མ་ཡིག་གི་ཚིག་རིས་ཇི་བཞིན་བསྒྱུར་ན་སྒྱུར་བྱེད་སྐད་དུ་འབྲེལ་མི་ཆགས་ཤིང་བརྗོད་མི་བདེ་ལ། ཐ་ན་གོ་ལོག་ཐེབས་པའི་ཉེན་ཁའང་འབྱུང་སྲིད་པས། སྐབས་བབ་ཀྱི་སྦྱོར་ལུགས་དང་ཚིག་སྔ་ཕྱིའི་འབྲེལ་བ་ལ་ལེགས་པར་བརྟག་ནས་ཚིག་གདོང་གི་ནང་དོན་ལ་ཁྱད་པར་ཆེ་བའི་ཐ་སྙད་གཞན་ཞིག་ཏུ་བཅོས་ནས་བསྒྱུར་བའི་ཐབས་ཤིག་ལ་བྱ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
改译
1 བཅོས་སྒྱུར།

རྒྱ་བོད་ཡིག་རིགས་གཉིས་ཀྱི་མིང་གི་གྲུབ་ལུགས་དང་ཚིག་གི་སྦྱོར་སྟངས་སོགས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་དང་། ལྷག་པར་དུ་སོ་སོའི་མཛེས་དཔྱོད་ཀྱི་ལྟ་བ་དང་རིག་གནས་བསྟན་དོན་སོགས་མི་འདྲ་བའི་དབང་གིས། ཐ་སྙད་དང་ཚིག་སྦྱོར་འགའ་ཤས་ཤིག་ནི་མ་ཡིག་གི་ཚིག་རིས་ཇི་བཞིན་བསྒྱུར་ན་སྒྱུར་བྱེད་སྐད་དུ་འབྲེལ་མི་ཆགས་ཤིང་བརྗོད་མི་བདེ་ལ། ཐ་ན་གོ་ལོག་ཐེབས་པའི་ཉེན་ཁའང་འབྱུང་སྲིད་པས། སྐབས་བབ་ཀྱི་སྦྱོར་ལུགས་དང་ཚིག་སྔ་ཕྱིའི་འབྲེལ་བ་ལ་ལེགས་པར་བརྟག་ནས་ཚིག་གདོང་གི་ནང་དོན་ལ་ཁྱད་པར་ཆེ་བའི་ཐ་སྙད་གཞན་ཞིག་ཏུ་བཅོས་ནས་བསྒྱུར་བའི་ཐབས་ཤིག་ལ་བྱ། དེ་ཡང་བརྗོད་བྱའི་ནང་དོན་གཅིག་མཚོན་པ་ལ་མི་རིགས་གཉིས་ཀའི་སྐད་ཆའི་སྦྱོར་ལུགས་དང་དཔེ་འགོད་སྟངས་སོགས་མི་འདྲ་བའི་དབང་གིས། མིང་དང་ཚིག་གི་སྦྱོར་བ་ལ་སོགས་གཞན་ཞིག་ཏུ་བཅོས་ནས་བསྒྱུར་བ་ལ་བྱ། འདིར་ངེས་པར་རྟོགས་དགོས་པ་ཞིག་ནི། མིང་ངམ་ཚིག་གི་ཚོགས་པ་གང་ཞིག་གཞན་དུ་བཅོས་པ་དེ་ཡང་བརྗོད་དོན་ཧྲིལ་པོའི་དོན་མཚོན་པ་ལ་ཕན་ཞིང་སྒྱུར་བྱེད་སྐད་ལ་བསྟུན་པའི་ཆེད་དུ་ཡིན་དགོས་པ་མ་གཏོགས། གང་འདོད་དུ་བཅོས་ན་མ་ཡིག་ལ་བསྟུན་པ་ཞེས་པའི་ཚད་གཞི་དང་འགལ་འགྲོ། འདིར་དཔེའི་སྒོ་ནས་གསལ་བཤད་ཙམ་བྱས་ན། རྒྱའི་སྐད་ཀྱི“胆小如鼠”ལྟ་བུ་ལ་གལ་ཏེ། “སྡར་མའི་ཙི་གུ་ལྟ་བུ་ཞིག”ཅེས་བསྒྱུར་ན་བོད་རང་གི་དཔེ་འགོད་ལུགས་སོགས་དང་མི་མཐུན་པས“སྙིང་མེད་སྡར་མ་ཝ་དང་འདྲ”ཞེས་སུ་བཅོས་ནས་བསྒྱུར་དགོས་པ་ལྟ་བུ་དང་། ཡང་དཔེར་ན“犹如雨后春竹”ལ་གལ་ཏེ་ཚིག་རིས་བཞིན“ཆར་རྗེས་ཀྱི་སྨྱུག་མ་སྐྱེས་པ་བཞིན”ཞེས་ན་བོད་མི་རྣམས་ཀྱིས་དང་ལེན་བྱ་མི་ནུས་པས་མིང་གཞན་དུ་བཅོས་ཏེ“ཆར་རྗེས་ཀྱི་ཤྭ་མོ་བརྡོལ་བ་བཞིན”ཞེས་པ་སོགས་ནི་ཐ་སྙད་བཅོས་ནས་བསྒྱུར་བའི་རིགས་ཡིན་པ་དང་། ཡང་སྐབས་ལ་ལར་ཚིག་གྲུབ་ཧྲིལ་པོ་རེ་གཞན་དུ་བཅོས་ནས་བསྒྱུར་དགོས་པའང་ཡོད་དེ། དཔེར་ན།

1.        祝你梦想成真! ཁྱོད་ཀྱི་རྨི་ལམ་མངོན་འགྱུར་ཡོང་བར་སྨོན། ཞེས་བསྒྱུར་བ་ལྟ་བུར་མཚོན་ན། རྒྱ་བོད་མི་རིགས་གཉིས་ཀྱི་རིག་གནས་འདུ་ཤེས་ལྟར་ན“རྨི་ལམ”གྱི་མཚོན་དོན་ཐ་དད་ཡིན་ཏེ། གཅིག་གིས“ཕུགས་བསམ”ལ་སྦྱོར་བ་དང་ཅིག་ཤོས་ཀྱིས“སྟོང་བསམ”ལ་གོ་བས། ཚིག་གདོང་ལྟར་ཐད་ཀར་དུ་བསྒྱུར་མི་རུང་བར“ཁྱོད་ཀྱི་བསམ་དོན་ཡིད་བཞིན་འགྲུབ་པར་སྨོན”ཞེས་སམ“བསམ་ཐོག་ལ་རྟ་རྒྱུགས་པར་ཤོག”ཅེས་ཚིག་གཞན་དུ་བཅོས་ནས་སྒྱུར་བྱེད་སྐད་ཀྱི་སྦྱོར་ལུགས་ལ་བསྟུན་པ་ལྟ་བུ།

2.  多动脑,勤动手,什么难题都不怕。ཀླད་པ་མང་དུ་འགུལ་བ་དང་ལག་པ་ཧུར་བརྩོན་གྱིས་འགུལ་ན། དཀའ་ཁག་གང་ལའང་མི་སྐྲག་ཅེས་ཚིག་གི་ངོ་གདོང་ལྟར་བསྒྱུར་ན་བོད་ཀྱི་སྐད་ཆའི་སྦྱོར་སྲོལ་དང་མི་མཐུན་པས། བསམ་གཞིགས་མང་དུ་བྱེད་པ་དང་ཧུར་བརྩོན་གྱིས་ལག་ལེན་དུ་བཏབ་ན། དཀའ་ཁག་གང་ཞིག་ཀྱང་ཁྱད་གསོད་བྱ་ནུས། ཞེས་སུ་བཅོས་ནས་བསྒྱུར་བ་ལྟ་བུ།

3.  农业生产是农村中压倒一切的工作,农村中的其他工作都是围绕着农业生产而为它服务的。

དཔེ་འདིའི་ནང་གི“压倒一切”ཞེས་པ་གལ་ཏེ་ཚིག་རིས་བཞིན“ཡོད་ཚད་ཟིལ་གྱིས་གནོན་པ”ཞེས་བསྒྱུར་ན་བོད་སྐད་ཀྱི་ལུགས་དང་མི་མཐུན་པས་ངེས་པར་དུ་ཚིག་གཞན་དུ་བཅོས་ནས་བསྒྱུར་དགོས་ཏེ། “གཞན་ཀུན་ལས་གཙོ་བོར་འཛིན་པ”ཞེས་སམ“ཆེས་གཙོ་བོར་གྱུར་བ”ཞེས་སོགས་སུ་བཅོས་ནས་བསྒྱུར་དགོས་པ།

4.他满脑子想的是经济利益。

འདིར“ཁོའི་ཀླད་པ་ཧྲིལ་བོར་དཔལ་འབྱོར་ཁེ་ཕན་གྱིས་གང་ཡོད”ཅེས་རྒྱ་བོད་ཡིག་རིགས་གཉིས་ཕན་ཚུན་ནག་རིས་གདོང་འདེད་བྱས་ནས་བསྒྱུར་མི་རུང་བར“ཁོས་དཔལ་འབྱོར་གྱི་ཁེ་ཕན་འབའ་ཞིག་ཡིད་ལ་བརྣགས་ཡོད།”ཅེས་ཚིག་གཞན་དུ་བཅོས་ནས་བསྒྱུར་དགོས་པ་ལྟ་བུ་དང་། ཡང་དཔེར་ན།

5.夺取社会主义革命和建设的胜利。སྤྱི་ཚོགས་རིང་ལུགས་གསར་བརྗེ་དང་འཛུགས་སྐྲུན་གྱི་རྒྱལ་ཁ་འཐོབ་པར་བརྩོན་ལེན་བྱེད་དགོས། ཞེས་ཚིག་གཞན་དུ་བཅོས་ཀྱང་བརྗོད་དོན་མི་འཆོལ་བ་ལྟ་བུ་སོགས་ཀྱིས་རིགས་བསྒྲེ་བར་བྱའོ།།

ཡང་མི་རིགས་གང་ཞིག་ཡིན་རུང་སྤྱི་ཚོགས་ཀྱི་ཁྱད་ཆོས་དང་ངོ་བོ་མཚོན་པའི་ཐུན་མོང་མ་ཡིན་པའི་སྐད་ཆའི་སྦྱོར་ལུགས་ཤིག་གོམས་གཤིས་སུ་ཆགས་ཡོད་དེ། བརྡ་སྤྲོད་དང་གཏན་ཚིགས་ལ་མི་བསྟུན་པར་སྐད་ཆའི་གནས་སྐབས་ཀྱི་དབང་གིས་གོ་བའི་ཡོངས་གྲགས་ཀྱི་ཚིག་གི་སྦྱོར་བ་ཞིག་གོམས་སྲོལ་དུ་ཆགས་ཡོད། དེ་ལ་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས། “མང་ཚོགས་ཀྱི་ཁ་སྐད་དུ་སྤྱོད་བཞིན་པའི་སྐད་ཆའི་སྦྱོར་ལུགས་ལ་འདྲིས་ཆ་མེད་ན། བརྡ་སྤྲོད་གཞུང་ལུགས་སོགས་སུ་མ་བསྟན་པའི་བརྡ་གོམས་སྲོལ་གྱི་བསྒྱུར་ལུགས་དེ་ཤིན་ཏུ་བསྒྱུར་དཀའ། དཔེར་ན། ཇི་སྐད་དུ་བོད་སྐད་མི་ཤེས་པ་ཞིག་གིས་རྩེ་ན་བུ་ཆུང་ལག་པའི་སྦྲང་མ། ཞེས་བྲིས་པ་ལ་དེ་མ་དག་གི་བུ་ཆུང་ལག་པའི་རྩེ་ན་སྦྲང་མ་ཞིག་ཅེས་བྲི་དགོས་མོད་ཀྱི། འོན་ཀྱང་སུམ་རྟགས་ཀྱི་ལུང་ཞིག་ནས་སྔ་མ་ལ་སྐྱོན་སྟོན་དགོས་ན་ཅི་ཡང་མི་རྙེད་པར་ཡུད་ཙམ་གྱིས་གང་ན་སྡོད་དགོས་པ་མྱོང་བས་གྲུབ།”ཅེས་གསུངས་པ་ལྟར་མི་རིགས་རང་གི་གོམས་གཤིས་སུ་ཆགས་ཟིན་པའི་སྐད་ཆའི་སྦྱོར་ལུགས་ལ་བསྟུན་དགོས་པར་བསྟན། དཔེར་ན། རྒྱ་ནག་སྐད་ཀྱི“马粪”“羊粪”“牛粪”“鸡粪”“狗粪”“猪粪”སོགས་ལ་བོད་ཀྱིས་རིམ་པབཞིན“རྟ་སྦངས”། “རིལ་མ”། “ལྕི་བ”། “བྱ་བྲུན”། “ཁྱི་སྐྱག” “ཕག་རྟུག”ཅེས་སོ་སོར་མིང་བརྡ་མི་འདྲ་བ་རེ་སྦྱོར་བ་མ་གཏོགས། “རྟ་སྐྱག” “ནོར་སྐྱག” “བྱ་སྐྱག” “ཕག་སྐྱག” ཅེས་ཡོད་ཚད “སྐྱག་པ”རུ་བསྒྱུར་ན་བོད་རང་གི་སྐད་ཆའི་གོམས་སྲོལ་དང་མི་མཐུན་པ་ལྟ་བུ་དང་། ཡང་དཔེར་ན་རྒྱའི་སྐད་ཀྱི“羊棚”“牛棚”“猪棚”ལྟ་བུ་ལ་བོད་སྐད་དུ“ར་ཁང”དང“ལུག་ར”། “ནོར་ལྷས”། “ཕག་ཁང”སོགས་ཟེར་བ་ལས་ཡོད་ཚད་ལ“ཁང་བ”ཞེས་བརྗོད་ན་བོད་རང་གི་བརྡ་གོམས་སྲོལ་གྱི་སྦྱོར་ལུགས་དང་མི་མཐུན། དེ་བས་འདིའི་རིགས་བསྒྱུར་དུས་ངེས་པར་དུ་བོད་རང་གི་བརྡ་གོམས་སྲོལ་གྱི་སྦྱོར་ལུགས་ལྟར་བྱེད་མ་གཏོགས་རང་སྣང་གང་འདོད་དུ་བསྒྱུར་མི་རིགས་སོ།།

1_1 དོན་སྒྱུར་དང་ཐད་སྒྱུར། བཅོས་སྒྱུར་གསུམ་གྱི་ཁྱད་པར་མདོར་བསྟན། 

སྤྱིར་ན་སྒྱུར་བྱེད་སྐད་ལ་གོ་བདེ་བའི་ཆེད་དུ་ཡི་གེ་གཞན་དུ་བཅོས་ནས་བསྒྱུར་བའི་ཐབས་ལམ་འདི་ནི་ཆེ་ཕྱོགས་ནས་བརྗོད་ན་དོན་སྒྱུར་གྱི་ཁོངས་སུ་གཏོགས་མོད། ཞིབ་ཏུ་བསམ་ན་དེ་གཉིས་ལའང་སྤྱི་དང་བྱེ་བྲག་གི་ཁྱད་པར་མཆིས་ཏེ། དོན་སྒྱུར་ཞེས་པ་ཕལ་ཆེ་བ་བསྒྱུར་བྱའི་མ་རྩོམ་ཧྲིལ་བོ་ཞིག་ལ་དམིགས་ནས་སྤྱོད་པའི་སྤྱིའི་སྒྱུར་ཐབས་ཤིག་ལ་བྱ་སྟེ། དེའི་ཁ་གཏད་དུ་གནས་པ་ནི་ཐད་སྒྱུར་ཡིན་ལ་གཙོ་བོ་ཚིག་གི་སྦྱོར་བ་ཡན་ཆད་མ་ཡིག་ལ་བསྟུན་དྲགས་པའི་འགྱུར་གཅོང་གི་སྐྱོན་སེལ་བ་དང་། བཅོས་སྒྱུར་ཞེས་པ་ནི་བྱེ་བྲག་གི་མིང་དང་ཚིག་སྦྱོར་ཁ་ཤས་ལ་དམིགས་ནས་སྤྱོད་པའི་བྱེ་བྲག་གི་སྒྱུར་ཐབས་ཤིག་ལ་བྱ་སྟེ། དེའི་ཁ་གཏད་དུ་གནས་པ་ནི་བཙན་སྒྱུར་ཡིན་ལ་གཙོ་བོ་རང་སྐད་ལ་མི་འབྱོར་བཞིན་དུ་བཙན་གྱིས་བསྒྱུར་བའི་འགྱུར་ལོག་གི་སྐྱོན་སེལ་བ་ཡིན་ནོ།།