དེ་ནི་བསྒྱུར་བྱ་གང་དེའི་ཚིག་གདོང་ངམ་ཚིག་ཟིན་གྱི་བསྟན་དོན་བཞིན་ཐད་ཀ་ཐད་སོར་སྒྱུར་བྱེད་སྐད་དུ་བསྒྱུར་བ་ལ་བྱ་སྟེ། བསྒྱུར་བྱ་སྒྱུར་བྱེད་གཉིས་ཀ་ཕན་ཚུན་གདོང་སྤྲད་ནས་དྲང་ཐད་དུ་བསྒྱུར་བའི་ཐབས་ཤིག་ལ་བྱ། དེ་ཡང་མི་རིགས་གཉིས་ཀའི་ཐུན་མོང་གི་བསམ་བློའི་འཆར་སོ་དང་ཐུན་མོང་གི་ཁོར་ཡུག ཐུན་མོང་གི་རིག་གནས་སོགས་ལས་བྱུང་བའི་མིང་དང་ཚིག་གི་སྦྱོར་ལུགས་རྣམས་སྒྲ་དོན་བཞིན་བསྒྱུར་བ་སྟེ། སྔོན་དུས་འདི་ལ་དྲང་ཐད་དུ་བསྒྱུར་བ་ཞེས་དང་། སྒྲ་བཞིན་དུ་བསྒྱུར་བ་ཞེས་མིང་གི་རྣམས་གྲངས་གཉིས་ཙམ་བྱུང་ཡོད། སྐབས་འདིའི་སྒྲ་ཞེས་པ་ནི་སྒྲ་གདངས་ཙམ་ལ་མི་གོ་བར་སྒྲ་རིག་པའི་ཚིག་ངོས་ཀྱི་དོན་ཏེ། ཚིག་དོན་གཉིས་སུ་ཕྱེས་པའི་ཚིག་ལ་གོ་བས་དེ་ནི་རྒྱ་གར་གྱི་མིང་སོགས་བསྒྱུར་བར་དེའི་སྒྲ་དོན་གྱི་འབྲེལ་བ་བཞིན་ཐད་ཀར་བསྒྱུར་རིགས་པའི་དོན་ཡིན། སྤྱིར་མི་རིགས་གཉིས་ཀྱི་རིག་གནས་ལ་འབྲེལ་འདྲིས་ཇི་ལྟར་ཟབ་ན་ཐད་སྒྱུར་བྱ་བའི་གོ་སྐབས་ཀྱང་དེ་ལྟར་ཡངས་ཏེ། དཔེར་ན། རྒྱ་གར་ལེགས་སྦྱར་སྐད་དང་བོད་ཀྱི་སྐད་རིགས་གཉིས་ལ་བརྡ་སྤྲོད་ལུགས་ལ་སོགས་པའི་ཐད་ཐུན་མོང་གི་མཚུངས་ཆོས་ཤིན་ཏུ་མང་བས་སྐད་ཕན་ཚུན་ལ་ཐད་སྒྱུར་བྱས་ཆོག་པའི་གོ་སྐབས་ཀྱང་ཧ་ཅང་ཡངས་པ་ཡིན། དེ་ཡང་དཔེར་ན་ལེགས་སྦྱར་གྱི་སྐད་དོད་པྲཛྙ་ཞེས་པ་ཤེས་རབ་ཏུ་བསྒྱུར་བ་སྟེ། པྲ་ནི་རབ་དང་མཆོག་གི་དོན་དང་། ཛྙ་ནི་ཤེས་པ་དང་མཁྱེན་པའི་དོན་ཏེ་བོད་སྐད་དུ་རབ་ཤེས་ཞེས་པ་བརྗོད་མི་བདེ་བས་ཤེས་རབ་ཏུ་བསྒྱུར་བ་དང་། དེ་བཞིན་དུ་སུ་ངྷི་ཞེས་པ་བློ་བཟང་སྟེ་སུ་ནི་བཟང་པོ་དང་ངྷི་ནི་བློ་སྟེ་བརྗོད་བདེ་བའི་དབང་གིས་བློ་བཟང་ཞེས་བསྒྱུར་བ་ལྟ་བུའོ།།
སྤྱིར་ཐད་སྒྱུར་གྱི་ཐབས་ལམ་འདི་ནི་མིང་བརྡ་ཐད་སྒྱུར་བྱ་བ་དང་ཚིག་ཐད་སྒྱུར་བྱ་བ་གཉིས་ཀར་སྤྱོད་རུང་། དེ་ཡང་མིང་བརྡ་ཐད་སྒྱུར་བྱེད་དུས་གཙོ་བོ་བསྒྱུར་བྱ་གང་དེའི་ཡིག་འབྲུ་རེ་རེའི་བསྟན་དོན་ལ་གདོང་སྤྲད་ནས་རང་སྐད་ཀྱིས་མཚོན་པར་བྱེད་པ་སྟེ། 祖国མེས་རྒྱལ། 钢笔ལྕགས་སྨྱུག 不疲不劳མི་ངལ་མི་དུབ། 五脏六腑དོན་ལྔ་སྣོད་དྲུག་ཅེས་བསྒྱུར་བྱ་སྒྱུར་བྱེད་གཉིས་ཀའི་ཚིག་ངོས་ཀྱི་བསྟན་དོན་རེ་རེ་བཞིན་གདོང་སྤྲད་དུ་ཡོད་པ་ལྟ་བུའོ།། ཚིག་གི་སྦྱོར་བ་གང་ཞིག་ཐད་སྒྱུར་བྱ་བ་ནི་གཙོ་བོ་ཚིག་རིས་ཇི་བཞིན་དྲང་ཐད་དུ་བསྒྱུར་བ་སྟེ། ཚིག་སྔ་ཕྱིའི་གོ་རིམ་བསྣོར་བའམ་སྣོན་འཕྲི་སོགས་ཆེར་མེད་པར་མ་ཡིག་ལ་ཇི་ལྟ་བ་བཞིན་བསྟུན་ནས་བསྒྱུར་བ་སྟེ། དཔེར་ན། དབོན་ཞང་འདུམ་པའི་བཀའ་གཙིགས་ཀྱི་རྡོ་རིང(长庆会盟碑)ལས། “神人俱以证知世世代代使其称赞”ཞེས་པ་ལ་ལྷ་མི་ཀུན་གྱིས་ཤེས་ཤིང་དཔང་བྱས་ཏེ་ཚེ་ཚེ་རབས་རབས་སུ་གཏམ་བརྗོད་དུ་ཡོད་པའི་ཕྱིར། ཞེས་དང་། “乐业之恩,垂于万代,称美之声遍于日月所照矣”ཞེས་པ་ལ་སྐྱིད་པའི་བཀའ་དྲིན་ནི་རབས་ཁྲིའི་བར་དུ་ཐོབ། སྙན་པའི་སྒྲ་སྐད་ནི་གཉི་ཟླས་སླེབས་སོ་ཅོག་ཏུ་ཁྱབ། ཅེས་ཐ་སྙད་རེ་གཉིས་ཀྱི་གོ་རིམ་ཅུང་ཟད་བསྣོར་ཡོད་ནའང་། ཚིག་བྱིངས་མ་ཡིག་གི་ཚིག་འགྲོས་ཇི་བཞིན་བསྒྱུར་ཡོད་པ་དང་བསྟུན་ནས་དྲང་ཐད་དུ་བསྒྱུར་ཡོད་ཀྱང་། སྒྱུར་བྱེད་སྐད་ལའང་ཚིག་སྔ་ཕྱི་འབྲེལ་ཆགས་ཤིང་བརྗོད་བདེ་བ་ཞིག་བྱུང་ཡོད་པ་འདི་ལྟ་བུ་ནི་ཐད་སྒྱུར་གྱི་ཐབས་ལམ་སྤྱོད་ལེགས་པའི་དཔེ་རུ་འོས་སོ།།
ཐད་སྒྱུར་དང་དོན་སྒྱུར་གཉིས་ནི་ཡིག་རིགས་ཀྱི་དབྱེ་བས་མ་ཁྱབ་པར་ཐུན་མོང་དུ་ཁས་ལེན་པའི་སྒྱུར་ཐབས་གལ་ཆེན་གཉིས་ཡིན་ལ། གནའ་དེང་ཕྱི་ནང་གི་མཁས་པ་རྣམས་ལ་སྒྱུར་ཐབས་དེ་གཉིས་ལ་ངོས་འཛིན་ཚུལ་དང་། གང་གཙོ་བོ་གང་ཕལ་བའི་ཐད་ལ་བཞེད་པ་མི་འདྲ་བ་མང་དུ་བྱུང་ཡོད་མོད། འཇིག་རྟེན་འདིར་ཐད་སྒྱུར་དང་དོན་སྒྱུར་གྱི་ཐབས་ལམ་ཉག་གཅིག་གིས་བསྒྱུར་བའི་འགྱུར་ཞིག་མི་སྲིད་ལ། དེ་གཉིས་ཤུགས་ཆེ་ཆུང་ཙམ་ལས་ཟུང་འབྲེལ་མ་བྱས་པ་གཅིག་ཀྱང་མེད། མ་ཡིག་གི་བརྗོད་དོན་དང་བསྟུན་པ་ནི་དེ་གཉིས་ཀའི་ཐུན་མོང་གི་འོས་འགན་ཡིན། ཐད་སྒྱུར་ནི་མ་ཡིག་གི་ཚིག་ཟིན་ལ་མཐུན་ཞིང་དོན་སྒྱུར་ནི་བརྗོད་བྱ་ཧྲིལ་བོར་བསྟུན་ནས་རང་སྐད་ཀྱིས་མཚོན་པ། ཐད་སྒྱུར་ཕྲ་ཞིང་ཞིབ་ལ་དོན་སྒྱུར་ཉིང་བསྡུས་སུ་བཀོད་པ་དག་ནི་དེ་གཉིས་ཀྱི་རྩ་བའི་ཁྱད་པར་རོ།། ཡང་མ་ཡིག་གི་སྒྲ་དོན་ལ་བསྟུན་ཆེས་ན་གོ་དཀའ་བ་དང་། མ་ཡིག་གི་རྣམ་པ་ལ་བསམ་གཞིགས་ཅི་ཡང་མེད་པར་མཐའ་གཅིག་ཏུ་དོན་སྒྱུར་བྱས་ན་མ་ཡིག་གི་ཁྱད་ཆོས་ཉམས་སྲིད་པས། ང་ཚོས་ཕྱོགས་སུ་མ་ལྷུང་བའི་ཡང་དག་པའི་ལམ་ཞིག་ལ་བརྩོན་ལེན་བྱེད་དགོས། དེ་ཡང་མི་རིགས་གཉིས་ཀའི་འཚོ་བའི་ཁོར་ཡུག་དང་ཆ་རྐྱེན། རིག་གནས། ཡུལ་སྲོལ་གོམས་གཤིས། འདུ་ཤེས་འཛིན་སྟངས་སོགས་ལ་ཁྱད་པར་ཇི་ཙམ་ཆེ་ན་དོན་སྒྱུར་བྱ་བའི་དགོས་པ་ཡང་དེ་ཙམ་ཆེ་བ་དང་། དེ་དག་འོ་ཆུ་བཞིན་ངོ་བོ་དབྱེར་མེད་དུ་འདྲེས་ན་ཐད་སྒྱུར་བྱ་བའི་སྐབས་ཀྱང་ཇེ་ཡངས་སུ་འགྲོ་བ་ཡིན་ནོ།།
མདོར་ན། ཐད་སྒྱུར་ནི་གཙོ་བོ་མ་ཡིག་གང་གི་ཚིག་རིས་ལ་བསྟུན་ཞིང་དེའི་འགྲོས་རིམ་ལྟར་བསྒྱུར་བ་དང་། དོན་སྒྱུར་ནི་ཚིག་འགྲོས་ལ་མི་བསྟུན་པར་བརྗོད་དོན་ཧྲིལ་པོར་གཞིགས་ནས་ཉིང་བསྡུས་སུ་བསྒྱུར་བ་ཡིན། དེ་གཉིས་སྤྱོད་པའི་ཁྱབ་ཁོངས་ཀྱི་ཆ་ནས་བཤད་ན། ཐད་སྒྱུར་ནི་གཙོ་བོ་ཚན་རྩལ་རྩོམ་ལུས་དང་ལོ་རྒྱུས་ཡིག་ཚགས། སྲིད་དོན་སྐོར་གྱི་རྩོམ་ཡིག་བཅས་བསྒྱུར་བ་ལ་འཕྲོད་ཅིང་། དོན་སྒྱུར་ནི་གཙོ་བོ་སྒྱུ་རྩལ་རྩོམ་རིག་བསྒྱུར་བ་ལ་ཧ་ཅང་བྲིན་པའི་ཐབས་ཤིག་ཡིན། འོན་ཀྱང་འདི་ཡང་ཤུགས་ཆེ་ཆུང་གི་ཆ་ནས་བརྗོད་པ་གཏོགས་མཐའ་གཅིག་ཏུ་མ་ངེས།