ལོ་ཙཱ།སྔ་མའི་པར་གཞི་དེ ཁྲ་ཚེ་རིང་དབང་ལྡན།  ནས 2018-01-25 17:42ལ་འགྲུབ།

ལོ་ཙཱ།

ལོ་ཙཱ་ནི་མི་དང་མིའི་བར་དུ་རིག་གནས་དང་བསམ་བློ་བརྗེ་རེས་བྱེད་པའམ་རིག་གནས་ཀྱི་བརྡ་འཕྲིན་ཕན་ཚུན་གོ་བར་བྱེད་པའི་སྐད་དང་ཡི་གེ་བརྗེ་རེས་བྱེད་པའི་བྱ་བ་དེ་ལ་སྤྱིར་བཏང་དུ་ལོ་ཙཱ་ཞེས་འབོད་ཅིང་། བོད་སྐད་ཀྱི་ལོ་ཙཱ་ཞེས་པའི་ཐ་སྙད་ནི་རྒྱ་གར་སྐད་ཀྱི་ཐ་སྙད་ལ་ལོ་ཀ་ཙཀྵུ་ཞེས་ཟུར་ཆག་པ་ཞིག་ཡིན། རྒྱ་གར་སྐད་ཀྱི་ལོ་ཀ་ཙཀྵུ་ཞེས་པ་ནི་འཇིག་རྟེན་མིག་ཅེས་པའི་དོན་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
翻译
དབྱིན་ཇིའི་མིང་།
translate
1 མཚན་ཉིད།

ལོ་ཙཱ་ནི་མི་དང་མིའི་བར་དུ་རིག་གནས་དང་བསམ་བློ་བརྗེ་རེས་བྱེད་པའམ་རིག་གནས་ཀྱི་བརྡ་འཕྲིན་ཕན་ཚུན་གོ་བར་བྱེད་པའི་སྐད་དང་ཡི་གེ་བརྗེ་རེས་བྱེད་པའི་བྱ་བ་དེ་ལ་སྤྱིར་བཏང་དུ་ལོ་ཙཱ་ཞེས་འབོད་ཅིང་། བོད་སྐད་ཀྱི་ལོ་ཙཱ་ཞེས་པའི་ཐ་སྙད་ནི་རྒྱ་གར་སྐད་ཀྱི་ཐ་སྙད་ལ་ལོ་ཀ་ཙཀྵུ་ཞེས་ཟུར་ཆག་པ་ཞིག་ཡིན། རྒྱ་གར་སྐད་ཀྱི་ལོ་ཀ་ཙཀྵུ་ཞེས་པ་ནི་འཇིག་རྟེན་མིག་ཅེས་པའི་དོན་ཡིན། 

ལོ་ཙཱ་ནི་སྐད་དང་ཡིག་རིགས་གཅིག་ནས་བསྟན་པའི་བསམ་པའི་དོན་དང་བརྗོད་པའི་ཉམས་འགྱུར་བཅས་དེ་དམ་པ་མཐར་ཕྱིན་པ་དང་། འོས་ཤིང་འཚམ་པའི་སྒོ་ནས་སྐད་དང་ཡིག་རིགས་གཞན་ཞིག་ཇི་བཞིན་ཕབ་སྒྱུར་གྱི་གསར་གཏོད་ལྡན་པའི་བྱེད་སྒོ་དེ་ལ་ཟེར། 

མཚན་ཉིད་འདིའི་ནང་སྐད་དང་ཡི་གེ་དང་། (ངག་སྒྱུར་དང་ཡིག་སྒྱུར)བསྟན་བྱའི་གོ་དོན། བརྗོད་པའི་ཉམས་འགྱུར་བཅས་དེ་གསུམ་གཅིག་ཏུ་བསྡུས་པའི་བསྒྱུར་གྱི་ངོ་བོའི་ཁྱད་ཆོས་ལྡན་ཞིང་། “དམ་པ་མཐར་ཕྱིན”ཞེས་པ་ནི་བསྟན་བྱའི་དོན་དང་མི་འགལ་བ་བཤད་པ་དང་། “འོས་ཤིང་འཚམ་པ”ནི་རྗོད་བྱེད་ཚིག་གི་སྦྱོར་བ་བརྡ་སྤྲོད་ལུགས་དང་མཐུན་ཞིང་གནས་ལ་འཚམ་པ་དང་། བརྗོད་པའི་ཉམས་འགྱུར་མ་ཡིག་དང་གཅིག་མཚུངས་དགོས་པ་བཅས་ལ་ཟེར། ལྷག་པར་དུ“གསར་གཏོད་ཀྱི་ཁྱད་ཆོས་ལྡན་པའི་བྱེད་སྒོ”ཞེས་པ་ནི་དངོས་པོའི་འགུལ་སྐྱོད་དང་འཕེལ་འགྱུར་གྱི་ཆོས་ཉིད་ལ་གཞིགས་ཏེ་ཡུལ་གང་དེར་འཚམ་པའི་འཇུག་སྒོ་གཏོད་དགོས་པར་ཟེར་བ་དེ་ཡང་རྩོད་སྒྲུབ་དངོས་གཙོ་སྨྲ་བའི་ལྟ་བ་མཚོན་པ་ཡིན་ནོ།།

གོང་དུ་བཤད་པའི་ལོ་ཙཱའི་མཚན་ཉིད་དེ་ནི་ལོ་ཙཱའི་བྱ་བ་སྤྱི་ཁྱབ་ཏུ་འཇུག་རུང་བ་ཞིག་ཡིན་ཞིང་། དེ་གཞན་རིག་མི་གཅིག་པ་སོ་སོས་རང་རང་ཡུལ་ཆོས་ཀྱི་ངོ་བོ་དང་ཁྱད་ཆོས་ཀྱི་ཆ་ནས་ལོ་ཙཱའི་མཚན་ཉིད་བསྟན་པ་དཔེར་ན། ཆ་འཕྲིན་དང་བརྡ་རྟགས་རིག་པ་སྨྲ་བ་ཚོས། སྐད་གཉིས་བརྗེ་སྒྱུར་གྱི་ལམ་ནས་ཆ་འཕྲིན་བརྒྱུད་སྤྲོད་དང་བརྗེ་རེས་ཀྱི་དོན་ནུས་མཚོན་པ་དེ་ལོ་ཙཱའི་མཚན་ཉིད་དུ་བཞག་པ་དང་། བརྡ་སྤྲོད་རིག་པ་སྨྲ་བ་ཚོས་སྐད་དང་ཡིག་རིགས་མི་འདྲ་བ་ཕན་ཚུན་བརྗེ་སྒྱུར་བྱེད་པའི་ཚུལ་དེ་ལོ་ཙཱའི་མཚན་ཉིད་དུ་བཤད་པ་སོགས་སོ།།

1_1 སྲོལ་རྒྱུན་གྱི་ལོ་ཙཱའི་མཚན་ཉིད། 

དང་པོ་གནའ་དེང་གི་ལོ་ཙཱ་བ་རྣམས་ཀྱིས་བཏོན་པའི་ལོ་ཙཱའི་དངོས་ལ། སྲོལ་རྒྱུན་གྱི་ལུགས་ལྟར་ཕྱི་གླིང་བའི་ཚིག་མཛོད་སོགས་སུ་འདི་ལྟར་བཀོད་ཡོད་དེ། ལོ་ཙཱའམ་ཡིག་སྒྱུར་ཞེས་པ་ནི། “སྐད་ཡིག་གཅིག་ནས་སྐད་ཡིག་གཞན་ཞིག་ཏུ་བརྗེ་སྤོར་བྱ་བའི་བྱ་སྤྱོད་དམ་གོ་རིམ་དང་། ཡང་ན་སྐད་ཡིག་དང་ཡིག་རིགས་གཞན་ཞིག་ཏུ་བརྗེ་སྤོར་བྱས་ཏེ། བརྗོད་དོན་སོར་འཇོག་བྱ་བ”ཞེས་སོགས་དང་། <<དེང་རབས་རྒྱ་སྐད་ཚིག་མཛོད>>དུ་དེ་ལ“སྐད་དང་ཡིག་རིགས་གང་ཞིག་གིས་བསྟན་པའི་བརྗོད་དོན་དེ་སྐད་ཡིག་གཞན་ཞིག་གིས་མཚོན་པར་བྱས་པ(ཡུལ་སྐད་དང་མི་རིགས་ཀྱི་སྤྱི་སྐད་བར་དང་། ཡུལ་སྐད་དང་ཡུལ་སྐད་བར། གནའ་ཡིག་ནས་དེང་ཡིག་བར་དུ་རྣམ་པ་ཞིག་ནས་རྣམ་པ་གཞན་ཞིག་གིས་མཚོན་པ)ལ་བྱ”ཞེས་བཀོད་ཡོད།

1_2 དེང་རབས་ལོ་ཙཱ་རིག་པའི་མཚན་ཉིད། 

དེང་རབས་ལོ་ཙཱའི་ཞིབ་འཇུག་ཁྲོད་བཀོད་པའི་མཚན་ཉིད་ལ་དཔེར་ན། ལོ་ཙཱ་ནི“སྐད་ཡིག་གཞན་ཞིག་ལ་བརྟེན་ནས་སྐད་ཆའི་བརྡ་རྟགས་གང་ཞིག་ལ་འགྲེལ་བཤད་གནང་བ་སྟེ། སྐད་ཡིག་གཅིག་ཁྲོད་ཀྱི་ཆ་འཕྲིན་དེ་སྐད་ཡིག་གཞན་ཞིག་གི་ཆ་འཕྲིན་དུ་བསྒྱུར་བའི་བརྒྱུད་རིམ་ཞིག་ལ་གོ་བ་མ་གཏོགས། ཕྱི་ངོས་ཀྱི་སྐད་ཡིག་བརྗེ་རེས་ཙམ་ལ་གོ་བ་མིན”ཞེས་དང་། “སྐད་དང་ཡིག་རིགས་གང་ཞིག་གི་ཡིག་ཆའི་རྒྱུ་ཆ་དེ་སྐད་ཡིག་གཞན་ཞིག་གི་ཁ་གཏད་འདྲ་མཉམ་གྱི་ཡིག་ཆའི་རྒྱུ་ཆ་རུ་བརྗེ་བ་ལ་བྱ”ཞེས་དང་། “སྐད་ཡིག་བརྡ་རྟགས་གང་ཞིག་ནས་སྐད་ཡིག་བརྡ་རྟགས་གཞན་ཞིག་ཏུ་བརྗོད་དོན་སྤོར་བ་ལ་བྱ”ཞེས་དང་། “སྐད་དོན་དང་རྩོམ་ལུས་སོགས་གང་གི་ཆ་ནས་ཀྱང་ཉེར་མཚུངས་ཀྱི་ཁ་གཏད་སྐད་ཆ་སྤྱད་ནས་མ་རྩོམ་གྱི་ཆ་འཕྲིན་གང་ཉིད་བསྐྱར་མཚོན་བྱེད་པ་ལ་བྱ”ཞེས་སོགས་མཆིས། གོང་གི་མཚན་ཉིད་མི་འདྲ་བ་འདི་དག་ལ་ཞིབ་ཏུ་གཞིགས་ན་སོ་སོར་བསམ་བློའི་དགོངས་གཞི་གལ་ཆེན་རེ་ལྡན་ཏེ། དེ་དག་ནི་རིམ་པ་བཞིན“འགྲེལ་བཤད”དང“ཆ་འཕྲིན”། “འདྲ་མཉམ་གྱི་ཡིག་ཆའི་རྒྱུ་ཆ”། “བརྗོད་དོན་སྤོར་བ”། “ཉེར་མཚུངས་ཀྱི་ཁ་གཏད་སྐད་ཆ”ཞེས་པ་རྣམས་གཙོ་གནད་དུ་བཏོན་ཡོད།

གོང་གི་མཚན་ཉིད་མི་འདྲ་བ་རྣམས་གཅིག་ཏུ་བསྡུས་ནས་གོ་དོན་ཆ་ཚང་ཞིང་གནད་འདྲིལ་བའི་མཚན་ཉིད་ཅིག་བཀོད་ན། ལོ་ཙཱ་ཞེས་པ་ནི་སྐད་དང་ཡིག་རིགས་གང་ཞིག་གིས་བསྟན་ཟིན་པའི་བརྗོད་དོན་རྩོམ་ཉམས་དང་བཅས་པ་སྐད་དང་ཡིག་རིགས་གཞན་ཞིག་གི་ཁ་གཏད་འདྲ་མཉམ་གྱི་རྒྱུ་ཆ་སྤྱད་དེ་ཇི་བཞིན་བསྐྱར་མཚོན་བྱ་བའི་རིག་གནས་བྱེད་སྒོ་ཞིག་ལ་བྱ། མཚན་ཉིད་འདིར་ཟུར་འགའ་ཚང་སྟེ། “སྐད་དང་ཡིག་རིགས”ཞེས་པས་སྤྱིར་ལོ་ཙཱ་ལ་ངག་སྒྱུར་དང་ཡིག་སྒྱུར་རིགས་གཉིས་ལྡན་པ་བསྟན་པ་སྟེ། ངག་སྒྱུར་ཞེས་པས་སྐད་རིགས་ཕན་ཚུན་བར་བརྗེ་རེས་བྱ་བ་དང་། ཡིག་སྒྱུར་ཞེས་པས་ཡིག་རིགས་ཕན་ཚུན་བར་བརྗེ་རེས་བྱ་བ་ལ་གོ“བརྗོད་དོན”ཞེས་པས་མ་ཡིག་གི་རྩོམ་གཤིས་དང་ཁྱད་ཆོས་ཇི་བཞིན་སོར་འཇོག་བྱ་དགོས་པ་ལ་ཟེར། “ཁ་གཏད་འདྲ་མཉམ་གྱི་རྒྱུ་ཆ”ཞེས་པས་བསྒྱུར་བྱ་སྒྱུར་བྱེད་ཡིག་རིགས་གཉིས་ཀའི་བརྡ་སྤྲོད་ནུས་པ་དང་ཚིག་རྒྱན་བྱེད་ནུས་སོགས་འདྲ་མཚུངས་ཡིན་དགོས་པ་དང་། “ཇི་བཞིན་བསྐྱར་མཚོན”ཞེས་པས་ལོ་ཙཱ་བྱ་བའི་རིག་གནས་བྱེད་སྒོ་འདིའི་སྤྱིའི་ཁྱད་ཆོས་ཤིག་བསྟན་པ་སྟེ། མ་ཡིག་གི་བསྟན་དོན་དང་མི་འགལ་བར་ཇི་བཞིན་མཚོན་པར་བྱ་བ་ལས། ལོ་ཙཱ་བ་རང་གི་འདོད་མོས་བཞིན་སྣོན་འཕྲི་བཟོ་བཅོས་སོགས་ཀྱི་བསླད་འདྲེས་མི་རུང་བར་བསྟན་པ་ཡིན། གཞན་ཡང་གོང་གི་འདི་ལས་ལོ་ཙཱ་ཞེས་པ་ནི་སྐད་ཡིག་མི་འདྲ་བ་གཉིས་བར་གྱི་ཕན་ཚུན་བརྗེ་རེས་ལ་གོ་དགོས་པ་མ་གཏོགས། ཡིག་རིགས་གཅིག་གི་ནང་ཁུལ་གྱི་ཡུལ་སྐད་ཕན་ཚུན་བར་དང་། བརྡ་གསར་རྙིང་གི་བར་དང་། གནའ་ཡིག་དང་དེང་ཡིག་ཕན་ཚུན་བར་གྱི་བརྗེ་རེས་སོགས་ནི་ལོ་ཙཱའི་རྗེས་མཐུན་ཙམ་ཡིན་པ་ལས་ལོ་ཙཱ་མཚན་ཉིད་པ་མིན་པའང་ཞོར་དུ་རྟོགས་དགོས།

1_3 དཔེའི་སྒོ་ནས་བཀོད་པའི་མཚན་ཉིད། 

ལོ་ཙཱ་ལ་དཔེའི་སྒོ་ནས་བཀོད་པའི་མཚན་ཉིད། དཔེ་ཡི་སྒོ་ནས་བཀོད་པའི་མཚན་ཉིད་ནི་དོན་དམ་དུ་མཚན་ཉིད་དངོས་ནི་མ་ཡིན་ཏེ། དེའི་དམིགས་ཡུལ་ནི་གསོན་ཉམས་ལྡན་ཞིང་སྣང་བརྙན་གསལ་བའི་སྐད་ཆའི་སྦྱོར་བ་ལ་བརྟེན་ནས་ལོ་ཙཱའི་ཁྱད་ཆོས་དང་དོན་སྙིང་གསལ་བཤད་བྱ་བའི་ཆེད་དུ་ཡིན་པས་ན། དེར་ཡང་མཚན་ཉིད་དངོས་ལྟ་བུའི་བྱེད་ནུས་ལྡན་པ་ཡིན། ལོ་ཙཱའི་བྱ་བར་དཔེའི་སྒོ་ནས་འགྲེལ་བཤད་བྱ་བ་ནི་གནའ་དུས་ནས་བྱུང་ཡོད་དེ། འདིར་དཔེ་ཅན་ལོ་ཙཱའི་བྱ་བ་ལ་བཀོད་པའི“དཔེ”རྣམས་ཀྱི་ངོ་བོ་དང་རང་གཤིས་བཅས་གཞིར་བཟུང་སྟེ་གླེང་བརྗོད་མདོར་བསྡུས་ཙམ་བྱ་བ་ལ། (1) ལོ་ཙཱ་བྱ་བ་ནི་རི་མོ་འབྲི་བ་དང་རོལ་མོ་དཀྲོལ་བ། ཟློས་གར་འཁྲབ་པ་དང་མཚུངས། (2) ལོ་ཙཱ་ནི་སྦྲེལ་བྱེད་ཀྱི་ཟམ་པ་དང་ཐོ་རེངས་སྐར་ཆེན། སྨྱན་བྱེད་བར་གྱི་བར་པ་སོགས་དང་འདྲ། (3) ལོ་ཙཱ་བྱེད་པ་ནི་རྐང་སྒྲོག་བརྒྱབ་ནས་བྲོ་འཁྲབ་པ་དང་ལོ་ཙཱ་བ་ནི་གཡོག་མི་དང་མཚུངས། (4) ལོ་ཙཱ་ནི་རྒྱབ་འགལ་གྱི་བྱ་བ་དང་། ཡང་བསྐྱར་སྐྱེ་བ་ལེན་པ་སོགས་དང་འདྲ། (5) ལོ་ཙཱའི་བྱ་བ་ནི་འགྲན་རྩོད་དང་རོལ་རྩེད་ཀྱི་དཔེར་འགོད་པ་བཅས་སོ།། གོང་གི་འདི་དག་ནི་གཙོ་བོ་མི་རིགས་གཞན་དག་གིས་བཀོད་པའི་དཔེའི་མཚན་ཉིད་ཡིན་ཞིང་། རིགས་འདི་ཙམ་ཁོ་ནར་འདུས་པའི་ངེས་པ་མེད་མོད། འོན་ཀྱང་དཔེ་འདི་དག་གིས་མ་མཐའ་ཡང་ལོ་ཙཱ་བྱ་བའི་ངོ་བོ་དང་ཁྱད་ཆོས་རེ་གཉིས་གསལ་བཤད་བྱས་ཡོད་ཅིང་། ལོ་ཙཱ་བྱ་བའི་རང་གཞིན་དང་བྱེད་ནུས། མཛུབ་སྟོན་གྱི་རྩ་དོན་དང་བྱེ་བྲག་གི་བྱེད་ཐབས་བཅས་ལ་འཇུག་པར་མཐོང་སྣེ་དང་ཟུར་ཚད་མི་འདྲ་བ་མཁོ་འདོན་བྱས་ཡོད། དེར་བརྟེན་ལོ་ཙཱའི་བྱ་བ་དཔེ་རུ་འགོད་པའི་ཐབས་འདི་ནི། ལོ་ཙཱའི་ངོ་བོ་དང་རང་བཞིན་སོགས་འཚོལ་སྙེག་བྱ་བའི་སྒེའུ་ཁུང་ལྟ་བུ་ཡིན་པར་མ་ཟད། ལོ་ཙཱའི་དོན་སྙིང་དང་རིག་གནས་རིན་ཐང་སོགས་ལ་དབྱེ་ཞིབ་བྱ་བའི་འཇུག་སྒོ་ལྟ་བུའང་ཡིན། དཔེར་ན། ལོ་ཙཱ་ནི་སྦྲེལ་བྱེད་ཀྱི་ཟམ་པ་དང་སྨྱན་བྱེད་ཀྱི་བར་པར་དཔེར་བླངས་པ་འདིས་ལོ་ཙཱ་བྱ་བའི་ཆ་འཕྲིན་སྤོ་སྣུར་དང་རིག་གནས་བརྗེ་རེས་ཐད་ཀྱི་བྱེད་ནུས་དེ་མཚོན་ཞིང་། ཡང་ལོ་ཙཱ་བྱེད་པ་ནི་རྐང་སྒྲོག་བརྒྱབ་ནས་བྲོ་འཁྲབ་པ་དང་ལོ་ཙཱ་བ་ནི་གཡོག་མི་དང་འདྲ་ཞེས་པ་འདིས། འགྱུར་ཡིག་གང་ཉིད་ནམ་ཡང་མ་རྩོམ་གྱི་བཀག་རྒྱ་ལས་ཐར་ཐབས་མེད་པར་ངེས་པར་དུ་མ་ཡིག་ལ་བསྟུན་དགོས་པའི་གཞུང་ལུགས་དོན་སྙིང་དེ་གསོན་ཉམས་ལྡན་པར་བསྟན་ཡོད་པ་ལྟ་བུ་ཡིན།

1_4 བོད་ཀྱི་མཁས་པས་དཔེའི་སྒོ་ནས་གསལ་བཤད་གནང་བའི་མཚན་ཉིད། 

རང་རེའི་བོད་ལ་མཚོན་ནའང་ཡིག་སྒྱུར་གྱི་ལས་སྒོ་འདིར་དཔེའི་སྒོ་ནས་གསལ་བཤད་གནང་བའི་སྲོལ་འདུག་སྟེ། སྐད་གཉིས་བརྗེ་རེས་ཀྱི་བྱ་བ་འདིར་སྲོལ་རྒྱུན་དུ“ལོ་ཙཱ”ཞེས“ལོ་ཀ་ཙཀྵུ”ཞེས་པའི་བསྡུས་མིང་ཡིན་ལ། དེའི་དོན་ནི་འཇིག་རྟེན་མིག་སྟེ་བྱེད་ནུས་ཀྱི་ཆ་ནས་ཆེ་བརྗོད་མཛད་པའི་མིང་ཡིན། དེ་བཞིན་དུ་ས་སྐྱ་པཎྜིཏས“ལོ་ཙཱ་ནི་ནེ་ཙོ་ལྟ་བུའོ”ཞེས་ཡིག་སྒྱུར་བྱ་བ་ལ་བརྗོད་བྱའི་དོན་ལྟ་ཅི། ཚིག་གི་སྦྱོར་བ་ཡན་ཆད་ཅི་ནུས་སྒོས་མ་ཡིག་ལ་བསྟུན་དགོས་པའི་གནས་ལུགས་དེ་བསྟན་ཡོད། ལྷག་པར་དུ་རྩོམ་རིག་ལོ་ཙཱ་ལྟ་བུར་མཚོན་ན། མ་ཡིག་ལ་གདོང་སྤྲད་ནས་ཐད་སྒྱུར་བྱས་དྲགས་ན། མ་རྩོམ་གང་གི་ཉམས་འགྱུར་དང་བྲོ་བ་སོགས་ཤོར་སྲིད་པ་ཕྱི་ནང་གི་ལོ་ཙཱ་བ་མང་པོ་ཞིག་གིས་དཔེའི་སྒོ་ནས་བསྟན་ཡོད་པ་དང་། འདི་བཞིན་དུ་ས་པཎ་མཆོག་གིས་ཀྱང《མཁས་པ་ལ་འཇུག་པའི་སྒོ》ལས། ཉེ་བར་བསྒྱུར་བའི་དབང་གིས་ནི།། སྐད་བྱིངས་དོན་ནི་རབ་འགྱུར་ཏེ།། གང་གཱའི་ཆུ་ནི་མངར་མོད་ཀྱི།། རྒྱ་མཚོའི་ཆུ་ཡི་འགྱུར་བ་ཡིན།། ཞེས་ལོ་ཙཱ་བརྒྱུད་ཚེ་མ་རྩོམ་ལ་ཆེད་དུ་མངའ་བའི་རོ་ཉམས་མང་པོ་ཞིག་རང་ཤུགས་སུ་ཤོར་འགྲོ་བའི་གནས་ལུགས་བརྗོད་ཡོད།


དཔྱད་གཞིའི་ཡིག་ཆ།