ཕྱི་རོལ་པ་དང་ནང་པ་གཉིས་ཀྱི་ཁྱད་པར་ནི་དཀོན་མཆོག་གསུམ་ལ་ཡིད་མི་གཏོད་པར་འཇིག་རྟེན་པའི་ལྷ་དབང་ཕྱུག་སོགས་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བའི་གང་ཟག་དེ་ཕྱི་རོལ་པ་དང༌། སྙིང་ཐག་པ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་གང་ཟག་དེ་ནང་པ་སངས་རྒྱས་པར་འཇོག་པ་ཡིན། ཕྱི་རོལ་པའི་གྲུབ་མཐའ་སྨྲ་བ་དང༌། ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་གཉིས་ཀྱི་ཁྱད་པར་ནི། སྟོན་པ། བསྟན་པ། ལྟ་བ་གསུམ་གྱི་སྒོ་ནས་འཇོག་པ་ཡིན། དེའི་ནང་གསེས་ལྟ་བའི་འབྱེད་ཚུལ་ནི། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི(ཟག་བཅས་ཐམས་ཅད་སྡུག་བསྔལ་བ། འདུས་བྱས་ཐམས་ཅད་མི་རྟག་པ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བའོ)ཁས་བླངས་མ་བླངས་ཀྱིས་འཇོག་པ་ཡིན། ཕྱག་རྒྱ་བཞིའི་ནང་གི་བདག་མེད་ནི་རྟག་གཅིག་རང་དབང་ཅན་གྱིས་སྟོང་པའི་བདག་མེད་ཡིན། དེ་ཡང་ཕྱི་རོལ་པས་གང་ཟག་རྟག་པ་ཡིན་པ། ཆ་མེད་ཀྱི་གཅིག་ཡིན་པ། ཕུང་པོར་མ་ལྟོས་པའི་རང་དབང་ཅན་དུ་ཁས་བླངས་པ་ཡིན། ནང་པའི་གྲུབ་མཐའ་སྨྲ་བས་གང་ཟག་དེ་གསུམ་གང་གི་ངོ་བོར་མ་གྲུབ་པ་ཁས་བླངས་པ་ཡིན།