སྤྱི་ལོ1938ལོར་ཀན་ལྷོ་ཅོ་ནེ་རྫོང་ཁོངས་ཀྱི་ཉིན་པ་སྡེ་བར་སྐྱེས་ཤིང་། སྤྱི་ལོ1952ལོར་ལྷ་རམས་པ་བློ་བཟང་རྒྱ་མཚོ་ལས་རབ་ཏུ་བྱུང་ཞིང་། ཆོས་དཔལ་ཞང་བཀྲ་ཤིས་ཆོས་འཁོར་གླིང་གི་སྨན་པ་གྲྭ་ཚང་དུ་ཆོས་སྒོར་ཞུགས་ནས་ཆོ་ག་ཆོས་སྤྱོད་དང་རྒྱུད་རྩིས་བཞག་སོགས་ཁོང་དུ་ཆུད་པར་བྱས། རྩ་རྒྱུད་གཙོར་བྱས་རྒྱུད་ཆུང་གསུམ་བྱང་ཆུབ་པར་བསླབས་པའི་རྨང་གཞིའི་སྟེང་མན་ངག་རྒྱུད་ལ་ལེགས་པར་ཞུགས་ཤིང་། བཤེས་གཉེན་ཉི་ཟླ་ལྟ་བུའི་མདུན་ནས་བོད་ཀྱི་གསོ་རིག་གི་དབང་ལུང་རྒྱུད་པ་དང་བཅས་པ་ཡོངས་སུ་ཐོབ། ཁོང་གིས་ནམ་ཡང་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་སྦྱངས་བའི་གསོ་རིག་མན་ངག་གསེར་གྱི་ཐིགས་པ་ལྟ་བུ་དག་དངོས་ཐོག་ལག་ལེན་དང་སྦྱར་ནས་འགྲོ་བ་མང་པོ་ནད་ཀྱི་སྡུག་བསྔལ་ལས་གྲོལ་བར་བྱས་པ་དང་། སྤྱི་ཚོགས་ཇི་ལྟར་འགྱུར་ཡང་ནམ་ཡང་ཟོལ་མེད་གཞུང་དྲང་དང་གཞན་ཕན་སྙིང་བརྗེ་ལྷག་བསམ་དཀར་པོའི་རང་མདངས་ཡལ་བ་མེད་པར་འགྲོ་བའི་ལུས་ཀྱི་སྡུག་བསྔལ་སེལ་བར་རང་ནུས་ཅི་ལྕོགས་ཀྱིས་འབད་བཞིན་མཆིས།
སྤྱི་ལོ1958ལོར་སྲིད་གཞུང་གི་མངགས་བཀོད་ལྟར་ཅོ་ནེ་རྫོང་དུ་གྲོང་སྡེ་སྨན་པ་བྱེད་དུ་སོང་།
སྤྱི་ལོ1963ལོར་ཁོང་ཉིད་ཕྱིར་ཉིན་པ་སྡེ་བར་ཕེབས་ནས་ཞང་གི་གྲོང་སྡེ་སྨན་པ་བྱས།
སྤྱི་ལོ1971ལོར་རྒྱལ་ཁབ་ཀྱིས་རྐང་རྗེན་སྨན་པའི་ཁྲོད་ནས་ཤེས་ཡོན་གྱི་ཚད་མཐོ་ཤོས་སྐོར་ཞིག་རྒྱུགས་སྤྲོད་པའི་ཐབས་ལམ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ལས་བྱེད་པ་རུ་བསྡུ་ལེན་བྱ་རྒྱུའི་སྐོར་གྱི་བརྡ་ཁྱབ་སྤེལ་བ་དང་བསྟུན། ཁོང་ཡང་རྒྱུགས་ལ་ཞུགས་ནས་ཁུལ་ཡོངས་ཀྱི་ཨང་དང་པོ་ཐོབ་ཅིང་། རྒྱལ་ཁབ་ཀྱི་ཕོགས་ཐོབ་ལོན་པའི་ལས་བྱེད་པ་རུ་གྱུར་པ་དང་། ཁུལ་འཕྲོད་བསྟེན་ཅུས་ཀྱི་བཀོད་སྒྲིག་ལྟར་ཀན་ལྷོ་ཁུལ་འཕྲོད་བསྟེན་སྒོབ་གྲྭའི་དགེ་རྒན་གྱི་འགན་ཕྲག་ཏུ་བཞེས།
སྤྱི་ལོ1980ལོར་ཀན་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭ་རུ་ཕེབས་ཤིང་སློབ་གྲྭས་ཁོང་ལ་ཐོག་མར་བོད་སྨན་ཚོད་ལྟའི་འཛིན་གྲྭ་ཞིག་སྒྲུབ་ཏུ་བཅུག
སྤྱི་ལོ1989ལོར་བོད་སྨན་ཆེད་སྦྱོང་འཛིན་གྲྭ་ཐེངས་དང་པོ་བསྡུས་པ་ནས་ཁོང་གིས་འཛིན་གྲྭ་དེའི་གཙོ་བདག་དགེ་རྒན་གྱི་འགན་བཞེས་པ་མ་ཟད་དཔེ་ཁྲིད་གནང་།
སྤྱི་ལོ1992ལོར་ཁུལ་ཡོངས་ཀྱི་བོད་ལུགས་གསོ་རིག་ཕྱོགས་ཀྱི་སྔོན་ཐོན་དོན་གཉེར་བར་བདམས།
སྤྱི་ལོ1999ལོར་ཀན་ལྷོ་ཁུལ་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་ཚགས་གཙོ་གཞོན་པའི་འགན་བཞེས།
སྤྱི་ལོ2005ལོར་རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་བོད་ལུགས་གསོ་རིག་ཆེད་ལས་སློབ་དེབ་རྩོམ་ཞུས་ཨུ་ཡོན་ལྷན་ཚོགས་ཀྱི་རིག་གཞུང་ཆེད་མཁས་ཚོགས་པའི་ཚོགས་མིར་བདམས།
《གྲུབ་པ་ལུས》དང《ངོས་བཟུང་རྟགས》《གསོ་བྱེད་ཐབས》《ཆ་བྱད་དཔྱད》《དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་མྱོང་བསྡུས》《སྨན་པའི་རྒྱུད་དྲུག་ཅེས་པ་རགས་ཙམ་གླེང་བ》སོགས་སློབ་དེབ་དང་ཟུར་ལྟའི་དཔྱད་གཞི་མང་པོ་རྩོམ་སྒྲིག་གནང་།