སྨན་བླ་སྐྱབས།སྔ་མའི་པར་གཞི་དེ ལྷ་མོ་ཚེ་སྐྱིད།  ནས 2017-08-08 08:57ལ་འགྲུབ།

སྨན་བླ་སྐྱབས།

སྨན་བླ་སྐྱབས།
སྨན་བླ་སྐྱབས། 1963ལོར་མཚོ་སྔོན་མང་རྫོང་ནས་སྐྱེས་ཤིང་། སྨྱུག་མིང་ལ་གངས་བུ་དགའ་སྐྱེད་དམ་འབར་རྡེའུ་ཟེར། བོད་ཁུལ་དུ་མིང་དུ་གྲགས་པའི་སྒྱུ་རྩལ་པ་ཞིག་ཡིན་ཞིང་། རྩོམ་རིག་གསར་རྩོམ་དང་གར་སྟེགས་འཁྲབ་སྟོན། གླུ་ཚིག་གསར་རྩོམ། བརྙན་རིས་འཁྲབ་སྟོན་དང་སྐད་སྒྱུར་བཅས་ཀྱི་ཐད་ནས་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
曼拉杰甫
བོད་ཡིག་གི་མིང་།
སྨན་བླ་སྐྱབས།
མི་རིགས།
བོད་རིགས།
རྒྱལ་ཁབ།
ཀྲུང་གོ
སྐྱེས་ཡུལ།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་རྫོང་།
སྐྱེས་ལོ།
1963
མཐར་ཕྱིན་སློབ་གྲྭ།
མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭ།
1 མི་ཚེའི་བརྒྱུད་རིམ།

སྤྱི་ལོ1987ལོར་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭ་ལས་མཐར་ཕྱིན་ཞིང་། 1989ལོར་མཚོ་ལྷོ་མི་རིགས་ཟློས་གར་ཚོགས་པར་ལོ་ལྔའི་གན་རྒྱ་བཞག་སྟེ། 1990ལོ་ནས་ལོ་གཉིས་ཀྱི་རིང་ཧྲང་ཧེའི་ཟློས་གར་སློབ་གླིང་གི་གློག་བརྙན་དང་བརྙན་འཕྲིན་ཟློས་གར་ཟབ་སྦྱོང་འཛིན་གྲྭར་འཁྲབ་གཞུང་གི་སྐོར་སློབ་སྦྱོང་བྱས། མཚོ་སྔོན་ཞིང་ཆེན་གློག་བརྙན་སྒྲིག་སྒྱུར་ལྟེ་གནས་སུ་སྒྲིག་སྒྱུར་འཁྲབ་ཁྲིད་ཀྱི་འགན་ཁུར། ད་ལྟ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པའི་རིམ་པ་གསུམ་པའི་འཁྲབ་གཞུང་རྩོམ་པ་པོ་དང་། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་སློབ་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཟློས་གར་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་བོད་སྐད་ཡིག་ལས་སྒྲུབ་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན།

2 སྒྱུ་རྩལ་གྱི་གྲུབ་འབྲས།

སྒྲུང་རྩོམ་དང་སྙན་ངག ལྷུག་རྩོམ། འཁྲབ་གཞུང་། ཁ་ཤགས། གླུ་ཚིག་སོགས་བརྩམས་ཆོས180ལྷག་སྤེལ་བ་མ་ཟད། སྒྲུང་རྩོམ་དང་སྙན་ངག་གཅེས་བསྡུས་དང་། ཁ་ཤགས་དང་གླུ་ཚིག་བརྙན་འཁོར་བདམས་བསྒྲིགས་གང་མང་དུ་ཚུད། དུས་མཚུངས་སུ་ཁ་ཤགས་དང་གར་ཆུང་སོགས་མི་སྒེར་གྱི་ཆེད་བསྒྲིགས་བརྙན་འཁོར5དཔར་འགྲེམ་གནང་། ཁོང་གི་སྒྲིག་སྒྱུར་བརྙན་རིས《དམ་བཅའ》ཞེས་པར་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་ཀྱི་བྱ་དགའ་ཐོབ་ཅིང་། རྒྱང་སྒྲོག་ཟློས་གར《ཨ་མའི་སེམས》དང《འབྲོང་སྟག་ཐང》སོགས་བརྩམས་ཆོས5ལ་ཞིང་ཆེན(ལྗོངས)ལྔའི་བོད་སྐད་རྒྱང་སྒྲོག་ཕུལ་བྱུང་ལེ་ཚན་གྱི་བྱ་དགའ་ཐོབ། ལྷུག་རྩོམ《སྒྱུ་རྩལ་གྱི་དད་ལྡན་པ》ཞེས་པར་སྐབས་དང་པོའི“གངས་ལྗོངས་གསེར་བུམ”ལྷུག་རྩོམ་གྱི་བྱ་དགའ་ཨང་དང་པོ་ཐོབ། འཁྲབ་ཚན་རྐྱང་བ《སང་ཉིན་གྱི་གཏམ་རྒྱུད》ཞེས་པས“ཀྲུང་གོའི་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་ཞིང་ཆེན་ཡོངས་ཀྱི་ཟློས་གར་ཆུང་བ་དང་གླུ་གཞས་ཟློས་གར་ཆུང་བ་འཁྲབ་གཞུང་བསྡུ་བའི་དཔྱད་བསྡུར་བྱ་དགའ་གནང་བའི”བྱ་འགུལ་ཁྲོད་འཁྲབ་གཞུང་བྱ་དགའ་ཐོབ།

ལོ་རབས་དགུ་བཅུའི་ནང་གར་ཆུང་གི་སྐོར་ལ་བརྩོན་པ་བྱས།1996ལོར 《རུ་སྡེ་ཕྲ་མོ》ཞེས་པ་ཁོང་གི་ཆེད་བསྒྲིགས་མཐའ་མ་ཡིན། དེ་ནས་བཟུང་། རྐྱང་བཤད་ནས་ཉིས་བཤད། ཕོ་མོའི་ཁ་ཤགས། སུམ་བཤད་ཁ་ཤགས། ཚོགས་བཤད་ཁ་ཤགས་སོགས་ཡོངས་སུ་ལག་ལེན་བྱས།

3 བརྩམས་ཆོས་གཞན་དག

《རོལ་མོ་བ་དང་གྱེར་འདོན་མཁན》། གར་ཆུང《ལག་འཁྱེར་ཁ་པར》། 《བཅར་འདྲི》། 《སེམས་བདེ་མགྲོན་ཁང》། 《སེམས་ཆུང་བདེ་བ》། 《སྒྲ་སྙན་དང་འཛེར་སྒྲ》། 《ཟུར་གཉིས》། 《གསེར་མདོག་གི་ཕ་ས》།《སྐུད་མེད་ཁ་པར》། 《ཨ་ཁུ་སྨན་པ》།《ཐད་གཏོང》སོགས་མང་པོ་ཡོད།

4 འབྲེལ་ཡོད་མི་སྣ།

སྨན་བླ་སྐྱབས་ཀྱི་བུ་མོ་གངས་ལྷ་ཕུར་བུ་སྒྲོལ་མ།

གཙོ་འཁྲབ་གློག་བརྙན། 《དྲི་མེད་ཀུན་ལྡན་འཚོལ་བ》།