ཀྲུང་ཧྭ་མིན་གོ་དབུ་བརྙེས་པ་དེས་ཀྲུང་གོའི་ལོ་ངོ་ཉིས་སྟོང་ལྷག་རིང་གི་བཀས་བཀོད་རྒྱུད་འཛིན་གྱི་གོང་མའི་ལམ་ལུགས་མཇུག་བསྒྲིལ་དུ་བཅུག དུས་རབས་ཀྱི་འཕེལ་འགྲོས་དང་བསྟུན་ནས་སྤྱི་ཚོགས་འཚོ་བར་སྔར་བཞིན་འགྱུར་ལྡོག་ཆེན་པོ་བྱུང་། ཆིང་རྒྱལ་རབས་ཧྲན་ཧའེ་ཀོན་འགག་སྒོར་ཞུགས་རྗེས། སྐྱེས་པ་ཡོད་ཚད་ལ་བཙན་གྱིས་རལ་བ་འཇོག་ཏུ་བཅུག་པར་མ་ཟད། དེའི་དོན་དུ་རལ་བ་འཇོག་མི་འདོད་མཁན་མི་ཉུང་བ་ཞིག་བསད། ལྕགས་ཕག་ལོའི་གསར་བརྗེའི་སྔོན་དུ། གསར་བརྗེའི་སྐྱེས་ཆེན་དམ་པ་མི་ཉུང་བ་ཞིག་གིས་ཆིང་རྒྱལ་རབས་མཚོན་བྱེད་ཀྱི་རལ་བ་བཅད་དེ། བཀས་བཀོད་རྒྱུད་འཛིན་གྱི་སྲིད་དབང་ལ་ངོ་རྒོལ་བྱེད་པའི་ཆོད་སེམས་མཚོན་པར་བྱས། ལྕགས་ཕག་ལོའི་གསར་བརྗེའི་རྗེས་སུ། ནན་ཅིང་སྲིད་གཞུང་གིས་རལ་བ་འབྲེག་པའི་བཀའ་ཁྱབ་བསྒྲགས་བྱས་ཏེ། བཀའ་ལྟར་མི་སྒྲུབ་མཁན་ཡོད་ན་ཁྲིམས་འགལ་དུ་བརྩི་བ་བསྒྲགས་པས། ལོ་འགའི་ནང་དུ་རྒྱལ་ཡོངས་ཀྱི་སྐྱེས་པ་མང་ཆེ་བའི་རལ་བ་བྲེགས་པ་རེད། ཀྲུང་གོའི་གནའ་རབས་ནས་བཟུང་། ཡུན་རིང་ཞིག་ལ་ལོ་ཁམས་དང་ལོ་རྟགས་བཀོལ་ནས་ལོ་རབས་བརྩིས་ཤིང་། མགོ་རུ་རྒྱལ་བོའི་ཁྲི་ལོ་བཀོལ་ཡོད། ལོ་ཁམས་བརྩི་སྟངས་ལ་དུས་ཡུན་རིང་བོར་ལུགས་རྙིང་ལི་ཐོ་སྤྱོད་པ་རེད། ཀྲུང་ཧྭ་མིན་གོ་དབུ་བརྙེས་པའི་ཕྱི་ཉིན་ཏེ་སྤྱི་ལོ1912ལོའི་ཟླ1པའི་ཚེས2ཉིན། ནན་ཅིང་གནས་སྐབས་སྲིད་གཞུང་གིས་ལོ་ཁམས་དང་སྲིད་ལོ་བརྩི་སྟངས་བསྒྱུར་དགོས་པའི་གློག་འཕྲིན་བཏང་སྟེ། ལོ་ཁམས་ལ་ལུགས་གསར་ལི་ཐོས་ཀྲུང་གོའི་སྲོལ་རྒྱུན་ལོ་ཁམས་བརྩི་སྟངས་ཀྱི་ཚབ་བྱེད་པ་རེད། སྲིད་ལོ་ལ་ཀྲུང་ཧྭ་མིན་གོའི་ལོ་རྟགས་ཀྱིས་སྲོལ་རྒྱུན་ལོ་ཁམས་དང་ལོ་རྟགས་ལྟར་ལོ་རབས་བརྩི་སྟངས་དེ་ཚབ་བྱེད་པར་བསྒྱུར་མོད། འོན་ཀྱང་འཛམ་གླིང་གིས་ཐུན་མོང་དུ་སྤྱོད་པའི་སྲིད་ལོ་བརྩི་སྟངས་བཀོལ་སྤྱོད་བྱེད་མ་ཐུབ། དེའི་རྗེས་སུ། ལུགས་གསར་དང་ལུགས་རྙིང་ལི་ཐོ་མཉམ་དུ་གནས་ཤིང་། ལུགས་གསར་ལི་ཐོ་རུ་གཟའ་འཁོར་གསལ་བོར་བཀོད་པ་དང་། ལུགས་གསར་ལི་ཐོ་རུ་དུས་ཚིགས་ཉེར་བཞི་ཟུར་བཀོད་བྱས་ཡོད། ལོ་ཁམས་བརྩི་སྟངས་ཀྱི་རྩ་དོན་འདི་རིགས་ཀྱིས་གནའ་ནས་ད་བར་དུ་ཤུགས་རྐྱེན་ཐེབས་ཡོད།