བག་མགོ་སླེ་བ།སྔ་མའི་པར་གཞི་དེ རྡོ་རྐོ་དངོས་གྲུབ་ཕུན་ཚོཊ།  ནས 2017-07-05 11:43ལ་འགྲུབ།

བག་མགོ་སླེ་བ།

བག་མའི་སྐྲ་སླེ་བ་ནི་གཉེན་ཚང་གི་སོ་མང་ཆ་འགྲིག་ཁྱེར་ཡོང་བ་དེས་སླེ་བ་ཞིག་ཡིན་ཏེ། ཐུན་མོང་མ་ཡིན་པའི་སྐྲའི་ལན་བུ་མང་བོ་སླེ་བའི་རྣམ་པ་ཞིག་ཡིན།
1 སྐྲ་སླེ་ཚུལ།

མགོ་སྐྲ་སླེ་ཚུལ་ནི་སྐྲ་སླེ་དུས་སུ་སོ་མང་ངེས་པར་དུ་སོ་ཁ་ཆ་མཉམ་པོ་ཡིན་དགོས། སྐྲ་བསླེས་པ་ཡང་སྐྲ་མ་ཕབ་གོང་དང་ཅུང་མི་འདྲ་སྟེ། སྐྲ་ཐོག་འོག་གཉིས་སུ་བཀར་ནས་ལན་བུ་མང་བོར་སླེ་སྲོལ་འདུག  སྐྲ་སླེ་དུས་རལ་བར་གཡུ་དང་བྱུ་རུ་ཉུང་ཙམ་ཞིག་བརྒྱུས་ནས་འཇོག་ལ་ནངས་མོ་རལ་ཤུབས་འདོགས་དུས་བླངས་ནས་ཨ་མར་སྤྲོད་པ་ནི་གཡང་ཡིན་པའི་བཤད་ཚུལ་འདུག  རལ་ཤུབས་དེ་ནི་ཡུལ་གྱིས་འདོགས། 

སྐྲ་ནི་ལན་བུ་མང་བོ་བསླེས་ནས་རལ་བ་ཡི་རལ་ཤུབས་ནི་ཡུལ་གྱི་སྐལ་ཡིན་པས། གོས་སྐུད་ཀྱིས་མེ་ཏོག་ཕྲ་ཚོམ་བཏབ་པ་ཞིག་འདོགས་བཞིན་ཡོད། ལན་སྣེ་གནས་ས་ཚང་གི་སྐལ་ཡིན་པས། གོས་སྐུད་ཚོན་མདོག་སྣ་ལྔའི་མཐའ་རྒྱན་ཅན་གཡུ་བྱུ་རུ་གཏམས་པའི་སྐྲ་ལོང་ཞིག་འདོགས་བཞིན་ཡོད།

2 དུས་ཚོད།

ས་ཆ་མང་ཤས་སུ་བག་སྐྲ་ནི་བག་མ་སྐྱེལ་བའི་ནངས་མོ་ཐོ་རེངས་སྐར་ཆེན་ཤར་མ་ཐག་ཏུ་བག་ངུ་འཐེན་ནས་བསླེས་སྲོལ་འདུག  ཨ་མདོའི་རོང་ཁུལ་དུ་སྔུན་ཉིན་གྱི་དགོང་ཁར་བསླེས་པ་ཡིན། སྐབས་དེའི་ཕྱི་དྲོ་ལ་གཉེན་ཚང་གི་སོ་ཁ་ཆ་འགྲིག་ལ་སྒུག་ནས་ཐོན་པ་དང་མཉམ་དུ། ནང་འཁོར་གྱི་མ་སྲུ་མང་བོས་བག་མའི་མཐའ་ནས་བསྐོར་ཏེ་སྐྲའི་ལན་བུ་མང་བོ་སླེ་བཞིན་མི་ཞིག་གིས་དབྱངས་རྟ་སྙན་མོ་དྲུག་འགྱུར་ལ་བཀུག་ནས་སྐྲ་ཤད་ཀྱི་བཤད་པ་གཏོང་ཀྱིན་འདུག

3 དགོས་པ།

སྐྲའི་ལན་བུ་མང་བོ་སླེ་སྲོལ་ནི་སྔོན་ནས་དར་ཡོད་པ་རེད། དེའི་སྐབས་སུ་སྐྲའི་ལན་བུ་མང་བོ་བསླེས་པ་དང་། སྐྲའི་གསེབ་ལ་གཡུ་བྱུར་དང་དངུལ་འདོགས་པའི་སྣང་ཚུལ་མངོན་ལ། སྐྲའི་ལན་བུ་ནི་ཆང་མིའམ་བོད་རིགས་ཀྱི་མེས་པོ་ཐུ་བྷོད་མིའི་སྐྲ་རྒྱན་གྱི་ཁྱད་ཆོས་ཡིན།  སྐྲའི་ལན་བུ་མང་བོ་སླེ་དོན་ནི་བོད་ཀྱི་ཡུལ་མཐོ་ཞིང་ཁ་དབུགས་ཧ་ཅང་འཁྱག་པའི་རྐྱེན་གྱིས་རྒྱུན་དུ་ཁ་བ་བབས་དྲགས་ཆེ་བ་རེད། ཁ་བའི་སྟེང་ལ་ཉི་འོད་བརྒྱབ་ན་འོད་ལྡོག་འཕྲོས་བྱས་ནས་མིག་དབང་ལ་གནོད་པར་བརྟེན། སྐྲའི་ལན་བུ་མང་པོ་བསླེས་ནས་གདོང་མདུན་དུ་དཔྱངས་ན་གྲིབ་བསིལ་སྟེར་བ་དང་མིག་མི་ཕྱིད་པར་ཕན་པའི་ནུས་པ་སྟེར་སྲིད།  དེའི་ཕྱིར་གནའི་བོད་མི་ཕོ་མོ་དག་གིས་ཀྱང་སྐྲའི་ལན་བུ་མང་བོ་སླེ་བའི་སྣང་ཚུལ་མཐོང་བ་དེ་དོན་དང་མཐུན་པ་ཞིག་རེད་སྙམ། ད་ལྟའང་ཕྱུགས་རྫི་རྒད་པོ་མང་བོས་ཁ་བའི་ནང་དུ་མིག་མི་ཕྱིད་པའི་ཆེད་དུ་ཤེལ་མིག་ནག་པོ་བརྒྱབ་ནས་མིག་གིས་རྣོ་ལ་སྲུང་སྐྱོབ་བྱེད་བཞིན་གདའ། ཤེལ་མིག་ནག་པོ་མེད་དུས་རྟའི་རྔ་མ་ནག་པོས་མིག་ལ་ཡོལ་བ་འཐེན་ནས་ཁ་བའི་ནང་དུ་འགྲོ་བཞིན་ཡོད་པ་དེ་ལས་ལོ་རྒྱུས་ཀྱི་སྣང་ཚུལ་དེ་རྟོགས་ཐུབ། རིམ་བཞིན་བོད་ཀྱི་བུད་མེད་རྣམས་ཀྱིས་སྐྲའི་ལན་བུ་མང་བོ་སླེ་བའི་མཛེས་དཔྱོད་ཀྱི་ལྟ་ཚུལ་ཞིག་ངང་གིས་ཆགས་པ་རེད།