ཞུ་ཁུ།སྔ་མའི་པར་གཞི་དེ འཕགས་མོ་སྐྱིད།  ནས 2017-07-07 11:59ལ་འགྲུབ།

ཞུ་ཁུ།

ཞུ་ཁུ།
དངོས་པོ་རིགས་གཅིག་གམ་རིགས་འགའ་ཆ་རྡུལ་གྱི་རྣམ་པས་དངོས་པོ་གཞན་པའི་ནང་དུ་ཁྱབ་སྟེ། ཆ་མཉམ་ཞིང་གཏན་འཇགས་ཡིན་པའི་མཉམ་བསྲེས་རྫས་གྲུབ་པ་དེར་ཞུ་ཁུ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
溶液
རིགས་དབྱེ།
མཉམ་བསྲེས་རྫས།
གནས་སྟངས།
ཆ་རྡུལ་ལམ་གྱེས་རྡུལ།
སྤྱོད་ཡུལ།
རྫས་འགྱུར།
1 ངོ་སྤྲོད།

.jpg

ཡ་གླིང་ནུབ་ཁུལ་དུ་མཚེའུ་ཞིག་ཡོད་པའི་མིང་ལ་ཤི་མཚོ་ཟེར། ཤི་མཚོའི་ནང་དུ་ཉ་དང་ཆུ་འབུ་གློ་ཉལ་མེད་ལ། མཚེའུ་ཡི་ནང་དུ་མི་ཡང་མི་ནུབ་པར་ཆུ་ཁར་གཡེང་སྲིད། ཤི་མཚོ་རུ་ལྗོངས་རྒྱུ་བྱེད་པའི་མི་ཚང་མ་ཤི་མཚོའི་ཁར་གན་རྐྱལ་དུ་གཡེང་ནས་སྔོ་ཐིང་ཐིང་གི་ནམ་མཁའ་དང་སྤྲིན་དཀར་ལ་བལྟ་བར་དགའ། དོན་དངོས་སུ་དེ་ནི་ཤི་མཚོའི་ཆུའི་ནང་དུ་ཚྭ་མང་བོ་ཞུ་ཡོད་པས། ཚྭ་གར་པོའི་ཆུ་གྲུབ་པ་དང་། ཚྭ་ཆུའི་སྟུག་ཚད་ནི་མི་ལུས་ཀྱི་སྟུག་ཚད་ལས་མཐོ་བས་མི་ཆུ་ཁར་གཡེང་ནས་མི་ཐིམ་པ་རེད། མཚོ་ཆུའི་ནང་དུ་ཚྭ་མང་པོ་འདུས་ཡོད་པ་མིག་གིས་མི་མཐོང་བ་ནི་ཚྭ་དེ་ཆུའི་ནང་དུ་ཞུགས་རྗེས། གྱེས་རྡུལ་གྱི་རྣམ་པས་ཆུའི་ནང་ཁྱབ་པ་དང་། དེ་དག་གི་རིལ་ཕྲན་ཧ་ཅང་ཆུང་བའི་རྐྱེན་རེད། དངོས་པོ་རིགས་གཅིག་གམ་རིགས་འགའ་ཆ་རྡུལ་གྱི་རྣམ་པས་དངོས་པོ་གཞན་པའི་ནང་དུ་ཁྱབ་སྟེ། ཆ་མཉམ་ཞིང་གཏན་འཇགས་ཡིན་པའི་མཉམ་བསྲེས་རྫས་གྲུབ་པ་དེར་ཞུ་ཁུ་ཟེར། ཞུ་འབྱེད་བྱས་པའི་དངོས་པོ་ལ་ཞུ་རྒྱུ་ཟེར། དངོས་པོ་གཞན་དག་གི་ནང་དུ་ཞུ་ཐུབ་པའི་དངོས་པོ་ལ་ཞུ་བྱེད་རྫས་ཟེར།

2 ངོ་བོ།

ཚྭ་ཆུའི་ནང་དུ་བཟའ་ཚྭ་ནི་ཞུ་རྒྱུ་ཡིན་པ་དང་། ཆུ་ནི་ཞུ་བྱེད་རྫས་ཡིན། འོན་ཀྱང་། ཞུ་རྒྱུ་ནི་སྲ་གཟུགས་ཡིན་དགོས་པའི་ངེས་པ་མེད། གཤེར་གཟུགས་དང་རླུང་གཟུགས་ཀྱང་ཞུ་རྒྱུ་བྱས་ཆོག ཞུ་བྱེད་རྫས་ཀྱང་ཆུ་ཡིན་དགོས་པའི་ངེས་པ་མེད་དེ། ཆང་བཅུད་དང་། རླངས་སྣུམ། པུན་བཅས་ཀྱང་ཞུ་བྱེད་རྫས་བྱས་ཆོག གཤེར་གཟུགས་རིགས་གཉིས་ལས་གྲུབ་པའི་ཞུ་ཁུའི་ནང་དུ། འདུས་ཚད་ཅུང་མང་བའི་དངོས་པོར་ཞུ་བྱེད་རྫས་ཟེར་བ་དང་། འདུས་ཚད་ཅུང་ཉུང་བ་དེར་ཞུ་རྒྱུ་ཟེར། ཚན་རིག་གོང་དུ་འཕེལ་བ་དང་བསྟུན་ནས། ཞུ་ཁུའི་གཏན་ཚིགས་ལ་འཚམ་པའི་དངོས་པོ་ནི་གཤེར་རྣམ་མིན་པར་རླུང་རྣམ་མམ་ཡང་ན་སྲ་རྣམ་ཀྱང་ཡིན་ཆོག དཔེར་ན། ཤེལ་དང་ལྕགས་རིགས་བསྲེས་ལྕགས་སྣ་ཚོགས་ནི་སྲ་གཟུགས་ཞུ་ཁུ་ཡིན་མོད། འོན་ཀྱང་གོམས་སྲོལ་ལྟར་ན་ཞུ་ཁུ་ཞེས་པ་ནི་གཤེར་གཟུགས་ཞུ་ཁུ་ཁོ་ནར་སྟོན་པ་རེད། རང་བྱུང་ཁམས་སུ། སྨར་རྐྱང་དངོས་པོ་ཤིན་ཏུ་ཉུང་། ཞུ་ཁུ་ནི་དངོས་པོའི་གནས་སྟངས་ཆེས་གཙོ་བོ་ཡིན་ལ། མིའི་ལུས་ཀྱི་ལུས་གཤེར་ཚང་མའང་ཞུ་ཁུ་ཡིན།

3 རིགས་དབྱེ།

ཞུ་ཁུ་ལ་རིགས་གཉིས་སུ་དབྱེ་སྟེ། ཚད་ལོངས་ཞུ་ཁུ་དང་ཚད་མ་ལོངས་པའི་ཞུ་ཁུ།

དྲོད་ཚད་ངེས་ཅན་ཞིག་གི་འོག་ཏུ། ཞུ་བྱེད་རྫས་ཚད་ངེས་ཅན་ནང་དུ་ཞུ་རྒྱུ་ག་གེ་མོ་ཞིག་མུ་མཐུད་ནས་ཞུ་འབྱེད་མི་བྱེད་པའི་ཞུ་ཁུ་དེ་ལ། དྲོད་ཚད་དེའི་ནང་གི་ཞུ་རྒྱུ་དེའི་ཚད་ལོངས་ཞུ་ཁུ་ཟེར། ད་རུང་ཞུ་རྒྱུ་ག་གེ་མོ་མུ་མཐུད་ནས་ཞུ་འབྱེད་བྱེད་ཐུབ་པའི་ཞུ་ཁུ་ལ་ཞུ་རྒྱུ་དེའི་ཚད་མ་ལོངས་པའི་ཞུ་ཁུ་ཟེར།

ཞུ་ཁུ་དེ་རྩིས་རྒྱག་སྐབས་ཞུ་ཚད་སྔ་རྗེས་ཀྱི་ཞུ་རྫས་སྤྱི་ཚད་མི་འགྱུར་བ་གཞིར་བཟུང་ནས་རྩིས་བརྒྱབ་ཆོག ཆུའི་ནང་དུ་ཞུ་བའམ་ཡང་ན་ཞུ་ཁུ་སླ་པོའི་ནང་ཞུ་ཁུ་གར་པོ་ཞུ་བ་སོགས་རྩིས་ཆོག