ཉང་རལ་ཉི་མ་འོད་ཟེར།སྔ་མའི་པར་གཞི་དེ དཔལ་མགོན་ཚེ་རིང་།  ནས 2017-04-03 20:43ལ་འགྲུབ།

ཉང་རལ་ཉི་མ་འོད་ཟེར།

ཉང་རལ་ཉི་མ་འོད་ཟེར་ནི་ལྷོ་བྲག་གཏམ་ཤུལ་གྱི་བྱེ་བྲག་འཛེད་ས་སེར་དགོན་ཞེས་པར་ཡབ་ཉང་སྟོན་ཆོས་ཀྱི་འཁོར་ལོ་དང་ཡུམ་པདྨ་བདེ་བ་རྩལ་གཉིས་ཀྱིས་སྲས་སུ་རབ་བྱུང་གཉིས་པའི་ཤིང་འབྲུག་སྤྱི་ལོ1124ལོར་སྐུ་འཁྲུངས། སྐུ་ཆུང་ངུའི་དུས་རྣལ་འབྱོར་གྱི་སྤྱོད་པ་སྣ་ཚོགས་མཛད་པས་ཀུན་གྱིས་སྨྱོན་པར་འཛིན་ཞེས་གྲགས། དགུང་གྲངས་དྲུག་ཅུ་རེ་དགུ་བ་རབ་བྱུང་གསུམ་པའི་ཆུ་བྱི་སྤྱི་ལོ1192ལོར་ངོ་མཚར་བའི་ལྟས་མཚན་དུ་མ་དང་བཅས་སྐུའི་བཀོད་པ་བསྡུས།
གཞི་རྩའི་གནས་ཚུལ།

འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1124-1192)
འཁྲུངས་ཡུལ།
ལྷོ་བྲག
ཡབ།
ཉང་སྟོན་ཆོས་ཀྱི་འཁོར་ལོ།
ཡུམ།
པདྨ་བདེ་བ་རྩལ།
གྲུབ་མཐའ།
རྙིང་མ་པ།
བླ་མ།
ཡར་ཉང་སྟོན་ཆེན་པོ།
བརྩམས་ཆོས།
ཆོས་འབྱུང་མེ་ཏོག་རྙིང་པོ་སྦྲང་རྩིའི་བཅུད།
1 ​ངོ་སྤྲོད།

ཉང་རལ་ཉི་མ་འོད་ཟེར་ནི་ཡབ་ཉང་སྟོན་ཆོས་ཀྱི་འཁོར་ལོ་དང་ཡུམ་པདྨ་བདེ་བ་རྩལ་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ཤིང་འབྲུག་སྤྱི་ལོ1124ལོར་ལྷོ་བྲག་གཏམ་ཤུལ་གྱི་བྱེ་བྲག་འཛེད་ས་སེར་དགོན་ཞེས་པར་སྐུ་འཁྲུངས། སྐུ་ཆུང་ངུའི་དུས་རྣལ་འབྱོར་གྱི་སྤྱོད་པ་སྣ་ཚོགས་མཛད་པས་ཀུན་གྱིས་སྨྱོན་པར་འཛིན་ཞེས་གྲགས། ཡབ་ཀྱི་ས་ནས་རྟ་མགྲིན་སོགས་ཀྱི་དབང་གསན་ཏེ་འཛེད་ཕུ་གངས་རར་བསྒྲུབས་པས་ལྷའི་ཞལ་གཟིགས་པ་དང༌། གཏེར་གྱི་ཁ་བྱང་མང་པོ་གནང་བས་ཁོ་མཐིང་དང༌། བསམ་ཡས། གནམ་སྐས་ཅན་གྱི་སྲིན་བྱ་བྲག དབེན་གནས་བྲི་རི་ལྷ་ཁང་སོགས་ནས་གཏེར་ཁ་མང་པོ་སྤྱན་དྲངས། སློབ་དཔོན་པདྨའི་རྣམ་ཐར་ཟངས་གླིང་མར་གྲགས་པ་ལེའུ་ཞེ་གཅིག་ཅན་ཁམས་གསུམ་ཟངས་ཁང་གླིང་དུ་གཏེར་ལ་སྦས་པ་བཏོན། འདི་ཇོ་མོ་མཁར་ཆེན་བཟའ་ཡེ་ཤེས་མཚོ་རྒྱལ་གྱིས་ཡི་གེར་བཏབ་པ་ཡིན། ཡབ་ཉང་སྟོན་ཆེན་པོ་དང༌། རྒྱ་སྨྱོན་པ་དོན་ལྡན། ཞིག་པོ་ཉི་མ་སེང་གེ། ངལ་ཀ་བ་ཅན་པ། སྟོན་པ་ཁ་ཆེ་སོགས་བླ་མ་མང་དུ་བསྟེན་ནས་སྔགས་དང་མཚན་ཉིད་ཀྱི་གནས་པ་རྒྱ་ཆེར་མཛད། མུ་ཏིག་ཤེལ་གྱི་སྤ་གོང་སོགས་སུ་སྒྲུབ་པ་ལ་ནན་ཏན་མཛད་པས་གྲུབ་པའི་རྟགས་མཚན་དུ་མ་བྱུང༌། ཇོ་འབུམ་མ་ཁབ་ཏུ་བཞེས་པར་སྲས་ནམ་མཁའ་འོད་ཟེར་དང༌། ནམ་མཁའ་དཔལ་བ་གཉིས་འཁྲུངས། སྐུ་ཚེ་ཧྲིལ་པོར་སྒོམ་སྒྲུབ་དང་འཆད་སྤེལ་མཛད་ཅིང༌། རྫུ་འཕྲུལ་མཐའ་ཡས་པ་བསྟན་པར་གྲགས་པ་སོགས་ཀྱིས་གྲུབ་མཐའ་རིམ་མེད་ཀྱིས་ཚན་མར་འཛིན། རྙིང་མའི་གཏེར་སྟོན་བརྒྱ་རྩའི་ནང་ནས་རྗེ་འདི་ཉིད་ལ་གཏེར་སྟོན་གོང་མ་དང༌། གུ་རུ་ཆོས་དབང་ལ་གཏེར་སྟོན་འོག་མ་ཞེས་གྲགས་སྙན་ཤིན་ཏུ་ཆེ། 《ཆོས་འབྱུང་མེ་ཏོག་རྙིང་པོ་སྦྲང་རྩིའི་བཅུད》ཅེས་པའི་དེའང་འདི་ཉིད་ཀྱིས་བརྩམས་པར་གྲགས། མཐའ་དགུང་གྲངས་དྲུག་ཅུ་རེ་དགུ་བ་རབ་བྱུང་གསུམ་པའི་ཆུ་བྱི་སྤྱི་ལོ1192ལོར་ངོ་མཚར་བའི་ལྟས་མཚན་དུ་མ་དང་བཅས་སྐུའི་བཀོད་པ་བསྡུས། ཆག་ལོ་ཙཱ་བས་གདུང་ཞུས་པས་མེ་སྤར་མ་ནུས། སླར་ཞུགས་རང་འབར་དུ་གྱུར་ཏེ་རྟེན་རིང་བསྲེད་ཁྱད་པར་ཅན་མང་དུ་བྱོན་ཞེས་གྲགས། སློབ་མའི་གཙོ་བོ་ནི། སྲས་འགྲོ་མགོན་ནམ་མཁའ་དཔལ་བ་ཡིན་ཅིང༌། ཁོང་ལ་སྨིན་གྲོལ་ཡོངས་རྫོགས་ཀྱི་བཀའ་བབས་གཏད་དེ་བསྟན་པའི་བདག་པོར་གྱུར། འདི་ཉིད་སྐྱིས་ལྷ་ས་སྐྱིད་ཆུའི་འགྲམ་དུ་ཇོ་བོའི་ཆུ་རགས་མཛད་པ་དང༌། བལ་རིས་ཀྱི་ཐང་ག་ཐོག་ཚད་མ་བརྒྱ་དང་བརྒྱད་ཀྱང་བཞེངས། གུ་རུ་ཆོས་ཀྱི་དབང་ཕྱུག་སོགས་སློབ་མ་མང་དུ་བསྐྱངས་པ་བཅས་སོ། །