གྲུབ་མཐའ།སྔ་མའི་པར་གཞི་དེ ལོ་མི་ཆུང་།  ནས 2017-02-21 15:54ལ་འགྲུབ།

གྲུབ་མཐའ།

གྲུབ་མཐའ་ཞེས་པ་ལུང་རིགས་གང་རུང་ལ་བརྟེན་ནས་ཐག་བཅད་ཅིང་གྲུབ་པའི་དམ་བཅས་པའི་དོན་དེ་ཉིད་རང་གི་བློ་ངོར་ཚུལ་དེ་ལས་གཞན་དུ་འདར་མེད་པ་ཞིག་ལ་ཟེར་ཞིང་། དེ་ལ་ཐོག་མར་བྱུང་ཚུལ་དང་། སྤྱི་དང་བྱེ་བྲག་གི་དབྱེ་བ། རང་རང་གི་མཚན་ཉིད་དང་སྒྲ་བཤད། མིང་གི་རྣམ་གྲངས་དང་གཞི་ལམ་འབྲས་གསུམ་སོགས་ཀྱི་འདོད་ཚུལ་མི་འདྲ་བ་མང་བོ་ཡོད་པ་གཤམ་གྱི་གཞུང་ཚན་སོ་སོའི་སྐབས་སུ་གསལ་བ་ཡིན་ནོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
教派
ཕྱི་ཡིག་གི་མིང་།
religious sect
སཾསྐྲྀཏའི་མིང་།
སིདྡྷྱནྟ།
རིགས་དབྱེ།
ཆོས་ལུགས་མིང་བརྡ།
1 གོ་དོན།

དེ་ཡང་ལུང་རིགས་གང་རུང་ལ་བརྟེན་ནས་རྣམ་རྟོག་གི་སྒྲོ་བཏགས་པའི་ཆ་གཞན་བཀག་སྟེ་རང་གི་བློ་ངོར་ཡང་དག་པར་འཐད་པའི་དོན་དེ་ཉིད་གྲུབ་པའམ་དམ་བཅས་ཏེ་འཛིན་པའི་ཚུལ་དེ་ལས་གཞན་དུ་མེད་དོ་སྙམ་ནས་ཐག་བཅད་པའི་ཆ་དེ་ལ་གྲུབ་མཐའ་ཞེས་བྱ་བར་བརྗོད་པ་ཡིན་ནོ། །

སྤྱིར་གྲུབ་མཐའ་ལ་དབྱེ་ན། ཕྱི་རོལ་པའི་གྲུབ་མཐའ་དང་། ནང་བའི་གྲུབ་མཐའ་སྟེ་རིགས་ཁག་ཆེན་པོ་གཉིས་ཡོད་ཅིང་། དེ་གཉིས་རེ་རེ་ལའང་ནང་གསེས་ཀྱི་སྒོ་ནས་གྲུབ་མཐའི་དབྱེ་བ་མང་བོ་ཡོད་པ་ཡིན་ནོ། །གྲུབ་མཐའ་ཁག་གི་རྒྱ་ཆེ་ཞིང་གཏིང་ཟབ་པའི་ནང་དོན་དང་། ཡུན་རིང་བའི་ལོ་རྒྱུས། སོ་སོའི་ཐུན་མིན་གྱི་ལྟ་ཚུལ་སོགས་ལ་སློབ་སྦྱོང་བྱེད་དགོས་པའི་རྒྱུ་མཚན་དེ་ནི། ཆོས་བྱེད་རྒྱུའི་ཆེད་ཙམ་དུ་མ་ཡིན་པར་གྲུབ་མཐའ་ཟེར་བ་དེ་ཉིད་མིའི་རིགས་ཀྱི་སྤྱི་ཚོགས་སོ་སོའི་ནང་དུ་བྱུང་བའི་རྣམ་མང་སྣེ་འཛིངས་ཀྱི་ཤེས་རིག་ཅིག་ཡིན་སྟབས། ཐོག་མར་ཇི་ལྟར་སྲོལ་བྱུང་བ་དང་། བར་དུ་ཇི་ལྟར་འཕེལ་རྒྱས་སོང་བ། མཐར་ཇི་ལྟར་མེད་པར་འགྲོ་ཚུལ་སོགས་ལ་ཤེས་རྟོགས་བྱ་དགོས་ཤིང་། དེ་ནི་ལོ་རྒྱུས་དང་། རིག་གནས། ཆོས་ལུགས་གཞན་དག་བཅས་ལ་ཞིབ་འཇུག་བྱ་རྒྱུར་ཁ་འབྲལ་ཐབས་མེད་པའི་ལྟོས་བཅས་ཀྱི་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་པས། དེང་སྐབས་འཛམ་བུ་གླིང་དུ་བོད་རིག་པར་ཞིབ་འཇུག་བྱེད་པའི་ཕྱོགས་རིས་མེད་ཀྱི་ཤེས་ལྡན་པ་རྣམས་དང་། རྒྱལ་ནང་གི་བོད་ཡིག་ཆེད་ལས་འཛུགས་གཉེར་བྱས་པའི་སློབ་གྲྭ་ཆེན་མོ་ཚང་མའི་ནང་དུ་ཡང་རིག་ཚན་འདི་ཉིད་ལ་སློབ་ཁྲིད་དང་ཞིབ་འཇུག་བྱས་དང་བྱེད་མུས་སུ་ཡོད་དོ། །

2 ཕྱི་ནང་གི་གྲུབ་མཐའི་ཁྱད་པར།

དེ་ཡང་ཕྱི་བ་དང་ནང་བ་ཙམ་གྱི་ཁྱད་པར་ནི། དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་མི་ལེན་གྱི་སྒོ་ནས་འབྱེད་པ་ཡིན་ཏེ། སྙིང་ཐག་པ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་གང་ཟག་དེ་ནང་བ་དང་། དཀོན་མཆོག་གསུམ་ལ་བློ་མི་གཏོད་པར་འཇིག་རྟེན་པའི་ལྷ་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བའི་གང་ཟག་དེ་ཕྱི་རོལ་པ་ཡིན་ནོ། །

ཕྱི་ནང་གི་གྲུབ་མཐའ་སྨྲ་བའི་ཁྱད་པར་ནི། སྟོན་པ་དང་། བསྟན་པ། ལྟ་བ་གསུམ་གྱི་སྒོ་ནས་འབྱེད་པ་ཡིན་ཏེ། ནང་བ་སངས་རྒྱས་པ་རྣམས་ནི་སྟོན་པ་སྐྱོན་ཀུན་ཟད་ཅིང་ཡོན་ཏན་ཀུན་རྫོགས་པ་དང་། བསྟན་པ་སེམས་ཅན་ལ་འཚེ་བ་མེད་པ། ལྟ་བ་རྟག་གཅིག་རང་དབང་ཅན་གྱི་བདག་གིས་སྟོང་བར་འདོད་པའི་ཁྱད་པར་གསུམ་དང་ལྡན་ཞིང་། ཕྱི་རོལ་པ་རྣམས་ནི་དེ་ལས་ལྡོག་སྟེ། སྟོན་པ་སྐྱོན་དང་བཅས་ཤིང་ཡོན་ཏན་མ་རྫོགས་པ་དང་། བསྟན་པ་སེམས་ཅན་ལ་གནོད་ཅིང་འཚེ་བ། ལྟ་བ་རྟག་གཅིག་རང་དབང་ཅན་གྱི་བདག་ཏུ་གྲུབ་པར་ཁས་ལེན་པའི་ཁྱད་པར་གསུམ་དང་ལྡན་པ་ཡིན། ཕྱི་ནང་གི་གྲུབ་མཐའ་སྨྲ་བའི་ཁྱད་པར་གཙོ་བོ་དེ་ནི་ལྟ་བའི་སྒོ་ནས་འབྱེད་པ་ཡིན་ནོ། །

གཞན་ཡང་སྤྱིར་གང་ཟག་ལ་དབྱེ་ན། གྲུབ་མཐས་བློ་མ་བསྒྱུར་པ་དང་། གྲུབ་མཐས་བློ་བསྒྱུར་པ་སྟེ་གཉིས་ཡོད། དང་བོ་ནི། ཤེས་བྱའི་གནས་ཚུལ་དང་འཇིག་རྟེན་ཕྱི་མ་ཕན་ཆད་ལ་རྟོག་དཔྱོད་གང་ཡང་མི་བྱེད་པར་རང་དགར་ཚེ་འདི་ཁོ་ནའི་བདེ་བ་ཙམ་དོན་དུ་གཉེར་བ་ལ་ཟེར་ཞིང་། གཉིས་པ་ནི། ཚེ་འདིའི་བདེ་བ་ཙམ་གྱིས་མི་ཆོག་པར་རིག་པའི་གནས་གང་རུང་ཞིག་ལ་སྦྱངས་ཏེ་རང་གི་བློ་ངོར་འཐད་པའི་གཞུང་ལུགས་ལ་བརྟེན་ནས་ཤེས་བྱའི་གནས་ཚུལ་ལ་བླང་དོར་བྱེད་པ་རྣམས་ལ་ཟེར་རོ། །ཕྱི་ནང་གི་གྲུབ་མཐའ་སྨྲ་བ་རྣམས་ཀྱི་ཐ་ཤལ་རྒྱང་འཕེན་པས་ཀྱང་རིགས་པ་ལྟར་སྣང་གི་སྒོ་ནས་སྐྱེ་བ་སྔ་ཕྱི་དང་། ལས་རྒྱུ་འབྲས། ཐར་པ་དང་ཐམས་ཅད་མཁྱེན་པ་སོགས་ཡོད་མེད་ལ་དཔྱད་པ་བྱས་ནས་རང་གི་གཞུང་སྨྲ་བ་ཡིན་ནོ། །

3 ཕྱི་རོལ་པའི་གྲུབ་མཐའ།

འཇིག་རྟེན་གྱི་ཁམས་འདི་ཐོག་མར་ཆགས་ནས་ཡུན་རིང་ཙམ་སོང་བའི་ཚེ། འཛམ་བུ་གླིང་གི་མི་རྣམས་མ་རྨོས་པའི་ལོ་ཏོག་ལ་ལོངས་སྤྱོད་པར་བྱེད། དེའི་ཚེ་མི་ལེ་ལོ་ཅན་ཞིག་གིས་ནངས་དགོང་གི་ས་ལུ་ཅིག་ཆར་བླངས་ཏེ་གསོག་འཇོག་བྱས་པས་བརྔས་པ་མ་སྐྱེས་པར་གྱུར་ནས་སོ་ནམ་བྱེད་དགོས་པ་བྱུང་། དེ་ལ་བརྟེན་ནས་སྲེད་པ་ཅན་འགའ་ཞིག་གིས་མ་བྱིན་པར་བླངས་པས་ཕན་ཚུན་མ་འཆམས་པར་ཞལ་ལྕེ་གཅོད་པའི་དཔོན་བསྐོས་པའི་ཐོག་མ་དེ་ནི་མང་བོས་བཀུར་བའི་རྒྱལ་བོ་ཞེས་བྱ་བ་ཡིན་ནོ། །

དེའི་ཚེ་རྒྱལ་བོས་མི་ཉེས་པ་ཅན་འགའ་ཞིག་ལ་ཆད་པས་ཚར་གཅོད་པ་མཐོང་ནས་སྐྱོ་བ་སྐྱེས་ཏེ་འགའ་ཞིག་ནགས་གསེབ་ཏུ་ཡལ་ག་དང་ལོ་མའི་སྤྱིལ་བུ་ཕུབ་པའི་ནང་དུ་བསྡད་པས་བྲམ་ཟེ་ཞེས་པ་བྱུང་། དེ་ལས་ཀྱང་འགའ་ཞིག་གིས་འདོད་ཆུང་ཆོག་ཤེས་བྱས་ནས་གཅིག་པུར་བསྡད་པས་ལུས་དང་སེམས་དབེན་པ་ལ་བརྟེན་ཏེ་ཞི་གནས་ཐོབ། དེ་ལ་བརྟེན་ནས་མངོན་ཤེས་དང་རྫུ་འཕྲུལ་ཡོད་པ་བྱུང་བ་ལ་དྲང་སྲོང་ཞེས་བཏགས། དེ་དག་ལས་མངོན་ཤེས་ཐོབ་པ་དང་རྟོག་གེ་ལ་བྱང་བ་དུ་མས་རང་རང་གི་བློས་དཔྱད་ནས་ཐར་པ་དང་མཐོ་རིས་ཐོབ་བྱེད་ཀྱི་ལམ་གྱི་རྣམ་གཞག་དང་། དེ་སྒྲུབ་བྱེད་ཀྱི་གཏན་ཚིགས་ཀྱི་རིགས་པ་བཀོད་པའི་གཞུང་སྣ་ཚོགས་བརྩམས་པ་ལས་ཕྱི་རོལ་པའི་གྲུབ་མཐའ་དར་བར་གྱུར་ཏོ། །

དེ་ཡང་མི་རྣམས་ཀྱི་ཚེ་ལོ་དཔག་མེད་ཀྱི་དུས་སུ་དྲང་སྲོང་སེར་སྐྱ་ཞེས་བྱ་བ་རལ་བ་སེར་སྐྱ་ཡོད་པ་མངོན་ཤེས་ལྔ་དང་ལྡན་པ་ཞིག་བྱུང་། དེས་རང་གི་སྐྱེས་སྟོབས་ཀྱི་ཤེས་རབ་ལ་བརྟེན་ནས་གཞུང་མང་བོ་བརྩམས་ཤིང་། དེའི་རྗེས་སུ་འབྲངས་པ་རྣམས་ལ་གྲངས་ཅན་པའམ་སེར་སྐྱ་བ་ཞེས་ཕྱི་རོལ་པའི་གྲུབ་མཐའ་ཐམས་ཅད་ཀྱི་ཐོག་མ་དེ་བྱུང་བ་ཡིན། གྲངས་ཅན་པས་བཏགས་པའི་བདག་གི་རྣམ་དབྱེ་ལ་ཅུང་ཟད་ཅུང་ཟད་སྣོན་དབྲིའི་ཚུལ་མི་འདྲ་བ་ལ་བརྟེན་ནས་མུ་སྟེགས་ཅན་རྣམས་ཀྱི་ལུགས་མང་བོ་སོ་སོར་གྱེས་པ་ཡིན་ནོ། །

གྲུབ་མཐའ་སྨྲ་བའི་ནང་ཚན་གང་ཞིག དཀོན་མཆོག་གསུམ་ལ་སྐྱབས་སུ་མི་འགྲོ་ཞིང་། དེ་ལས་གཞན་པའི་སྟོན་པ་ཡོད་པར་ཁས་ལེན་པའི་གང་ཟག་དེ། ཕྱི་རོལ་པའི་གྲུབ་མཐའ་སྨྲ་བའི་མཚན་ཉིད་ཡིན། མིང་གི་རྣམ་གྲངས་ལ། ཕྱི་རོལ་པ་དང་། གཞན་སྡེ། མུ་སྟེགས་པ་སོགས་སུ་འབོད། དེ་དག་གི་སྒྲ་བཤད་ནི། རང་སྡེ་ནང་བའི་ལུགས་ལས་ཕྱི་རོལ་ཏུ་གྱུར་པས་ན་ཕྱི་རོལ་པ་དང་། རང་སྡེ་ནང་བ་ལས་གཞན་གྱི་སྡེ་ཡིན་པས་ན་གཞན་སྡེ། ལྟ་བ་ངན་པའི་མུ་ལ་སྟེགས་འཆའ་བས་ན་མུ་སྟེགས་པ་ཞེས་བརྗོད་པ་ཡིན་ནོ། །དེ་ཡང་མུ་སྟེགས་པ་ལ་སོགས་པའི་ཐ་སྙད་དེ་རྣམས་དང་། ཕྱིས་སུ་ཡོང་རྒྱུའི་རྒྱང་འཕེན་པ་དང་གྲངས་ཅན་པ་ལ་སོགས་པའི་ཐ་སྙད་དེ་རྣམས་ཕལ་ཆེར་ནང་བ་སངས་རྒྱས་པས་ཕར་བཏགས་པ་ཙམ་ལས་ཕྱི་རོལ་པ་རང་རང་གིས་ཐ་སྙད་དེ་ལྟར་མི་བྱེད་པར་གསུངས་སོ། །

ཕྱི་རོལ་པའི་གྲུབ་མཐའ་ལ་དབྱེ་བ་འབྱེད་ལུགས་མང་དུ་ཡོད་ལ་ལྟ་བ་ངན་པ་ཡང་བགྲང་གིས་མི་ལང་བ་ཞིག་ཡོད་དེ། སྤྱིར་ལོག་རྟོག་གི་ལྟ་བ་ངན་པ་ལ་འདི་བྱུང་དང་འདི་མི་འབྱུང་ཞེས་ཁ་ཚོན་གཅོད་དཀའ་བས་ཕྱི་རོལ་པ་ལ་མཐའ་གཅིག་ཏུ་གྲངས་ངེས་བཟུང་བར་མི་རིགས་ཀྱང་བོད་ཀྱི་མཁས་པ་སྔ་མ་ཕལ་ཆེ་བའི་གཞུང་ལས། གྲངས་ཅན་པ་དང་། བྱེ་བྲག་པ། རིག་པ་ཅན། དཔྱོད་པ་བ། གཅེར་བུ་བ། རྒྱང་འཕེན་པ་རྣམས་ལ་རྩ་བའི་སྡེ་དྲུག་ཅེས་གསུངས་ལ། མུ་སྟེགས་པ་ཀུན་དེའི་ནང་དུ་འདུས་ཤིང་། དེ་ཡང་བསྡུ་ན་རྟག་ཆད་ཀྱི་སྡེ་གཉིས་སུ་འདུས་ཏེ། དང་བོ་ལྔ་ནི་རྟག་པར་ལྟ་བའི་སྡེ་དང་། ཕྱི་མ་ནི་ཆད་པར་ལྟ་བའི་སྡེ་ཡིན་ནོ། །

3_1 གྲངས་ཅན་པ།

གྲངས་ཅན་པའི་མིང་གི་རྣམ་གྲངས་ལ། གྲངས་ཅན་པ་དང་། རང་བཞིན་རྒྱུར་སྨྲ་བ། གཙོ་བོ་བ། སེར་སྐྱ་བ་སོགས་སུ་འབོད། དེ་དག་གི་སྒྲ་བཤད་ནི། ཤེས་བྱ་ཐམས་ཅད་གྲངས་ཉི་ཤུ་རྩ་ལྔར་ངེས་པར་འདོད་པས་ན་གྲངས་ཅན་པ་དང་། རང་བཞིན་རྒྱུར་སྨྲ་བས་ན་རང་བཞིན་རྒྱུར་སྨྲ་བ། གཙོ་བོ་མཐོང་དཀའ་བ་རྒྱུར་སྨྲ་བས་ན་གཙོ་བོ་བ། སྟོན་པ་སེར་སྐྱའི་རྗེས་སུ་འབྲངས་པས་ན་སེར་སྐྱ་བ་ཞེས་བརྗོད་པ་ཡིན་ནོ། །དབྱེ་ན། གྲངས་ཅན་ལྷ་མེད་པ་དང་། གྲངས་ཅན་ལྷར་བཅས་པ་སྟེ་གཉིས་ཡོད་དོ། །

གྲུབ་མཐའི་འདོད་ཚུལ་ནི། ཤེས་བྱ་ཐམས་ཅད་གྲངས་ཉི་ཤུ་རྩ་ལྔར་ངེས་པར་འདོད་དེ། ཤེས་བྱ་ཉེར་ལྔ་ནི། བདག་དང་། གཙོ་བོ། ཆེན་པོ། ང་རྒྱལ། དེ་ཙམ་ལྔ། དབང་བོ་བཅུ་གཅིག འབྱུང་བ་ལྔ་བཅས་ཡིན་ནོ། །དེ་ལས་བཅིངས་འགྲོལ་གྱི་གཞིར་གྱུར་པའི་བདག་ནི་འཁོར་འདས་གཉིས་ཀའི་སྐབས་སུ་ཡོད་དེ། གྲོལ་བ་མ་ཐོབ་བར་སྤྱིའི་བློར་གནས་པ་དང་། གྲོལ་བ་ཐོབ་ཚེ་ཡན་གར་བར་གནས་སོ། །དེ་ཡང་ཁྱད་པར་དགུ་དང་ལྡན་པའི་ཤེས་བྱ་ཞིག་ཏུ་འདོད་དེ། ཁྱད་པར་དགུ་ནི། 1. དོན་རྙེད་པས་ན་ཤེས་པའི་ངོ་བོ་དང་། 2. རྩོམ་པ་མེད་པའི་ཕྱིར་ན་མི་སྐྱེ་བའི་ཆོས་ཅན། 3. བདེ་སྡུག་ལ་ལོངས་སྤྱོད་པས་ན་ཟ་བ་བོ། 4. སྐྱེ་བ་དང་ཉམས་པ་མེད་པས་ན་རྟག་པ། 5. ས་གསུམ་འགྲོ་བ་ཐམས་ཅད་ལ་ཁྱབ་པས་ན་ཁྱབ་པ། 6. སྙིང་སྟོབས་སོགས་ཀྱི་མཚན་ཉིད་ཅན་མིན་པས་ན་ཡོན་ཏན་མིན་པ། 7. ཡུལ་ལ་ལོངས་སྤྱོད་པས་ན་ཡུལ་ཅན། 8. ཆ་ཤས་མེད་པས་ན་གཅིག་པུ། 9. ཐོག་མ་དང་མཐའ་མ་མེད་པའི་ཕྱིར་ན་མཐའ་མེད་པའི་མཚན་ཉིད་ཅན་རྣམས་སོ། །བདག་དང་། སྐྱེས་བུ། ཤེས་པ། རིག་པ་རྣམས་མིང་གི་རྣམ་གྲངས་ཡིན་ནོ། །

གཙོ་བོ་ནི། རྡུལ་མུན་སྙིང་སྟོབས་གསུམ་ཆ་མཉམ་པའི་སྐབས་ཀྱི་མི་གསལ་བའི་ངོ་བོར་གནས་པ་འབྲས་བུ་ཐམས་ཅད་ཀྱི་རྒྱུ་བྱེད་པ་ཞིག་གོ། །དེ་ཡང་ཁྱད་ཆོས་དྲུག་དང་ལྡན་པའི་ཤེས་བྱ་ཞིག་ཏུ་འདོད་དེ། ཁྱད་ཆོས་དྲུག་ནི། 1. ལས་སོགས་ཀྱི་བྱེད་པ་བོ་དང་། 2. མ་སྐྱེས་པས་ན་རྟག་པ། 3. ཆ་མེད་པས་ན་གཅིག་པུ། 4. སེམས་མེད་པས་ན་ཡུལ་ཁོ་ན། 5. སྣོད་བཅུད་ཐམས་ཅད་ལ་ཁྱབ་པ། 6. ཡོན་ཏན་གསུམ་ཆ་མཉམ་པ་རྣམས་སོ། །རྩ་བའི་རང་བཞིན་དང་། སྤྱི། གཙོ་བོ། སྤྱི་གཙོ་བོ་རྣམས་མིང་གི་རྣམ་གྲངས་ཡིན་ནོ། །ཆེན་པོ་ནི། མེ་ལོང་ངོས་གཉིས་པ་ལྟ་བུ་ཞིག་སྟེ། ངོས་གཅིག་ལ་ཤེས་རིག་གི་སྐྱེས་བུའི་གཟུགས་བརྙན་ཤར་བ་དང་། ངོས་གཅིག་ལ་སྐྱེས་བུས་ལོངས་སྤྱོད་བྱ་ཤེས་བྱ་ཉེར་གསུམ་ཤར་ནས། དེ་གཉིས་ཕྲད་པ་ལས་ཡུལ་འཇལ་བར་འདོད་ཅིང་། བློ་ལ་བེམ་པོས་ཁྱབ་པ་དང་། ཤེས་པ་ཡིན་ན་བདག་ཡིན་དགོས་པར་འདོད་དོ། །བློ་དང་། ཆེན་པོ་ནི་མིང་གི་རྣམ་གྲངས་ཡིན་ནོ། །

ང་རྒྱལ་ནི། ངར་འཛིན་པའི་རྣམ་པ་ཅན་ཞིག་གོ། །དབྱེ་ན། རྣམ་པར་འགྱུར་བ་ཅན་གྱི་ང་རྒྱལ་དང་། སྙིང་སྟོབས་ཅན་གྱི་ང་རྒྱལ། མུན་པ་ཅན་གྱི་ང་རྒྱལ་ཏེ་གསུམ་ཡོད་དོ། །དེ་ཙམ་ལྔ་ནི། གཟུགས་སྒྲ་དྲི་རོ་རེག་བྱ་རྣམས་སོ། །དབང་བོ་བཅུ་གཅིག་ནི། བློའི་དབང་བོ་ལྔ་སྟེ། མིག་དང་། རྣ་བ། སྣ། ལྕེ། པགས་པའི་དབང་བོ་རྣམས་དང་། ལས་ཀྱི་དབང་བོ་ལྔ་སྟེ། ངག་དང་། ལག་པ། རྐང་བ། རྐུབ། འདོམས་རྣམས་དང་། ཡིད་ཀྱི་དབང་བོ་བཅས་བཅུ་གཅིག་གོ། །འབྱུང་བ་ལྔ་ནི། ས་ཆུ་མེ་རླུང་ནམ་མཁའ་རྣམས་སོ། །

ཤེས་བྱ་ཉེར་ལྔ་ལ་དབྱེ་ན། བེམ་ཤེས་གཉིས་སུ་དབྱེ་བ་དང་། བདེན་པ་གཉིས་སུ་དབྱེ་བ། རྒྱུ་སོགས་མུ་བཞིར་དབྱེ་བ། སྐྱེ་ཚུལ། འཇིག་པའི་ཚུལ་ཏེ་ལྔ་ཡོད་དོ། །1.སྐྱེས་བུ་ནི་ཤེས་པ་དང་། ལྷག་མ་ཉེར་བཞི་འདུས་བསགས་ཡིན་པས་བེམ་པོར་འདོད་དོ། ། 2. གཙོ་བོ་དང་། སྐྱེས་བུ་ནི་དོན་དམ་བདེན་པ་དང་། གཞན་རྣམས་ཀུན་རྫོབ་བདེན་པར་འདོད་དོ། ། 3. རྒྱུ་ཡིན་ལ་འབྲས་བུ་མ་ཡིན་པའི་མུ་ནི། སྤྱི་གཙོ་བོ་དང་། རྒྱུ་འབྲས་གཉིས་ཀ་ཡིན་པའི་མུ་ནི། བློ་དང་། ང་རྒྱལ། དེ་ཙམ་ལྔ་སྟེ་བདུན་དང་། འབྲས་བུ་ཡིན་ལ་རྒྱུ་མ་ཡིན་པའི་མུ་ནི། དབང་བོ་བཅུ་གཅིག་དང་འབྱུང་བ་ལྔ་སྟེ་བཅུ་དྲུག་དང་། རྒྱུ་འབྲས་གཉིས་ཀ་གང་ཡང་མ་ཡིན་པའི་མུ་ནི། སྐྱེས་བུ་ཡིན་པར་འདོད་དོ། །

4. ལྷག་མ་ཉེར་གསུམ་གྱི་སྐྱེ་ཚུལ་ནི། གང་གི་ཚེ་སྐྱེས་བུ་དེས་ཡུལ་ལ་ལོངས་སྤྱོད་པའི་འདོད་པ་སྐྱེས་པ་ན། རྩ་བའི་རང་བཞིན་གྱིས་སྒྲ་ལ་སོགས་པའི་རྣམ་འགྱུར་རྣམས་སྤྲུལ་པར་བྱེད་དོ། །དེ་ཡང་གཙོ་བོ་ལས་ཆེན་པོ་དང་། དེ་ལས་ང་རྒྱལ་སྐྱེ་ཞིང་། ང་རྒྱལ་ལ་གསུམ་ཡོད་པ་ལས། རྣམ་པར་འགྱུར་བ་ཅན་གྱི་ང་རྒྱལ་ལས། དེ་ཙམ་ལྔ་སྐྱེ་ཞིང་། དེ་ལས་འབྱུང་བ་ལྔ་སྐྱེའོ། །སྙིང་སྟོབས་ཅན་གྱི་ང་རྒྱལ་ལས། དབང་བོ་བཅུ་གཅིག་སྐྱེའོ། །མུན་པ་ཅན་གྱི་ང་རྒྱལ་ནི་ང་རྒྱལ་གཞན་གཉིས་ཀའི་འཇུག་བྱེད་ཡིན་ནོ། །

5. ཐར་པ་ཐོབ་ཚུལ་ལམ་འཇིག་ཚུལ་ནི། དེ་ཡང་ལོང་བ་རྐང་ཅན་ལྟ་བུའི་རང་བཞིན་དང་། ཞ་བོ་མིག་ཅན་ལྟ་བུའི་སྐྱེས་བུ་གཉིས་གཅིག་ཏུ་འཁྲུལ་ཏེ། རྣམ་འགྱུར་རྣམས་རྩ་བའི་རང་བཞིན་གྱིས་སྤྲུལ་པའི་ཚུལ་མ་ཤེས་པའི་དབང་གིས་འཁོར་བར་འཁོར་བར་འདོད་དོ། །ནམ་ཞིག་བླ་མས་ཉེ་བར་བསྟན་པའི་མན་ངག་ཐོས་པ་ལ་བརྟེན་ནས་རྣམ་འགྱུར་འདི་དག་རང་བཞིན་གྱིས་སྤྲུལ་པ་ཙམ་དུ་ཟད་དོ་ཞེས་ངེས་ཤེས་ལྷག་པར་སྐྱེས་པ་ན། རིམ་གྱིས་ཡུལ་ལ་ཆགས་པ་དང་བྲལ་བར་གྱུར་པ་དེའི་ཚེ་བསམ་གཏན་ལ་བརྟེན་ནས་ལྷའི་མིག་གི་མངོན་ཤེས་བསྐྱེད་དེ། མངོན་ཤེས་ཀྱིས་གཙོ་བོ་ལ་བལྟས་པ་ན་གཙོ་བོ་དེ་གཞན་གྱི་བུད་མེད་ལྟར་ངོ་ཚ་བས་སྐྱེངས་ཏེ་རྣམ་འགྱུར་རྣམས་ཉེ་བར་བསྡུས་ཏེ། རང་བཞིན་ཡན་གར་བར་གནས་ཤིང་། དེའི་ཚེ་རྣལ་འབྱོར་བའི་བློ་ངོར་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་ལོག་སྟེ་སྐྱེས་བུས་ཡུལ་ལ་ལོངས་སྤྱོད་པ་མེད་ཅིང་བྱེད་པ་མེད་པར་གནས་པ་དེའི་ཚེ་ཐར་པ་ཐོབ་པ་ཡིན་ཞེས་ཟེར་རོ། །

3_2 བྱེ་བྲག་པ།

བྱེ་བྲག་པའི་མིང་གི་རྣམ་གྲངས་ལ། བྱེ་བྲག་པ་དང་། གཟེགས་ཟན་པ། འུག་པ་བ། འུག་ཕྲུག་པ་སོགས་སུ་འབོད། དེ་དག་གི་སྒྲ་བཤད་ནི། བྱེ་བྲག་པ་ཞེས་པར་སྒྲ་བཤད་བྱེད་ཚུལ་གཉིས་ཡོད་དེ། ཚིག་དོན་དྲུག་གི་སྤྱི་བྱེ་བྲག་གི་ཁྱད་པར་མང་དུ་སྨྲ་བས་ན་བྱེ་བྲག་པ་དང་། གཞན་གྱིས་བོར་བའི་གཟེགས་མ་ཟ་ཞིང་བརྟུལ་ཞུགས་སྤྱོད་པའི་སྟོན་པ་གཟེགས་ཟན་གྱིས་བརྩམས་པའི《བྱེ་བྲག་གསལ་བའི་མདོ》འི་རྗེས་སུ་འབྲངས་ནས་གྲུབ་མཐའ་སྨྲ་བས་ན་བྱེ་བྲག་པ་ཞེས་ཟེར། ཡང་སྟོན་པ་དེའི་རྗེས་སུ་འབྲངས་པས་ན་གཟེགས་ཟན་པ་དང་། འུག་པ་ལྷར་འཁྲུལ་ནས་ཚིག་དོན་དྲུག་རྙེད་པར་རློམ་པའི་དྲང་སྲོང་འུག་པའི་རྗེས་སུ་འབྲངས་པས་ན་འུག་པ་བ་དང་། འུག་ཕྲུག་པ་ཞེས་བརྗོད་པ་ཡིན་ནོ། །

3_3 རིག་པ་ཅན།

རིག་པ་ཅན་གྱི་མིང་གི་རྣམ་གྲངས་ལ། རིག་པ་ཅན་དང་། རྐང་མིག་པ་སོགས་སུ་འབོད། དེ་དག་གི་སྒྲ་བཤད་ནི། ལྷ་ཆེན་དབང་ཕྱུག་གིས་དྲང་སྲོང་མཛེས་པ་ཞེས་བྱ་བ་ཨུ་མའི་སྲུང་བ་བོར་བཞག བཙུན་མོ་དེ་ལ་ཆགས་ནས་རྣམ་འགྱུར་སྣ་ཚོགས་བསྟན་ཀྱང་དྲང་སྲོང་གིས་མིག་རྐང་བར་ཕབ་སྟེ་བརྟུལ་ཞུགས་བསྲུངས་པས་དྲང་སྲོང་རྐང་མིག་ཅེས་པར་གྲགས་པས་བརྩམས་པའི《རིག་པའི་ལྟ་བ》འི་རྗེས་སུ་འབྲངས་ནས་གྲུབ་མཐའ་སྨྲ་བས་ན་རིག་པ་ཅན་དང་། ཡང་དྲང་སྲོང་དེའི་རྗེས་སུ་འབྲངས་པས་ན་རྐང་མིག་པ་ཞེས་བརྗོད་པ་ཡིན་ནོ། །

གྲུབ་མཐའི་འདོད་ཚུལ་ནི། བྱེ་རིག་གཉིས་ལ་ནང་གསེས་ཀྱི་འདོད་པའི་ཁྱད་པར་མི་མཐུན་པ་ཅུང་ཟད་ཡོད་ཀྱང་གྲུབ་པའི་མཐའ་སྤྱི་ལ་མི་འདྲ་བ་མེད་པས་ཐུན་མོང་དུ་བཤད་ན། བྱེ་རིག་གཉིས་ཀྱིས་ཤེས་བྱ་ཐམས་ཅད་ཚིག་དོན་དྲུག་ཏུ་འདུས་པར་འདོད་དེ། ཚིག་དོན་དྲུག་ནི། རྫས་དང་། ཡོན་ཏན། ལས། སྤྱི། བྱེ་བྲག འདུ་བ་རྣམས་སོ། །

བྱེ་རིག་གཉིས་ཀྱི་ཐར་པ་ཐོབ་བྱེད་ཀྱི་ལམ་ནི་ཁྲུས་དང་། དབང་བསྐུར་བ། སྨྱུང་གནས། ཚངས་པར་སྤྱོད་པ། མཆོད་སྦྱིན། སྦྱིན་སྲེག་ལ་སོགས་པ་ཡིན་ཞིང་། དེ་རྣམས་ནི་ཆོས་ཡིན་ལ་དེ་ལས་ལྡོག་པ་ནི་ཆོས་མིན་ནོ། །འཁོར་བ་ལ་ཐོག་མའི་མཐའ་མེད་ཀྱང་མཐའ་མ་ཡོད་པར་འདོད་དོ། །བདག་གི་ཡོན་ཏན་བདག་ལ་འདུ་བ་དེ་སྲིད་དུ་ཡོན་ཏན་དེ་དག་གིས་བདག་གི་བདེ་བ་སོགས་ཀྱི་ཆེད་དུ་ཆོས་དང་ཆོས་མ་ཡིན་པའི་ལས་བསགས་ནས་ངན་འགྲོ་དང་བདེ་འགྲོར་འཇུག་པར་འགྱུར་བ་ནི་འཁོར་བར་འཁོར་ཚུལ་ཡིན་ནོ། །

ཐར་པ་ཐོབ་ཚུལ་ནི། ནམ་ཞིག་བླ་མའི་མན་ངག་ལས་རྣལ་འབྱོར་བསྒོམས་ཏེ། བདག་དབང་སོགས་རྣམས་ལས་དོན་གཞན་དུ་ཤེས་ནས་དེ་ཁོ་ན་ཉིད་མཐོང་ཞིང་ཚིག་གི་དོན་དྲུག་གི་རང་བཞིན་ཁོང་དུ་ཆུད་པ་ན། བདག་ནི་ཁྱབ་པའི་རང་བཞིན་ཡིན་ཡང་བྱེད་པ་མེད་པར་ཤེས་ཏེ་ཆོས་དང་ཆོས་མ་ཡིན་པའི་ལས་གང་ཡང་གསོག་པར་མི་བྱེད། ལས་གསར་བ་མ་བསགས་ཤིང་རྙིང་བ་ཟད་པས་སླར་བླངས་པའི་ལུས་དང་དབང་བོ། བློ་དང་བདེ་སྡུག འདོད་སྡང་ལ་སོགས་བདག་དང་བྲལ་ཞིང་གསར་བའི་ལུས་དང་དབང་བོ་མ་བླངས་པས། བུད་ཤིང་ཟད་པའི་མེ་བཞིན་དུ་སྐྱེ་བའི་རྒྱུན་ཆད་དེ་བདག་འབའ་ཞིག་ཏུ་གནས་པ་དེའི་ཚེ་འཁོར་བ་ལས་ཐར་པ་ཡིན་ཞེས་ཟེར་རོ། །

3_4 དཔྱོད་པ་བ།

དཔྱོད་པ་བའི་མིང་གི་རྣམ་གྲངས་ལ། དཔྱོད་པ་བ་དང་། རྒྱལ་དཔོག་པ་སོགས་སུ་འབོད། དེ་དག་གི་སྒྲ་བཤད་ནི། སྟོན་པ་རྒྱལ་དཔོག་གི་རྗེས་སུ་འབྲངས་པས་ན་དཔྱོད་པ་བ་ཟེར་རམ། ཡང་ན་རྒྱལ་དཔོག་པ་ཞེས་བརྗོད་པ་ཡིན་ནོ། །

གྲུབ་མཐའི་འདོད་ཚུལ་ནི། གཞིའི་རྣམ་གཞག་ལ། བདག་གི་ཁྱད་པར་དང་། ཆོས་ཀྱི་ཁྱད་པར་ཏེ་གཉིས་ཡོད། དང་བོ་ནི། བདག་ཅེས་པ་དེ་ཉིད་གྲངས་ཅན་པ་ལྟར་མ་ཡིན་པར་བློའི་ངོ་བོ་དང་སེམས་པ་ཅན་དང་། དབང་ཕྱུག་པ་དང་བྱེ་བྲག་པ་ལྟར་བེམ་པོ་མ་ཡིན་པར་ཤེས་རིག་གི་རང་བཞིན་ཅན། སངས་རྒྱས་པ་ལྟར་མི་རྟག་པ་མ་ཡིན་པར་རྟག་པའི་ངོ་བོ། རྒྱང་འཕེན་པ་ལྟར་ལུས་སེམས་དབྱེར་མེད་མ་ཡིན་པར་ལུས་ལས་ཡན་གར་བའི་རྫས་ཡོད། རིག་པ་ཅན་ལྟར་རྗེས་སུ་འགྲོ་ལྡོག་མ་ཡིན་པར་བདེ་སྡུག་སོགས་མྱོང་བའི་རྣམ་པ་ཅན་ཆ་ཤས་མེད་པ་ཞིག་ཏུ་འདོད་དོ། །གཉིས་པ་ནི། རིག་བྱེད་སྐྱེས་བུས་མ་བྱས་པས་ན་བདེན་པའི་དོན་ཅན་དང་ཚད་མར་འདོད་ཅིང་། དེ་ལ་གང་སྣང་བ་ནི་རང་བྱུང་ཡིན་ཏེ། དེ་ནི་དེ་ཁོ་ན་ཉིད་ཡིན་ནོ། །སྐྱེས་བུས་བྱས་པའི་ངག་ནི་རྫུན་ཡིན་ཏེ། ཉེས་པ་ཐམས་ཅད་སྐྱེས་བུ་ལ་བརྟེན་པ་ཡིན་ཟེར་རོ། །

ལམ་དང་འབྲས་བུའི་འདོད་ཚུལ་ནི། མཆོད་སྦྱིན་ལ་སོགས་པ་འབའ་ཞིག་གིས་ཚངས་པ་ལྟ་བུའི་མཐོ་རིས་ཀྱི་གོ་འཕང་ཐོབ་པ་ལ་ཐར་པའམ་གྲོལ་བར་སྨྲ་ལ། དེ་ནི་ངན་སོང་ལས་གྲོལ་བའི་ཐར་པ་ཙམ་དུ་ཁས་ལེན་ནོ། །འོན་ཀྱང་སྡུག་བསྔལ་ཉེ་བར་ཞི་བའི་ཐར་པ་ནི་མེད་དེ། དྲི་མ་སེམས་ཀྱི་རང་བཞིན་ལ་ཞུགས་པའི་ཕྱིར་དང་།  ཐམས་ཅད་མཁྱེན་པ་ཡང་མེད་དེ།  ཤེས་བྱ་མཐའ་ཡས་པའི་ཕྱིར་ཞེས་འདོད་པ་ཡིན་ནོ། །

3_5 གཅེར་བུ་བ།

གཅེར་བུ་བའི་མིང་གི་རྣམ་གྲངས་ལ། གཅེར་བུ་བ་དང་། མཆོད་འོས་པ། ཟད་བྱེད་པ། ཕྱོགས་ཀྱི་གོས་ཅན། མཁའ་ཡི་གོས་ཅན། ཀུན་ཏུ་རྒྱུ། འཚོ་བ་བ། འཛེམ་མེད་པའམ་ཐལ་བ་བ་སོགས་སུ་འབོད། དེ་དག་གི་སྒྲ་བཤད་ནི། འདོམས་དཀྲིས་ཙམ་ཡང་མེད་པས་ན་གཅེར་བུ་བ་དང་། དྲང་སྲོང་མཆོད་འོས་སྟོན་པར་འཛིན་པས་ན་མཆོད་འོས་པ། རང་གི་སྐྲ་ཉིན་རེ་བཞིན་ཟད་པར་ཕྱིས་པས་ཐར་པ་ཐོབ་པར་འདོད་པས་སམ་དཀའ་ཐུབ་ཀྱིས་སྡིག་པ་ཟད་པར་བྱེད་པས་ན་ཟད་བྱེད་པ། ཕྱོགས་དང་ནམ་མཁའ་ལས་གོས་གཞན་མེད་པས་ན་ཕྱོགས་ཀྱི་གོས་ཅན་ནམ་མཁའ་ཡི་གོས་ཅན། ཕྱོགས་སུ་ལྡོམ་བུ་བྱེད་པས་ན་ཀུན་ཏུ་རྒྱུ། སྲོག་བདག་ཏུ་སྨྲ་བས་སམ་ལུས་འཚོ་བ་ཙམ་ལས་ཡོ་བྱད་ལ་སོགས་པའི་དངོས་པོ་གང་ཡང་མི་འཛིན་པས་ན་འཚོ་བ་བ། ངོ་ཚར་མི་འཛེམ་པས་ན་འཛེམ་མེད་པའམ་ཐལ་བ་བ་ཞེས་བརྗོད་པ་ཡིན་ནོ། །

གྲུབ་མཐའི་འདོད་ཚུལ་ནི། ཤེས་བྱ་ཐམས་ཅད་ཚིག་དོན་དགུར་འདུས་པར་འདོད་དེ། ཚིག་དོན་དགུ་ནི། སྲོག་དང་། ཟག་པ། སྡོམ་པ། ངེས་པར་རྒ་བ། འཆིང་བ། ལས། སྡིག་པ། བསོད་ནམས། ཐར་པ་རྣམས་སོ། །

ལམ་དང་འབྲས་བུའི་འདོད་ཚུལ་ནི། ལུས་གཅེར་བུར་སྡོད་པ་དང་ངག་མི་སྨྲ་བ་ལ་སོགས་པའི་སྡོམ་པ་ལྔ་དང་། མི་འཚེ་བ་དང་བདེན་སྨྲ་སོགས་ཀྱི་བརྟུལ་ཞུགས་ལྔ་དང་། བློ་གྲོས་དང་ཐོས་པ་སོགས་ཡེ་ཤེས་དང་། མེ་ལྔ་ལ་བརྟེན་པ་ལ་སོགས་པའི་ལུས་ཀྱི་དཀའ་ཐུབ་དྲག་པོ་སྤྱད་པ་དང་། སྡོམ་བརྩོན་དམ་པོས་ལས་གསར་བ་ཉེ་བར་མི་བསགས་པས། ལུས་ཀྱི་རྒྱུད་ལ་ཡོད་པའི་ལས་ཟད་པས་སྐྱེ་བ་ཟད་ལ། སྐྱེ་བ་ཟད་པས་སྡུག་བསྔལ་ཟད་དེ་འཇིག་རྟེན་ཐམས་ཅད་ཀྱི་སྟེང་ན་འདུག་པའི་གནས། འཇིག་རྟེན་འདུས་པ་ཞེས་བྱ་བ་གདུགས་དཀར་བོ་གྱེན་ལ་བསླངས་པ་ལྟ་བུ། ཞོའམ་ཀུ་མུ་ཏ་ལྟར་དཀར་བ། ཚད་ལ་དཔག་ཚད་འབུམ་ཕྲག་ཞེ་ལྔ་ཡོད་པ་དེར་འགྲོ་སྟེ། གནས་དེ་ནི་ཐར་པ་ཞེས་བྱ་བ་ཡིན་པར་འདོད་དོ། །

3_6 རྒྱང་འཕེན་པ།

རྒྱང་འཕེན་པའི་མིང་གི་རྣམ་གྲངས་ལ། རྒྱང་འཕེན་པ་དང་། ཚུ་རོལ་མཛེས་པ། ཆད་སྨྲ་བ། མེད་སྨྲ་བ། ངོ་བོ་ཉིད་སྨྲ་བའམ་རང་བཞིན་སྨྲ་བ་སོགས་སུ་འབོད། དེ་དག་གི་སྒྲ་བཤད་ནི། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལས་རྒྱང་རིང་དུ་སོང་བས་ན་རྒྱང་འཕེན་པ་དང་། ཚེ་འདི་ལ་གང་ལེགས་ཙམ་གྱིས་ཆོག་པར་སྨྲ་བས་ན་ཚུ་རོལ་མཛེས་པ། ཤི་བའི་རྗེས་སུ་བདག་རྒྱུན་ཆད་པར་སྨྲ་བས་ན་ཆད་སྨྲ་བ། སྐྱེ་བ་སྔ་ཕྱི་དང་ལས་འབྲས་སོགས་ཅི་རིགས་མེད་པར་སྨྲ་བས་ན་མེད་སྨྲ་བ། དངོས་པོ་རྣམས་རྒྱུ་མེད་པར་ངོ་བོ་ཉིད་ལས་བྱུང་བར་སྨྲ་བས་ན་ངོ་བོ་ཉིད་སྨྲ་བའམ་རང་བཞིན་སྨྲ་བ་ཞེས་བརྗོད་པ་ཡིན་ནོ། །

དབྱེ་ན། བསམ་གཏན་པ་དང་། རྟོག་གེ་བ་སྟེ་གཉིས་ཡོད་ཅིང་། དེ་རེ་རེ་ལའང་སྐྱེ་བ་སྔ་ཕྱི་འདོད་ཀྱང་ལས་འབྲས་མི་འདོད་པའི་ཆད་སྨྲ་གཅིག་དང་། སྐྱེ་བ་སྔ་ཕྱི་དང་ལས་འབྲས་གཏན་ནས་མི་འདོད་པའི་ཆད་སྨྲ་གཅིག་སྟེ་གཉིས་རེ་ཡོད་དོ། །

གྲུབ་མཐའི་འདོད་ཚུལ་ནི། འཇིག་རྟེན་དུ་ཉི་མ་འཆར་བ་དང་། ཆུ་བོ་ཐུར་དུ་འབབ་པ། སྲན་མ་ཟླུམ་པ། ཚེར་མ་རྣོ་བ། རྨ་བྱའི་མདོངས་བཀྲ་བ་སོགས་ཀྱི་ཆོས་རྣམས་ཀུན་སུས་ཀྱང་ཆེད་དུ་འབད་ནས་བྱས་པ་མ་མཐོང་བས་དངོས་པོ་འདི་དག་རང་གི་ངོ་བོའམ་རང་བཞིན་ཉིད་ལས་བྱུང་བ་ཡིན་གྱི་སྐྱེད་བྱེད་ཀྱི་རྒྱུ་མེད་དོ་ཞེས་རྒྱུ་འབྲས་མེད་པར་སྨྲའོ། །

ཡང་ཚེ་གང་ལ་སྦྱིན་པ་གཏོང་བ་ཁ་ཅིག་དབུལ་བ་དང་། སྲོག་མི་གཅོད་པ་ཁ་ཅིག་ཚེ་ཐུང་བ། སེར་སྣ་ཅན་ཁ་ཅིག་ཕྱུག་པ་དང་། སྲོག་གཅོད་པ་ཁ་ཅིག་ཚེ་རིང་བ་སོགས་མཐོང་ནས་ལས་བཟང་ངན་གྱི་འབྲས་བུ་འཆོལ་བའམ་ལས་བཟང་ངན་ལ་འབྲས་བུ་བཟང་ངན་རྗེས་སུ་འགྲོ་ལྡོག་མེད་པས་ལེགས་པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་དོ། །ལས་འབྲས་མེད་དོ་ཞེས་ཟེར་རོ། །

ཡང་མར་མེ་གློ་བུར་བ་ལས་འོད་གློ་བུར་དུ་གྲུབ་པ་བཞིན། ལུས་གློ་བུར་བ་ལས་སེམས་གློ་བུར་དུ་གྲུབ་པ་ཡིན་པས། སྐྱེ་བ་སྔ་མ་ནས་འདིར་འོངས་པ་མེད་ལ། རྡོ་འཇིག་པ་ན་རྡོའི་རི་མོ་འཇིག་པ་བཞིན། ལུས་སེམས་རྫས་གཅིག་པས་འཆི་བའི་ཚེ་ལུས་འཇིག་པ་ན་སེམས་ཀྱང་འཇིག་སྟེ་བདག་རྒྱུན་ཆད་པས་འཇིག་རྟེན་ཕ་རོལ་ལམ་སྐྱེ་བ་ཕྱི་མར་འགྲོ་བ་མེད་དོ་ཞེས་སྐྱེ་བ་སྔ་ཕྱི་མེད་པར་འདོད་པས་ན། སྐྱེ་བ་དུ་མར་ལམ་གོམས་པར་བྱེད་པ་མེད་ཅིང་ཐར་པ་དང་ཐམས་ཅད་མཁྱེན་པ་ཡང་མེད་པར་འདོད་དོ། །

4 ནང་བའི་གྲུབ་མཐའ།

དེ་ཡང་སྒྲོན་མེའི་བསྐལ་པ་འདི་ལ་ཐེག་ཆེན་པ་ལྟར་ན་སངས་རྒྱས་སྟོང་དང་། ཐེག་དམན་པ་ལྟར་ན་ལྔ་བརྒྱ་འབྱུང་ལ། འཛམ་བུ་གླིང་གི་མི་རྣམས་ཀྱི་ཚེ་ལོ་དཔག་མེད་ནས་བྲི་སྟེ་བཞི་ཁྲི་ལ་ཐུག་པའི་ཚེ་སངས་རྒྱས་འཁོར་བ་འཇིག་བྱོན་པ་དང་། སུམ་ཁྲི་ལ་ཐུག་པའི་ཚེ་སངས་རྒྱས་གསེར་ཐུབ་བྱོན། ཉི་ཁྲི་ལ་ཐུག་པའི་ཚེ་སངས་རྒྱས་འོད་སྲུང་བྱོན། ཚེ་ལོ་བརྒྱ་བ་སྙིགས་མ་ལྔ་བདོ་བའི་ཚེ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་ཏེ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་ཅིང་། བཀའ་དང་བོ་བདེན་བཞིའི་ཆོས་འཁོར་གྱི་རྗེས་སུ་འབྲངས་ཏེ་ཐེག་དམན་གྱི་གྲུབ་མཐའ་སྨྲ་བ་ཉན་ཐོས་སྡེ་གཉིས་དང་། འཁོར་ལོ་བར་བ་དང་མཐའ་མའི་རྗེས་སུ་འབྲངས་ཏེ་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་དབུ་སེམས་གཉིས་བྱུང་ངོ་། །

དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པ་མ་ཟད། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པའི་གང་ཟག་དེ། ནང་བ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བའི་མཚན་ཉིད་ཡིན། མིང་གི་རྣམ་གྲངས་ལ། ནང་བ་དང་། རང་སྡེ། སངས་རྒྱས་པ་སོགས་སུ་བརྗོད། དེ་དག་གི་སྒྲ་བཤད་ནི་སླའོ། །ཕྱག་རྒྱ་བཞི་ནི། འདུས་བྱས་ཐམས་ཅད་མི་རྟག་པ་དང་། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ་རྣམས་སོ། །གལ་ཏེ་གནས་མ་བུ་བས་གང་ཟག་གི་བདག་ཁས་བླངས་པས་ནང་བའི་གྲུབ་མཐའ་སྨྲ་བ་མ་ཡིན་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། དེས་ཁས་བླངས་པའི་བདག་ནི་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་ཡིན་ལ། ཕྱག་རྒྱ་བཞིའི་ནང་གི་བདག་མེད་ནི། རྟག་གཅིག་རང་དབང་ཅན་གྱིས་སྟོང་བའི་བདག་མེད་ལ་བཤད་ཅིང་། དེ་ནི་མང་བཀུར་སྡེ་ལྔས་ཀྱང་ཁས་ལེན་པ་ཡིན་ནོ། །

ནང་བའི་གྲུབ་མཐའ་ལ་རྩ་བའི་སྒོ་ནས་དབྱེ་ན། བྱེ་བྲག་སྨྲ་བ་དང་། མདོ་སྡེ་བ། སེམས་ཙམ་པ། དབུ་མ་བ་བཅས་བཞིར་གྲངས་ངེས་པ་དང་། ཐེག་པ་ལ་ཉན་ཐོས་དང་། རང་རྒྱལ་དང་། ཐེག་ཆེན་གྱི་ཐེག་པ་གསུམ་དུ་གྲངས་ངེས་པ་ཡིན། དེ་དག་ལས་ལོགས་སུ་གྱུར་པའི་ཐེག་པ་བཞི་བ་དང་། གྲུབ་མཐའ་ལྔ་བ་སོགས་མེད་དེ། རྒྱལ་སྲས་རྡོ་རྗེ་སྙིང་བོས་མཛད་པའི《རྡོ་རྗེ་སྙིང་འགྲེལ》ལས། སངས་རྒྱས་པ་ལ་བཞི་བ་དང་། །ལྔ་བ་ཐུབ་པའི་དགོངས་པ་མིན། །ཞེས་གསུངས་སོ། །

ནང་བའི་གྲུབ་མཐའ་སྨྲ་བ་བཞི་ག་ལ་རང་རང་ལུགས་ཀྱི་རྟག་ཆད་ཀྱི་མཐའ་སྤོང་ཚུལ་མི་འདྲ་བ་རེ་ཡོད་དེ། བྱེ་བྲག་སྨྲ་བ་རྣམས་འབྲས་བུ་སྐྱེ་བའི་ཚེ་རྒྱུ་འགག་པས་རྟག་པའི་མཐའ་སྤོང་ལ། རྒྱུའི་མཇུག་ཐོགས་སུ་འབྲས་བུ་འབྱུང་བས་ཆད་པའི་མཐའ་སྤོང་ངོ་ཞེས་ཟེར་རོ། །མདོ་སྡེ་བ་དག་འདུས་བྱས་རྣམས་རྒྱུན་མ་ཆད་པར་འཇུག་པས་ཆད་པའི་མཐའ་སྤོང་ལ། སྐད་ཅིག་གིས་འཇིག་པས་རྟག་པའི་མཐའ་སྤོང་ངོ་ཞེས་འདོད་དོ། །སེམས་ཙམ་པ་རྣམས་ཀུན་བཏགས་བདེན་པར་མ་གྲུབ་པས་རྟག་པའི་མཐའ་སྤོང་ལ། གཞན་དབང་བདེན་པར་གྲུབ་པས་ཆད་པའི་མཐའ་སྤོང་ངོ་ཞེས་སྨྲའོ། །དབུ་མ་བ་དག་ཆོས་ཐམས་ཅད་ཐ་སྙད་དུ་ཡོད་པས་ཆད་པའི་མཐའ་སྤོང་ལ། དོན་དམ་དུ་མེད་པས་རྟག་པའི་མཐའ་སྤོང་ངོ་ཞེས་བཞེད་དོ། །

དེ་བས་ན་གྲུབ་མཐའ་གོང་མ་ལ་མཆོག་ཏུ་བཟུང་ནས་འོག་མ་ལ་སྡང་བར་བྱ་མི་རུང་སྟེ། འོག་མ་འོག་མའི་ལྟ་བ་གོ་བ་དེ། གོང་མ་གོང་མའི་ལྟ་བ་གོ་བའི་ཐབས་དམ་པར་སྣང་ཞིང་། ཐམས་ཅད་ཀྱང་སངས་རྒྱས་ཀྱི་རྗེས་སུ་འབྲང་བ་ཤ་སྟག་ཡིན་ནོ། །

4_1 བྱེ་བྲག་སྨྲ་བ།

བྱེ་བྲག་སྨྲ་བའི་སློབ་དཔོན་ནི། སློབ་དཔོན་དབྱིག་བཤེས་དང་། ཆོས་སྐྱོབ། སངས་རྒྱས་ལྷ། འདུས་བཟང་རྣམས་ཡིན་པར་གསུངས་སོ། །

རང་རིག་མི་འདོད་ཅིང་ཕྱི་དོན་བདེན་གྲུབ་ཏུ་འདོད་པའི་ཐེག་དམན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་དེ། བྱེ་བྲག་སྨྲ་བའི་མཚན་ཉིད་ཡིན། 

སྒྲ་བཤད་ནི། བྱེ་བྲག་བཤད་མཚོ་ཆེན་མོའི་རྗེས་སུ་འབྲངས་ནས་གྲུབ་མཐའ་སྨྲ་བས་སམ། ཡང་ན་དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་སྨྲ་བས་ན་བྱེ་བྲག་སྨྲ་བ་ཞེས་བརྗོད་པ་ཡིན་ནོ། །

དབྱེ་བ་ལ། སྡེ་བའི་སྒོ་ནས་དབྱེ་བ་དང་། ཡུལ་གྱི་སྒོ་ནས་དབྱེ་བ་སྟེ་གཉིས་ཡོད། 

དང་བོ་ལ། རྩ་བའི་སྡེ་བ་བཞི་དང་། གྱེས་པ་བཅོ་བརྒྱད་ཡོད་དེ། རྩ་བའི་སྡེ་བ་བཞི་ནི། ཕལ་ཆེན་པ་དང་། གཞི་ཐམས་ཅད་ཡོད་པར་སྨྲ་བ། གནས་བརྟན་པ། མང་བཀུར་བ་རྣམས་སོ། །གྱེས་པ་བཅོ་བརྒྱད་ནི། ཕལ་ཆེན་པ་ལས་གྱེས་པ་ལྔ་སྟེ། 1. ཤར་ནུབ་རི་དང་། 2. གངས་རིར་གནས། 3. འཇིག་རྟེན་འདས་པར་སྨྲ་བ། 4. བཏགས་པར་སྨྲ་བ། 5. དགེ་འདུན་ཕལ་བ་རྣམས་སོ། །གཞི་ཐམས་ཅད་ཡོད་པར་སྨྲ་བ་ལས་གྱེས་པ་བདུན་ཏེ། 1. གཞི་ཀུན་ཡོད་དང་། 2. འོད་སྲུང་སྡེ། 3. ས་སྟོན་སྡེ། 4. ཆོས་སྲུང་སྡེ། 5. མང་ཐོས་གོས་དམར། 6. སློབ་མར་བཅས། 7. རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ་རྣམས་སོ། །གནས་བརྟན་པ་ལས་གྱེས་པ་གསུམ་སྟེ། 1. རྒྱལ་བྱེད་ཚལ་གནས་དང་། 2. འཇིགས་མེད་གནས། 3. གཙུག་ལག་ཁང་ཆེན་གནས་བརྟན་པ་རྣམས་སོ། །མང་བཀུར་བ་ལས་གྱེས་པ་གསུམ་སྟེ། 1. ས་སྒྲོག་རི་དང་། 2. སྲུང་བ་བ། 3. གནས་མ་བུ་བའི་སྡེ་བ་རྣམས་སོ། །དེ་དག་ཀྱང་གང་གི་རྗེས་སུ་འབྲངས་པའི་སློབ་དཔོན་དང་། གནས་སའི་ཡུལ། གྲུབ་མཐའི་འདོད་ཚུལ་ཅི་རིགས་ཀྱིས་དབྱེ་བ་བཅོ་བརྒྱད་དུ་གྱུར་པ་ཡིན་ནོ། །

གཉིས་པ་ཡུལ་གྱི་སྒོ་ནས་དབྱེ་བ་ལ། ཁ་ཆེ་བྱེ་བྲག་སྨྲ་བ་དང་། ཉི་འོག་པ། ཡུལ་དབུས་ཀྱི་བྱེ་བྲག་སྨྲ་བ་སྟེ་གསུམ་ཡོད་དོ། །

གྲུབ་མཐའི་འདོད་ཚུལ་ལ། གཞི་ལམ་འབྲས་གསུམ་ལས། དང་བོ་གཞིའི་འདོད་ཚུལ་ལ་ཡུལ་དང་ཡུལ་ཅན་གཉིས་ཡོད། 

དང་བོ་ཡུལ་གྱི་འདོད་ཚུལ་ནི། ཤེས་བྱ་ཐམས་ཅད་གཞི་ལྔར་འདུས་པར་འདོད་དེ། གཞི་ལྔ་ནི། སྣང་བ་གཟུགས་ཀྱི་གཞི་དང་། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་བྱུང་གི་གཞི། ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་གཞི། འདུས་མ་བྱས་ཀྱི་གཞི་རྣམས་སོ། །

གཉིས་པ་ཡུལ་ཅན་གྱི་འདོད་ཚུལ་ལ། གང་ཟག་དང་། ཤེས་པ། རྗོད་བྱེད་ཀྱི་སྒྲ་གསུམ་ལས། དང་བོ་ནི། གདགས་གཞི་ཕུང་བོ་ལྔའི་ཚོགས་ཙམ་གང་ཟག་གི་མཚན་གཞི་ཡིན་ལ། མང་བོས་བཀུར་བ་ཁ་ཅིག་གིས། ཕུང་བོ་ལྔ་ཆར་གང་ཟག་གི་མཚན་གཞི་དང་། སྲུང་བ་བས། སེམས་གཅིག་པུ་གང་ཟག་གི་མཚན་གཞིར་འདོད་དོ། །གཉིས་པ་ཤེས་པ་ལ། ཚད་མ་དང་ཚད་མིན་གྱི་ཤེས་པ་གཉིས་ལས། དང་བོ་ལ། མངོན་སུམ་གྱི་ཚད་མ་དང་། རྗེས་སུ་དཔག་པའི་ཚད་མ་སྟེ་གཉིས་ཡོད། དང་བོ་ལ། དབང་བོའི་མངོན་སུམ་དང་། ཡིད་ཀྱི་མངོན་སུམ། རྣལ་འབྱོར་མངོན་སུམ་སྟེ་གསུམ་ཡོད་ཀྱང་། རང་རིག་མངོན་སུམ་ཁས་མི་ལེན་ནོ། །གསུམ་པ་རྗོད་བྱེད་ཀྱི་སྒྲ་ནི། སྤྱིར་སྒྲ་ཙམ་ལ་དབྱེ་ན། ཟིན་པའི་སྒྲ་དང་། མ་ཟིན་པའི་སྒྲ་སྟེ་གཉིས་ཡོད། དང་བོ་ནི། སྐྱེས་བུའི་ངག་ཏུ་གྱུར་པའི་སྒྲ་ལྟ་བུ་དང་། གཉིས་པ་ནི། ཆུ་སྒྲ་ལྟ་བུའོ། །ཟིན་མ་ཟིན་གྱི་སྒྲ་རེ་རེ་ལ་ཡང་སེམས་ཅན་དུ་དོན་སྟོན་མི་སྟོན་གཉིས་གཉིས་ཡོད་པ་ཡིན་ནོ། །

གཉིས་པ་ལམ་གྱི་འདོད་ཚུལ་ལ། ལམ་གྱི་དམིགས་པ་དང་། སྤང་བྱ། རང་བཞིན་གསུམ་ལས། དང་བོ་ནི། བདེན་བཞིའི་ཁྱད་ཆོས་མི་རྟག་སོགས་བཅུ་དྲུག་ཡིན་ལ། བདག་མེད་ཕྲ་མོ་དང་གང་ཟག་གི་བདག་མེད་ཕྲ་མོ་དོན་གཅིག་ཏུ་འདོད་ཅིང་། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བ་གང་ཟག་གི་བདག་མེད་ཕྲ་མོ་དང་། གང་ཟག་རྟག་གཅིག་རང་དབང་ཅན་གྱིས་སྟོང་བ་གང་ཟག་གི་བདག་མེད་རགས་པར་འདོད་དོ། །ཆོས་ཀྱི་བདག་མེད་ཕྲ་རགས་ཀྱི་རྣམ་གཞག་ཁས་མི་ལེན་ནོ། །གཉིས་པ་ལམ་གྱི་སྤང་བྱ་ལ། ཉོན་མོངས་ཅན་དང་ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་གཉིས་ལས། དང་བོ་ནི། གཙོ་བོ་ཐར་པ་འཐོབ་པ་ལ་བར་དུ་གཅོད་པ་སྟེ། མཚན་གཞི་ནི། གང་ཟག་གི་བདག་འཛིན་དང་། དེའི་དབང་གིས་བྱུང་བའི་དུག་གསུམ་ས་བོན་དང་བཅས་པ་ལྟ་བུའོ། །གཉིས་པ་ནི། གཙོ་བོ་ཐམས་ཅད་མཁྱེན་པ་འཐོབ་པ་ལ་བར་དུ་གཅོད་པ་སྟེ། མཚན་གཞི་ནི། དེ་བཞིན་གཤེགས་པའི་ཆོས་ཟབ་ཅིང་ཕྲ་བ་མི་ཤེས་པའི་ཉོན་མོངས་ཅན་མ་ཡིན་པའི་སྒྲིབ་པ་སོགས་མི་ཤེས་པའི་རྒྱུ་བཞི་ལྟ་བུའོ། །གསུམ་པ་ལམ་གྱི་རང་བཞིན་ནི། ཐེག་པ་གསུམ་གྱི་ལམ་ལ། ཚོགས་ལམ་དང་། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་སྟེ་ལམ་ལྔ་ལྔའི་རྣམ་གཞག་ཁས་ལེན་ཡང་ས་བཅུའི་ཡེ་ཤེས་མི་འདོད་དོ། །

གསུམ་པ་འབྲས་བུའི་འདོད་ཚུལ་ལ། ཉན་ཐོས་ཀྱི་རིགས་ཅན་རྣམས་ཀྱིས་མི་རྟག་སོགས་བཅུ་དྲུག་ཚེ་གསུམ་ལ་སོགས་པའི་བར་དུ་གོམས་པར་བྱས་ནས་མཐར་ཉན་ཐོས་ཀྱི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས། ཉོན་མོངས་ཅན་གྱི་སྒྲིབ་པ་ཐོབ་པ་ཆད་པའི་ཚུལ་གྱིས་སྤངས་ཏེ་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་དོ། །

བསེ་རུ་ལྟ་བུའི་རང་རྒྱལ་རྣམས་ཀྱིས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བར་རྟོགས་པའི་ལྟ་བ་དེ་བསྐལ་ཆེན་བརྒྱ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་དང་སྦྲེལ་ཏེ། ཚོགས་ལམ་ཆེན་པོ་མན་ཆད་དུ་ཉམས་སུ་བླངས་ནས་སྦྱོར་ལམ་དྲོད་ནས་མི་སློབ་ལམ་གྱི་བར་སྟན་ཐོག་གཅིག་ལ་མངོན་དུ་བྱེད་དོ། །

བྱང་སེམས་རྣམས་ཀྱིས་ཚོགས་ལམ་གྱི་གནས་སྐབས་སུ་བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་རྫོགས་པར་བྱེད་ཅིང་། དེ་ནས་བསྐལ་པ་བརྒྱར་མཚན་བཟང་གི་རྒྱུ་བསྒྲུབས་ཏེ་སྲིད་པ་མཐའ་མའི་ཚེ་བྱང་ཆུབ་ཤིང་དྲུང་དུ་སྲོད་ལ་ལྷའི་བུའི་བདུད་བཏུལ། གུང་ལ་མཉམ་པར་བཞག་པའི་ཚེ་སྦྱོར་ལམ་དང་། མཐོང་ལམ། སྒོམ་ལམ་གསུམ་མངོན་དུ་བྱས་ནས་ཉོན་མོངས་ཅན་དང་ཉོན་མོངས་ཅན་མ་ཡིན་པའི་སྒྲིབ་པ་མ་ལུས་པར་སྤངས་ཏེ་ཐོ་རེངས་སྐྱ་རེངས་ཤར་བ་ཙམ་ན་མི་སློབ་ལམ་མངོན་དུ་བྱེད་པ་ཡིན་ནོ། །

4_2 མདོ་སྡེ་བ།

མདོ་སྡེ་བའི་སློབ་དཔོན་ནི། སློབ་དཔོན་ཀུ་མ་ར་ཏ་དང་། ཤི་རི་ར་ཏ། བཙུན་པ་ར་ཏ་རྣམས་ཡིན་པར་གསུངས་སོ། །

རང་རིག་དང་ཕྱི་དོན་གཉིས་ཀ་བདེན་ཞེན་གྱིས་ཁས་ལེན་པའི་ཐེག་དམན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་དེ། མདོ་སྡེ་བའི་མཚན་ཉིད་ཡིན། 

མིང་གི་རྣམ་གྲངས་ལ། མདོ་སྡེ་བ་དང་། དཔེ་སྟོན་པ་སོགས་སུ་བརྗོད། 

སྒྲ་བཤད་ནི། བཅོམ་ལྡན་འདས་ཀྱི་མདོ་ལ་བརྟེན་ནས་གྲུབ་མཐའ་སྨྲ་བས་ན་མདོ་སྡེ་བ་དང་། ཆོས་ཐམས་ཅད་དཔེའི་སྒོ་ནས་སྟོན་པ་ལ་མཁས་པས་ན་དཔེ་སྟོན་པ་ཞེས་བརྗོད་པ་ཡིན་ནོ། །

དབྱེ་ན། ལུང་གི་རྗེས་འབྲང་གི་མདོ་སྡེ་བ་དང་། རིགས་པའི་རྗེས་འབྲང་གི་མདོ་སྡེ་བ་སྟེ་གཉིས་ཡོད། 

དང་བོ་ནི། མངོན་པ་མཛོད་ཀྱི་རྗེས་འབྲང་གི་མདོ་སྡེ་བ་ལྟ་བུ་དང་། གཉིས་པ་ནི། ཚད་མ་སྡེ་བདུན་གྱི་རྗེས་འབྲང་གི་མདོ་སྡེ་བ་ལྟ་བུའོ། །དེ་ཡང་ལུང་གི་རྗེས་འབྲང་གི་མདོ་སྡེ་བའི་གཞི་ལམ་འབྲས་གསུམ་གྱི་འདོད་ཚུལ་ཕལ་ཆེར་བྱེ་སྨྲ་དང་མཐུན་ནོ། །

གྲུབ་མཐའི་འདོད་ཚུལ་ལ། གཞི་ལམ་འབྲས་གསུམ་ལས། དང་བོ་གཞིའི་འདོད་ཚུལ་ལ་ཡུལ་དང་ཡུལ་ཅན་གཉིས་ཡོད། 

དང་བོ་ཡུལ་གྱི་འདོད་ཚུལ་ནི། བློས་རིག་པར་བྱ་བ་ཡུལ་གྱི་མཚན་ཉིད་ཡིན། ཡུལ་དང་། གཞལ་བྱ། གཞི་གྲུབ། ཡོད་པ། ཤེས་བྱ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ནོ། །

གཉིས་པ་ཡུལ་ཅན་གྱི་འདོད་ཚུལ་ལ། གང་ཟག་དང་། ཤེས་པ། རྗོད་བྱེད་ཀྱི་སྒྲ་གསུམ་ལས། དང་བོ་ནི། ལུང་གི་རྗེས་འབྲང་རྣམས་ཀྱིས་ཕུང་བོའི་རྒྱུན་གང་ཟག་གི་མཚན་གཞི་དང་། རིགས་པའི་རྗེས་འབྲང་རྣམས་ཀྱིས་ཡིད་ཀྱི་རྣམ་ཤེས་གང་ཟག་གི་མཚན་གཞིར་འདོད་དོ། །གཉིས་པ་ཤེས་པ་ལ། ཚད་མ་དང་ཚད་མིན་གྱི་ཤེས་པ་གཉིས་ལས། དང་བོ་ལ། མངོན་སུམ་གྱི་ཚད་མ་དང་། རྗེས་སུ་དཔག་པའི་ཚད་མ་སྟེ་གཉིས་ཡོད། དང་བོ་ལ། དབང་བོའི་མངོན་སུམ་དང་། ཡིད་ཀྱི་མངོན་སུམ། རང་རིག་མངོན་སུམ། རྣལ་འབྱོར་མངོན་སུམ་གྱི་ཚད་མ་སྟེ་བཞི་ཡོད་དོ། །གཉིས་པ་ཚད་མིན་གྱི་བློ་ལ། བཅད་ཤེས་དང་། ལོག་ཤེས། ཐེ་ཚོམ། ཡིད་དཔྱོད། སྣང་ལ་མ་ངེས་པའི་བློ་སྟེ་ལྔ་ཡོད་དོ། །གསུམ་པ་རྗོད་བྱེད་ཀྱི་སྒྲ་ལ། རང་གི་བརྗོད་བྱའི་དོན་གོ་བར་བྱེད་པའི་མཉན་བྱ་དེ། རྗོད་བྱེད་ཀྱི་སྒྲའི་མཚན་ཉིད་ཡིན། དེ་ལ་ངོ་བོའི་སྒོ་ནས་དབྱེ་ན། མིང་ཚིག་ཡི་གེ་གསུམ་ཡོད་དོ། །

གཉིས་པ་ལམ་གྱི་འདོད་ཚུལ་ལ། ལམ་གྱི་དམིགས་པ་དང་། སྤང་བྱ། རང་བཞིན་གསུམ་ལས། 

དང་བོ་ལམ་གྱི་དམིགས་པ་ནི། བདེན་བཞིའི་ཁྱད་ཆོས་མི་རྟག་སོགས་བཅུ་དྲུག་ཡིན་ལ། བདག་མེད་ཕྲ་མོ་དང་གང་ཟག་གི་བདག་མེད་ཕྲ་མོ་གཉིས་དོན་གཅིག་ཏུ་འདོད་ཅིང་། གང་ཟག་རྟག་གཅིག་རང་དབང་ཅན་གྱི་བདག་གིས་སྟོང་བ་གང་ཟག་གི་བདག་མེད་རགས་པ་དང་། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བ་གང་ཟག་གི་བདག་མེད་ཕྲ་མོར་འདོད་དོ། །ཆོས་ཀྱི་བདག་མེད་མི་འདོད་པ་བྱེ་སྨྲ་དང་མཚུངས་སོ། །

གཉིས་པ་ལམ་གྱི་སྤང་བྱ་ལ། ཉོན་མོངས་ཅན་དང་། ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་སོགས་ཀྱི་ཐ་སྙད་ཙམ་ཞིག་མ་གཏོགས་ཆོས་ཀྱི་བདག་འཛིན་དང་། ཤེས་སྒྲིབ་སོགས་ཁས་མི་ལེན་པ་བྱེ་སྨྲ་དང་འདྲའོ། །

གསུམ་པ་ལམ་གྱི་རང་བཞིན་ནི། ཐེག་པ་གསུམ་ལ་ལམ་ལྔ་ལྔའི་རྣམ་གཞག་བྱེད་ཅིང་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་པོ་ཚང་མ་མཐོང་ལམ་དུ་འདོད་ལ། མངོན་སུམ་གྱི་སྣང་ཡུལ་ལ་རང་མཚན་ཞིག་དགོས་པས། གང་ཟག་གི་བདག་མེད་ཕྲ་མོ་ཉན་ཐོས་མཐོང་ལམ་བར་ཆད་མེད་ལམ་གྱི་འཛིན་སྟངས་ཀྱི་ཡུལ་དུ་མི་འདོད་དེ། དེས་གང་ཟག་གི་བདག་གིས་དབེན་པའི་འདུ་བྱེད་དངོས་སུ་གཞལ་བའི་ཤུགས་ལ་གང་ཟག་གི་བདག་མེད་ཕྲ་མོ་རྟོགས་པར་འདོད་པ་ཡིན་ནོ། །

གསུམ་པ་འབྲས་བུའི་འདོད་ཚུལ་ནི། དགྲ་བཅོམ་པ་སྤངས་རྟོགས་ལས་ཉམས་པ་མི་སྲིད་པ་དང་། སངས་རྒྱས་ཀྱི་གཟུགས་ཕུང་སངས་རྒྱས་སུ་ཁས་ལེན་པ་མ་གཏོགས། ཐེག་པ་གསུམ་གྱི་འབྲས་བུ་མངོན་དུ་བྱེད་ཚུལ་སོགས་བྱེ་སྨྲ་དང་མཚུངས་སོ། །དེ་ཡང་བྱེ་མདོ་གཉིས་ཀྱིས་ཐེག་ཆེན་གྱི་སྡེ་སྣོད་སངས་རྒྱས་ཀྱི་བཀར་ཁས་མི་ལེན་ཡང་ཕྱི་རབས་པ་རྣམས་ལ་བཀར་ཁས་ལེན་པ་ཡོད་པར་བཤད་དོ། །

4_3 སེམས་ཙམ་པ།

སེམས་ཙམ་པའི་སློབ་དཔོན་ནི། མིའི་རྟེན་ཅན་གྱི་ཤིང་རྟའི་སྲོལ་འབྱེད་གཉིས་ཀྱི་ནང་ཚན་འཕགས་པ་ཐོགས་མེད་གཙོ་བོ་ཡིན་ཞིང་། སྲོལ་འཛིན་ནི། སློབ་དཔོན་དབྱིག་གཉེན་དང་། བློ་བརྟན། ཕྱོགས་གླང་། ཆོས་གྲགས་རྣམས་ཡིན་པར་གསུངས་སོ། །

ཕྱི་དོན་ཁས་མི་ལེན་ཞིང་གཞན་དབང་བདེན་གྲུབ་ཏུ་འདོད་པའི་ནང་བའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ། སེམས་ཙམ་པའི་མཚན་ཉིད་ཡིན། 

མིང་གི་རྣམ་གྲངས་ལ། སེམས་ཙམ་པ་དང་། རྣམ་རིག་པ། རྣལ་འབྱོར་སྤྱོད་པ་བ་སོགས་སུ་བརྗོད། 

སྒྲ་བཤད་ནི། ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་ཙམ་དུ་སྨྲ་བས་ན་སེམས་ཙམ་པ་དང་། རྣམ་རིག་པ་ཞེས་བརྗོད་ལ། རྣལ་འབྱོར་བའི་གཞིའི་སྒོ་ནས་ལམ་གྱི་སྤྱོད་པ་ཉམས་ལེན་གཏན་ལ་འབེབས་པས་ན་རྣལ་འབྱོར་སྤྱོད་པ་བ་ཞེས་བརྗོད་པ་ཡིན་ནོ། །

དབྱེ་ན། སེམས་ཙམ་རྣམ་བདེན་པ་དང་། སེམས་ཙམ་རྣམ་རྫུན་པ་སྟེ་གཉིས་ཡོད་པ་ལས། དང་བོ་ལ། སེམས་ཙམ་པ་གང་ཞིག དབང་ཤེས་ལ་རགས་པར་སྣང་བ་སྣང་བ་ལྟར་དུ་གྲུབ་པར་འདོད་པ་དེ། སེམས་ཙམ་རྣམ་བདེན་པའི་མཚན་ཉིད་ཡིན་ནོ། །དབྱེ་ན། གཟུང་འཛིན་གྲངས་མཉམ་པ་དང་། སྒོ་ང་ཕྱེད་ཚལ་བ། སྣ་ཚོགས་གཉིས་མེད་པ་སྟེ་གསུམ་ཡོད་དོ། །གཉིས་པ་ལ། སེམས་ཙམ་པ་གང་ཞིག དབང་ཤེས་ལ་རགས་པར་སྣང་བ་སྣང་བ་ལྟར་དུ་མ་གྲུབ་པར་འདོད་པ་དེ། སེམས་ཙམ་རྣམ་རྫུན་པའི་མཚན་ཉིད་ཡིན་ནོ། །དབྱེ་ན། དྲི་བཅས་པ་དང་། དྲི་མེད་པ་སྟེ་གཉིས་ཡོད་དོ། །

ཡང་སེམས་ཙམ་པ་ལ་དབྱེ་ན། ལུང་གི་རྗེས་འབྲང་གི་སེམས་ཙམ་པ་དང་། རིགས་པའི་རྗེས་འབྲང་གི་སེམས་ཙམ་པ་སྟེ་གཉིས་ཡོད། དང་བོ་ནི། ས་སྡེ་ལྔའི་རྗེས་འབྲང་གི་སེམས་ཙམ་པ་དང་། གཉིས་པ་ནི། ཚད་མ་སྡེ་བདུན་གྱི་རྗེས་འབྲང་གི་སེམས་ཙམ་པ་རྣམས་ཡིན་ནོ། །

གྲུབ་མཐའི་འདོད་ཚུལ་ལ། གཞི་ལམ་འབྲས་གསུམ་ལས། དང་བོ་གཞིའི་འདོད་ཚུལ་ལ་ཡུལ་དང་ཡུལ་ཅན་གཉིས་ཡོད། 

དང་བོ་ཡུལ་གྱི་འདོད་ཚུལ་ནི། ཤེས་བྱ་ཐམས་ཅད་མཚན་ཉིད་གསུམ་དུ་འདུས་པར་འདོད་དེ། མཚན་ཉིད་གསུམ་ནི། གཞན་དབང་དང་། ཡོངས་གྲུབ། ཀུན་བཏགས་རྣམས་སོ། །

གཉིས་པ་ཡུལ་ཅན་གྱི་འདོད་ཚུལ་ལ། གང་ཟག་གི་འདོད་ཚུལ་ནི། རིགས་པའི་རྗེས་འབྲང་རྣམས་ཀྱིས་རྣམ་ཤེས་ཚོགས་དྲུག་ཏུ་འདོད་པས་ཡིད་ཀྱི་རྣམ་པར་ཤེས་པ་དང་། ལུང་གི་རྗེས་འབྲང་རྣམས་ཀྱིས་རྣམ་ཤེས་ཚོགས་བརྒྱད་དུ་འདོད་པས་ཀུན་གཞིའི་རྣམ་ཤེས་གང་ཟག་གི་མཚན་གཞིར་འདོད་པ་ཡིན་ནོ། །

ཤེས་པ་ལ་ཚད་མ་དང་ཚད་མིན་གྱི་བློ་གཉིས་ལས།  དང་བོ་ལ་མངོན་རྗེས་གཉིས་དང་། མངོན་སུམ་བཞིའི་རྣམ་གཞག་ཁས་ལེན་ཞིང་། རང་རིག་མངོན་སུམ་དང་། རྣལ་འབྱོར་མངོན་སུམ་གཉིས་ལ་མ་འཁྲུལ་བའི་ཤེས་པས་ཁྱབ་པོ། །རྣམ་བདེན་པས་ཚུར་མཐོང་གི་རྒྱུད་ཀྱི་སྔོན་འཛིན་མིག་ཤེས་དེ་མ་འཁྲུལ་བའི་ཤེས་པར་འདོད་ལ། རྣམ་རྫུན་པ་ལྟར་ན་ཚུར་མཐོང་གི་རྒྱུད་ཀྱི་དབང་བོའི་མངོན་སུམ་ལ་འཁྲུལ་ཤེས་ཀྱིས་ཁྱབ་ཅིང་། དེའི་རྒྱུད་ཀྱི་ཡིད་ཀྱི་མངོན་སུམ་ལ་འཁྲུལ་མ་འཁྲུལ་གྱི་ཆ་གཉིས་ཡོད་པར་འདོད་དོ། །

གཉིས་པ་ལམ་གྱི་འདོད་ཚུལ་ལ། ལམ་གྱི་དམིགས་པ་དང་། སྤང་བྱ། རང་བཞིན་གསུམ་ལས། 

དང་བོ་ལམ་གྱི་དམིགས་པ་ནི། བདེན་བཞིའི་ཁྱད་ཆོས་མི་རྟག་སོགས་བཅུ་དྲུག་ཡིན་ལ། གང་ཟག་རྟག་གཅིག་རང་དབང་ཅན་གྱིས་གྲུབ་པས་སྟོང་བ་གང་ཟག་གི་བདག་མེད་རགས་པ་དང། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བ་གང་ཟག་གི་བདག་མེད་ཕྲ་མོར་འདོད་ཅིང་། གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་གྱིས་སྟོང་བ་དང་། གཟུགས་གཟུགས་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་བ་གཉིས་ཆོས་ཀྱི་བདག་མེད་ཕྲ་མོར་འདོད་དོ། །

གཉིས་པ་ལམ་གྱི་སྤང་བྱ་ལ། ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས་ཡོད། དང་བོ་ནི། གང་ཟག་གི་བདག་འཛིན་ཕྲ་རགས་གཉིས་ས་བོན་དང་བཅས་པ་དང་། རྩ་ཉོན་དྲུག ཉེ་ཉོན་ཉི་ཤུ་ལྟ་བུའོ། །གཉིས་པ་ནི། ཆོས་ཀྱི་བདག་འཛིན་བག་ཆགས་དང་བཅས་པ་ལྟ་བུའོ། །

གསུམ་པ་ལམ་གྱི་རང་བཞིན་ནི། ཐེག་པ་གསུམ་པོ་རེ་རེ་ལའང་ཚོགས་སྦྱོར་གཉིས་དང་། མཐོང་སྒོམ་གཉིས། མི་སློབ་ལམ་བཅས་ལྔའི་རྣམ་གཞག་བྱེད་ལ། ཐེག་ཆེན་ལ་དེའི་སྟེང་དུ་ས་བཅུའི་རྣམ་གཞག་ཀྱང་ཁས་ལེན་ནོ། །

གསུམ་པ་འབྲས་བུ་མངོན་དུ་བྱེད་ཚུལ་ནི། ཐེག་དམན་རིགས་ངེས་རྣམས་ཀྱིས་གང་ཟག་གི་བདག་མེད་ཀྱི་དབང་དུ་བྱས་པའི་ཡོངས་གྲུབ་བསྒོམ་བྱའི་གཙོ་བོར་བྱས་ཏེ། གོམས་པ་མཐར་ཕྱིན་པ་ན་ཐེག་དམན་གྱི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་ཉོན་སྒྲིབ་མ་ལུས་པར་སྤངས་པ་དང་དུས་མཉམ་དུ་ཐེག་དམན་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་དོ། །ལུང་གི་རྗེས་འབྲང་རྣམས་ཀྱིས་ཐེག་དམན་དགྲ་བཅོམ་པ་ཞི་བ་བགྲོད་པ་གཅིག་པུ་བ་ཐེག་ཆེན་ལམ་དུ་འཇུག་པར་མི་འདོད་ཅིང་། བྱང་ཆུབ་ཡོངས་འགྱུར་བའི་དགྲ་བཅོམ་པ་ཐེག་ཆེན་ལམ་དུ་འཇུག་པར་འདོད་དོ། །དེ་ཡང་ལྷག་བཅས་ནས་ཡིན་གྱི། ལྷག་མེད་ནས་འཇུག་པ་མ་ཡིན་ཏེ། མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པར་འདོད་པ་ཡིན་ནོ། །རིགས་པའི་རྗེས་འབྲང་རྣམས་ཀྱིས་ཐེག་དམན་དགྲ་བཅོམ་པ་ཐེག་ཆེན་ལམ་དུ་འཇུག་པར་འདོད་དེ། མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པར་ཁས་ལེན་པ་ཡིན་ནོ། །

ཐེག་ཆེན་རིགས་ཅན་རྣམས་ཀྱིས་ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པའི་ཡོངས་གྲུབ་བསྒོམ་བྱའི་གཙོ་བོར་བྱས་ཏེ། གྲངས་མེད་གསུམ་གྱི་ཚོགས་དང་འབྲེལ་བར་ཉམས་སུ་བླངས་ནས་ས་བཅུ་ལམ་ལྔ་རིམ་གྱིས་བགྲོད་དེ་རྒྱུན་མཐའི་བར་ཆད་མེད་ལམ་གྱིས་སྒྲིབ་གཉིས་ཟད་པར་སྤངས་ཏེ། འོག་མིན་དུ་རང་དོན་སྤངས་རྟོགས་ཕུན་ཚོགས་ཆོས་ཀྱི་སྐུ་དང་། གཞན་དོན་འཕྲིན་ལས་ཕུན་ཚོགས་གཟུགས་ཀྱི་སྐུ་གཉིས་མངོན་དུ་བྱེད་པ་ཡིན་ནོ། །

4_4 དབུ་མ་བ།

དབུ་མ་བའི་སློབ་དཔོན་ནི། མིའི་རྟེན་ཅན་གྱི་ཤིང་རྟའི་སྲོལ་འབྱེད་གཉིས་ཀྱི་ནང་ཚན་མགོན་པོ་ཀླུ་སྒྲུབ་གཙོ་བོ་ཡིན་ཞིང་། སྲོལ་འཛིན་ནི། འཕགས་པ་ལྷ་དང་། དཔའ་བོ། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། ཟླ་བ་གྲགས་པ་རྣམས་ཡིན་པར་གསུངས་སོ། །

བདེན་གྲུབ་ཀྱི་ཆོས་རྡུལ་ཙམ་ཡང་མེད་པར་ཁས་ལེན་པའི་ནང་བའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ། དབུ་མ་བའི་མཚན་ཉིད་ཡིན། 

མིང་གི་རྣམ་གྲངས་ལ། དབུ་མ་བ་དང་། ངོ་བོ་ཉིད་མེད་པར་སྨྲ་བ་སོགས་སུ་བརྗོད། 

སྒྲ་བཤད་ནི། རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དབུས་ཁས་ལེན་པས་ན་དབུ་མ་བ་དང་། ཆོས་རྣམས་ལ་བདེན་གྲུབ་ཀྱི་ངོ་བོ་ཉིད་མེད་པར་སྨྲ་བས་ན་ངོ་བོ་ཉིད་མེད་པར་སྨྲ་བ་ཞེས་བརྗོད་པ་ཡིན་ནོ། །

དབྱེ་ན། དབུ་མ་རང་རྒྱུད་པ་དང་། དབུ་མ་ཐལ་འགྱུར་བ་སྟེ་གཉིས་ཡོད་དོ། །དེ་ཡང་ཐལ་རང་གཉིས་ཀའི་ལྟ་ཚུལ་གྱི་ཁྱད་པར་ནི། སྤྲུལ་གཞི་རྟ་གླང་སྣང་བ་ལ་འཛིན་སྟངས་གཉིས་ཡོད་དེ། རྟ་གླང་སྤྲུལ་མཁན་སྒྱུ་མ་མཁན་དང་། ལྟད་མོ་བ་གཉིས་སྣང་ཚུལ་གཅིག་ཀྱང་འཛིན་ཚུལ་མི་འདྲ་བ་གཉིས་བྱུང་བ་ལྟར། ཐལ་འགྱུར་བའི་ལྟ་བ་ནི་སྒྱུ་མ་མཁན་རང་གི་ལྟ་བ་དང་འདྲ་བར་རྟ་གླང་སྣང་བ་ལྟར་དོན་དངོས་སུ་མ་གྲུབ་པར་འཛིན་པ་དང་། རང་རྒྱུད་པའི་ལྟ་བ་ནི་ལྟད་མོ་བ་དང་འདྲ་བར་རྟ་གླང་སྣང་བ་ལྟར་ཡུལ་རང་ངོས་ནས་གྲུབ་པར་འཛིན་པ་ཡིན་ནོ། །

ཐལ་འགྱུར་བའི་ཁྱད་ཆོས་གཙོ་བོ་ནི། བརྟེན་ནས་བཏགས་པའི་གཏན་ཚིགས་ལ་བརྟེན་ནས་ཕྱི་ནང་གི་ཆོས་རྣམས་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པ་མ་ལུས་པར་ཁེགས་ཀྱང་། ཐ་སྙད་དུ་མིང་རྐྱང་བཏགས་ཡོད་ཙམ་ལ་བཅིངས་འགྲོལ་དང་། རྒྱུ་འབྲས། གཞལ་བྱ་འཇལ་བྱེད་ལ་སོགས་པ་གཞན་ངོར་སྐྱེལ་མི་དགོས་པར་རང་ལུགས་ལ་བསྙོན་མེད་དུ་འཇོག་ཤེས་པ་དེ་ཡིན་ནོ། །

4_4_1 དབུ་མ་རང་རྒྱུད་པ།

དབུ་མ་རང་རྒྱུད་པའི་སློབ་དཔོན་ནི། སློབ་དཔོན་ལེགས་ལྡན་འབྱེད་གཙོ་བོ་ཡིན་ལ། སློབ་དཔོན་འདིས་དབུ་མ་རང་རྒྱུད་པ་དང་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་གཉིས་ཀྱི་ཤིང་རྟའི་སྲོལ་ཅིག་ཆར་ཕྱེ་བར་གསུངས་སོ། །

རང་གི་མཚན་ཉིད་ཀྱིས་གྲུབ་པ་ཐ་སྙད་དུ་ཁས་ལེན་པའི་ངོ་བོ་ཉིད་མེད་པར་སྨྲ་བ་དེ། རང་རྒྱུད་པའི་མཚན་ཉིད་ཡིན། 

སྒྲ་བཤད་ནི། ཚུལ་གསུམ་རང་ངོས་ནས་གྲུབ་པའི་རྟགས་ཡང་དག་ལ་བརྟེན་ནས་བདེན་དངོས་འགོག་པར་བྱེད་པས་ན་རང་རྒྱུད་པ་ཞེས་བརྗོད་པ་ཡིན་ནོ། །

དབྱེ་ན། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་སྟེ་གཉིས་ཡོད། ཕྱི་དོན་ཁས་མི་ལེན་ཞིང་། རང་རིག་ཁས་ལེན་པའི་དབུ་མ་བ་དེ། དང་བོའི་མཚན་ཉིད་ཡིན། མཚན་གཞི་ནི། སློབ་དཔོན་ཞི་བ་འཚོ་ལྟ་བུ་ཡིན་ལ། སློབ་དཔོན་འདིས་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་ཐོག་མར་ཕྱེ་བར་གསུངས་སོ། །སྒྲ་བཤད་ནི། གཞིའི་རྣམ་གཞག་སེམས་ཙམ་པ་དང་མཐུན་པར་ཁས་ལེན་པས་ན་དེ་ལྟར་བརྗོད་པ་ཡིན་ནོ། །དབྱེ་ན། རྣམ་བདེན་པ་དང་མཐུན་པའི་དབུ་མ་བ་དང་། རྣམ་རྫུན་པ་དང་མཐུན་པའི་དབུ་མ་བ་སྟེ་གཉིས་ཡོད་དོ། །རང་རིག་ཁས་མི་ལེན་ཞིང་། ཕྱི་དོན་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁས་ལེན་པའི་དབུ་མ་བ་དེ། གཉིས་པའི་མཚན་ཉིད་ཡིན། མཚན་གཞི་ནི། སློབ་དཔོན་ལེགས་ལྡན་འབྱེད་ལྟ་བུའོ། །སྒྲ་བཤད་ནི། མདོ་སྡེ་བ་ལྟར་རྡུལ་ཕྲ་རབ་བསགས་པའི་ཕྱི་རོལ་གྱི་དོན་ཁས་ལེན་པས་ན་དེ་ལྟར་བརྗོད་པ་ཡིན་ནོ། །

གྲུབ་མཐའི་འདོད་ཚུལ་ལ། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་འདོད་ཚུལ་དང་། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་འདོད་ཚུལ་ཏེ་གཉིས་ཡོད། དང་བོ་ལ་གཞི་ལམ་འབྲས་གསུམ་ལས། དང་བོ་གཞིའི་འདོད་ཚུལ་ལ་ཡུལ་དང་ཡུལ་ཅན་གཉིས་ཡོད་པ་ལས། 

དང་བོ་ཡུལ་གྱི་འདོད་ཚུལ་ནི། གཞི་གྲུབ་ན་རང་གི་མཚན་ཉིད་ཀྱིས་གྲུབ་པས་ཁྱབ་པར་བཞེད་དེ། ཆོས་གང་ཡིན་ཡང་བཏགས་དོན་བཙལ་ན་རྙེད་པར་འདོད་པ་ཡིན་ནོ། །

གཉིས་པ་ཡུལ་ཅན་གྱི་འདོད་ཚུལ་ལ། གང་ཟག་གི་འདོད་ཚུལ་ནི། ཡིད་ཀྱི་རྣམ་པར་ཤེས་པ་གང་ཟག་གི་མཚན་གཞི་ཡིན་ལ། ཀུན་གཞི་དང་ཉོན་ཡིད་ཁས་མི་ལེན་ཞིང་རྣམ་ཤེས་ཚོགས་དྲུག་ཏུ་འདོད་པ་རང་རྒྱུད་པ་གཉིས་ཀ་མཐུན་ནོ། །ཤེས་པ་ལ་ཚད་མ་དང་ཚད་མིན་གྱི་བློ་གཉིས་ལས། དང་བོ་ལ་མངོན་རྗེས་གཉིས་དང་། མངོན་སུམ་ལ་དབང་བོའི་མངོན་སུམ་དང་། ཡིད་ཀྱི་མངོན་སུམ། རང་རིག་མངོན་སུམ། རྣལ་འབྱོར་མངོན་སུམ་སྟེ་བཞི་ཡོད་ལ། མངོན་སུམ་ཕྱི་ལ་གཉིས་ལ་མ་འཁྲུལ་བའི་ཤེས་པས་ཁྱབ་པར་འདོད་དོ། །

གཉིས་པ་ལམ་གྱི་འདོད་ཚུལ་ལ། ལམ་གྱི་དམིགས་པ་དང་། སྤང་བྱ། རང་བཞིན་གསུམ་ལས། དང་བོ་ནི། གང་ཟག་རྟག་གཅིག་རང་དབང་ཅན་གྱིས་སྟོང་བ་གང་ཟག་གི་བདག་མེད་རགས་པ་དང་། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བ་གང་ཟག་གི་བདག་མེད་ཕྲ་མོ་དང་། གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་གྱིས་སྟོང་བ་ཆོས་ཀྱི་བདག་མེད་རགས་པ་དང་། ཆོས་ཐམས་ཅད་བདེན་གྲུབ་ཀྱིས་སྟོང་བ་ཆོས་ཀྱི་བདག་མེད་ཕྲ་མོར་བཞེད་དོ། །གཉིས་པ་ལམ་གྱི་སྤང་བྱ་ལ། གང་ཟག་གི་བདག་འཛིན་ཉོན་སྒྲིབ་དང་། ཆོས་ཀྱི་བདག་འཛིན་ཤེས་སྒྲིབ་ཏུ་འདོད་ཅིང་། ཤེས་སྒྲིབ་ལ་ཡང་གཟུང་འཛིན་རྫས་གཞན་དུ་འཛིན་པ་ལྟ་བུ་ཤེས་སྒྲིབ་རགས་པ་དང་། ཕུང་སོགས་ཀྱི་ཆོས་བདེན་གྲུབ་ཏུ་འཛིན་པ་ལྟ་བུ་ཤེས་སྒྲིབ་ཕྲ་མོར་འདོད་དོ། །གསུམ་པ་ལམ་གྱི་རང་བཞིན་ནི། ལམ་ལྔ་གསུམ་བཅོ་ལྔ་དང་ཐེག་ཆེན་ལ་ས་བཅུའི་རྣམ་གཞག་ཁས་ལེན་པ་མཚུངས་ལ། ཁྱད་པར་ནི། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པས་རང་རྒྱལ་གྱི་བར་ཆད་མེད་ལམ་དང་། རྣམ་གྲོལ་ལམ་གཉིས་ལ་གཉིས་སྟོང་གི་རྣམ་པ་ཅན་དགོས་པར་འདོད་པ་དང་། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པས་དེ་ལྟར་མི་འདོད་དོ། །

གསུམ་པ་འབྲས་བུའི་འདོད་ཚུལ་ལ། ཉན་ཐོས་རིགས་ངེས་རྣམས་ཀྱིས་གང་ཟག་གི་བདག་མེད་རྟོགས་པའི་ལྟ་བ་བསྒོམ་བྱའི་གཙོ་བོར་བྱས་ཏེ། མཐར་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་ཉོན་སྒྲིབ་མ་ལུས་པར་སྤངས་པ་དང་དུས་མཉམ་དུ་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་དོ། །

རང་རྒྱལ་རིགས་ངེས་རྣམས་ཀྱིས་གཟུང་འཛིན་གཉིས་སྟོང་གི་ལྟ་བ་བསྒོམ་བྱའི་གཙོ་བོར་བྱས་ཏེ། མཐར་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་ཉོན་སྒྲིབ་དང་། ཤེས་སྒྲིབ་རགས་པ་མ་ལུས་པར་སྤངས་པ་དང་དུས་མཉམ་དུ་རང་རྒྱལ་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་དོ། །

ཐེག་ཆེན་རིགས་ངེས་རྣམས་ཀྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། ཚོགས་ལམ་ཆེན་པོའི་གནས་སྐབས་སུ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་མཆོག་གི་སྤྲུལ་སྐུ་ལས་གདམས་ངག་དངོས་སུ་ཉན་ཅིང་། དེའི་དོན་ཉམས་སུ་བླངས་པ་ལ་བརྟེན་ནས་སྟོང་བ་ཉིད་ལ་དམིགས་པའི་སྒོམ་བྱུང་གི་ཤེས་རབ་ཐོག་མར་སྐྱེས་པའི་ཚེ་སྦྱོར་ལམ་དུ་འཕོས་པ་ཡིན། དྲོད་ཀྱི་གནས་སྐབས་སུ་མཐོང་སྤང་ཀུན་ནས་ཉོན་མོངས་གཟུང་རྟོག་མངོན་གྱུར་པ་དང་། རྩེ་མོ་ཐོབ་པའི་ཚེ་མཐོང་སྤང་རྣམ་བྱང་གཟུང་རྟོག་མངོན་གྱུར་པ་དང་། བཟོད་པ་ཐོབ་པའི་ཚེ་མཐོང་སྤང་རྫས་འཛིན་རྟོག་པ་མངོན་གྱུར་པ་དང་། ཆོས་མཆོག་ཐོབ་པའི་ཚེ་མཐོང་སྤང་བཏགས་འཛིན་རྟོག་པ་མངོན་གྱུར་པ་ཉམས་སྨོད་པར་བྱེད་ཅིང་། དེའི་མཇུག་ཐོགས་སུ་མཐོང་ལམ་བར་ཆད་མེད་ལམ་གྱིས་ཉོན་སྒྲིབ་ཀུན་བཏགས་དང་ཤེས་སྒྲིབ་ཀུན་བཏགས་ས་བོན་དང་བཅས་པ་སྤངས་ནས་རྣམ་གྲོལ་ལམ་དང་འགོག་པའི་བདེན་པ་གཉིས་མངོན་དུ་བྱེད་དོ། །སྒོམ་ལམ་སྐོར་དགུས་སྒོམ་སྤང་ཉོན་མོངས་བཅུ་དྲུག་གི་ས་བོན་དང་། སྒོམ་སྤང་ཤེས་སྒྲིབ་བརྒྱ་དང་བརྒྱད་ཀྱི་ས་བོན་རིམ་ཅན་དུ་སྤོང་བར་བྱེད་ཅིང་། མཐར་རྒྱུན་མཐའི་བར་ཆད་མེད་ལམ་ལ་བརྟེན་ནས་ཉོན་མོངས་པ་དང་། ཤེས་སྒྲིབ་ལྷན་སྐྱེས་གཉིས་ཅིག་ཆར་སྤངས་ནས་སྐད་ཅིག་གཉིས་པ་ལ་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་འགྱུར་ཏེ་རིགས་ངེས་ཀྱིས་འབྲས་བུ་མངོན་དུ་བྱེད་ཚུལ་ལོ། །

གཉིས་པ་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་འདོད་ཚུལ་ལ། གཞི་ལམ་འབྲས་གསུམ་ལས། དང་བོ་ནི། ལུགས་འདིས་ཕྱི་དོན་འདོད་ཅིང་རང་རིག་ཁས་མི་ལེན་པ་ཙམ་མ་གཏོགས་གཞིའི་རྣམ་གཞག་ཕལ་ཆེར་སྔ་མ་དང་འདྲའོ། །གཉིས་པ་ལམ་གྱི་འདོད་ཚུལ་ལ། ཉན་རང་རིགས་ངེས་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པར་བཞེད་ཅིང་། གཟུང་འཛིན་རྫས་གཞན་གྱིས་སྟོང་བར་རྟོགས་པའི་ཡེ་ཤེས་ཁས་མི་ལེན་ལ། ཕྱི་རོལ་དོན་འཛིན་གྱི་རྟོག་པ་ཡང་ཤེས་སྒྲིབ་ཏུ་མི་འདོད་དོ། །

གསུམ་པ་འབྲས་བུའི་འདོད་ཚུལ་ལ། ཉན་རང་གཉིས་ཀྱི་སྤང་བྱའི་སྒྲིབ་པ་དང་། རྟོགས་བྱའི་བདག་མེད་ལ་ཕྲ་རགས་མེད་པས་རྟོགས་རིགས་མི་འདྲ་བ་མེད་ཅིང་། ཞུགས་གནས་བརྒྱད་ཀྱི་རྣམ་གཞག་གཉིས་ཀ་ལ་བྱེད་དོ། །ཁྱད་པར་འདི་རྣམས་ཚང་མ་ཕྱི་དོན་ཁས་ལེན་མི་ལེན་ལས་བྱུང་བའོ། །

ཐེག་ཆེན་རིགས་ངེས་རྣམས་ཀྱིས་སྒྲིབ་གཉིས་རིམ་ཅན་དུ་སྤོང་སྟེ། ས་བརྒྱད་པ་ཐོབ་པའི་ཚེ་ཉོན་མོངས་ས་བོན་དང་བཅས་པ་ཟད་པར་སྤངས་ལ། ས་ཕྱི་མ་གསུམ་གྱིས་ཉོན་མོངས་པའི་བག་ཆགས་དང་བདེན་འཛིན་གྱི་སྒྲིབ་པ་གཉིས་ཟད་པར་སྤངས་ནས་སྐད་ཅིག་གཉིས་པ་ལ་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་འདོད་དོ། །མི་འདྲ་བའི་ཁྱད་པར་དེ་ཙམ་ཞིག་མ་གཏོགས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཕལ་ཆེར་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་མཐུན་ནོ། །

4_4_2 དབུ་མ་ཐལ་འགྱུར་བ།

དབུ་མ་ཐལ་འགྱུར་བའི་སློབ་དཔོན་ནི། སློབ་དཔོན་སངས་རྒྱས་བསྐྱངས་དང་། ཟླ་བ་གྲགས་པ། ཞི་བ་ལྷ་རྣམས་ཡིན་པར་གསུངས་ཤིང་། ལུགས་འདིའི་ཤིང་རྟའི་སྲོལ་ཐོག་མར་འབྱེད་མཁན་ནི། སློབ་དཔོན་སངས་རྒྱས་བསྐྱངས་ཡིན་ཞེས་པ་དང་། སློབ་དཔོན་ཟླ་བ་གྲགས་པ་ཡིན་ཞེས་པའི་བཞེད་ཚུལ་མི་འདྲ་བ་གཉིས་ཡོད་དོ། །

རང་གི་མཚན་ཉིད་ཀྱིས་གྲུབ་པ་ཐ་སྙད་ཙམ་དུ་ཡང་མི་བཞེད་པའི་ངོ་བོ་ཉིད་མེད་པར་སྨྲ་བ་དེ། ཐལ་འགྱུར་བའི་མཚན་ཉིད་ཡིན། 

སྒྲ་བཤད་ནི། ཐལ་འགྱུར་ཙམ་གྱིས་ཕྱི་རྒོལ་གྱི་རྒྱུད་ལ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བར་འདོད་པས་ན་ཐལ་འགྱུར་བ་ཞེས་བརྗོད་པ་ཡིན་ནོ། །

གྲུབ་མཐའི་འདོད་ཚུལ་ལ། གཞི་ལམ་འབྲས་གསུམ་ལས། དང་བོ་གཞིའི་འདོད་ཚུལ་ལ་ཡུལ་དང་ཡུལ་ཅན་གཉིས་ཡོད། 

དང་བོ་ཡུལ་གྱི་འདོད་ཚུལ་ནི། གཞི་གྲུབ་ན་རང་གི་མཚན་ཉིད་ཀྱིས་མ་གྲུབ་པས་ཁྱབ་པ་ཁས་ལེན་ཏེ། གཞི་གྲུབ་ཚད་ལ་རྟོག་པས་བཏགས་ཙམ་གྱིས་ཁྱབ་པར་ཁས་ལེན་པ་གང་ཞིག དེའི་ཚིག་ཟུར་གྱི་ཙམ་སྒྲས་རང་གི་མཚན་ཉིད་ཀྱིས་གྲུབ་པ་གཅོད་པར་བཞེད་དོ། །

གཉིས་པ་ཡུལ་ཅན་གྱི་འདོད་ཚུལ་ལ། གང་ཟག་གི་འདོད་ཚུལ་ནི། རང་གི་གདགས་གཞི་ཕུང་བོ་ལྔའམ་བཞི་ལ་བརྟེན་ནས་བཏགས་པའི་ང་ཙམ་དེ་གང་ཟག་གི་མཚན་གཞིར་འདོད་ཅིང་། གང་ཟག་ལ་ལྡན་མིན་འདུ་བྱེད་ཀྱིས་ཁྱབ་པོ། །ཤེས་པ་ལ་ཚད་མ་དང་ཚད་མིན་གྱི་བློ་གཉིས་ལས། དང་བོ་ལ་མངོན་རྗེས་གཉིས་དང་། མངོན་སུམ་ལ་དབང་བོའི་མངོན་སུམ་དང་། ཡིད་ཀྱི་མངོན་སུམ། རྣལ་འབྱོར་མངོན་སུམ་སྟེ་གསུམ་ཡོད་ཀྱང་། རང་རིག་མངོན་སུམ་མི་འདོད་ཅིང་། སེམས་ཅན་གྱི་རྒྱུད་ཀྱི་དབང་ཤེས་ལ་འཁྲུལ་ཤེས་ཀྱིས་ཁྱབ་ལ། རྣལ་འབྱོར་མངོན་སུམ་ལ་འཁྲུལ་མ་འཁྲུལ་གཉིས་ཡོད་དོ། །རྗེས་དཔག་ལ། དངོས་སྟོབས་རྗེས་དཔག་དང་། གྲགས་པའི་རྗེས་དཔག དཔེ་ཉེར་འཇལ་གྱི་རྗེས་དཔག ཡིད་ཆེས་རྗེས་དཔག་སྟེ་བཞི་ཡོད་དོ། །

གཉིས་པ་ལམ་གྱི་འདོད་ཚུལ་ལ། ལམ་གྱི་དམིགས་པ་དང་། སྤང་བྱ། རང་བཞིན་གསུམ་ལས། དང་བོ་ནི། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བ་གང་ཟག་གི་བདག་མེད་རགས་པ་དང་། གང་ཟག་བདེན་པས་སྟོང་བ་གང་ཟག་གི་བདག་མེད་ཕྲ་མོར་འདོད་དོ། །ཕུང་སོགས་ཀྱི་ཆོས་རྣམས་བདེན་པས་སྟོང་བ་ཆོས་ཀྱི་བདག་མེད་ཕྲ་མོར་འདོད་པས། བདག་མེད་ཕྲ་མོ་གཉིས་དགག་བྱའི་སྒོ་ནས་འབྱེད་པ་མ་ཡིན་ཏེ། བདག་མེད་གཉིས་ཀ་དགག་བྱ་བདེན་གྲུབ་བཀག་པ་མཚུངས་པ་ཡིན་ནོ། །

གཉིས་པ་ལམ་གྱི་སྤང་བྱ་ལ། བདག་འཛིན་ཕྲ་རགས་ས་བོན་དང་བཅས་པ་དང་། དེའི་དབང་གིས་བྱུང་བའི་དུག་གསུམ་ས་བོན་དང་བཅས་པ་ཉོན་སྒྲིབ་ཏུ་འདོད་དེ། བདེན་འཛིན་ཉོན་སྒྲིབ་ཏུ་འདོད་པ་ཡིན་ནོ། །བདེན་འཛིན་གྱི་བག་ཆགས་དང་། དེའི་དབང་གིས་བྱུང་བའི་གཉིས་སྣང་འཁྲུལ་བའི་ཆ་དང་། བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་དྲི་མ་རྣམས་ཤེས་སྒྲིབ་ཏུ་འདོད་དོ། །གསུམ་པ་ལམ་གྱི་རང་བཞིན་ནི། ཐེག་པ་གསུམ་པོ་རེ་རེ་ལའང་ལམ་ལྔ་ལྔའི་རྣམ་གཞག་དང་། ཐེག་ཆེན་ལ་ས་བཅུའི་རྣམ་གཞག་ཀྱང་མདོ་སྡེ་ས་བཅུ་བ་ལ་བརྟེན་ནས་བྱེད་དོ། །ཐེག་པ་གསུམ་ལ་ཤེས་རབ་ཀྱི་རྟོགས་རིགས་མི་འདྲ་བ་མེད་དེ། འཕགས་པ་ལ་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པས་ཁྱབ་པར་ཁས་ལེན་པ་ཡིན་ནོ། །

གསུམ་པ་འབྲས་བུ་མངོན་དུ་བྱེད་ཚུལ་ནི། ཐེག་དམན་རིགས་ངེས་རྣམས་ཀྱིས་བདག་མེད་པའི་ལྟ་བ་རིགས་པ་མདོར་བསྡུས་ཙམ་གྱིས་བསྒོམ་པ་ལ་བརྟེན་ནས་མཐར་ཐེག་དམན་གྱི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བདེན་འཛིན་ས་བོན་དང་བཅས་པ་སྤངས་པ་དང་དུས་མཉམ་དུ་རང་གི་བྱང་ཆུབ་མངོན་དུ་བྱེད་དོ། །དེ་ཡང་དབུ་མ་རང་རྒྱུད་པ་མན་ཆད་ཀྱིས་ལྷག་མེད་མྱང་འདས་འཐོབ་པ་ལ་དེའི་སྔོན་དུ་ལྷག་བཅས་མྱང་འདས་འཐོབ་དགོས་པར་འདོད་ཀྱང་། ལུགས་འདི་ལ་ལྷག་བཅས་མྱང་འདས་ཀྱི་སྔོན་དུ་ལྷག་མེད་མྱང་འདས་འཐོབ་དགོས་པར་བཞེད་དོ། །

བྱང་སེམས་རྣམས་ཀྱིས་བདག་མེད་པའི་ལྟ་བ་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་རྒྱས་པར་བསྒོམས་ཏེ་སྒྲིབ་པ་སྤོང་བར་བྱེད་ལ། ཉོན་སྒྲིབ་ཟད་པར་མ་སྤངས་པར་ཤེས་སྒྲིབ་སྤོང་བའི་འགོ་མི་རྩོམ་ཞིང་། ཤེས་སྒྲིབ་སྤོང་བའི་འགོ་ས་བརྒྱད་པ་ནས་རྩོམ་པ་ཡིན་ནོ། །དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་རྣམས་ཀྱིས་ས་བརྒྱད་པ་ཐོབ་པ་ན་ཉོན་སྒྲིབ་ཟད་པར་སྤངས་ཏེ། མཐར་རྒྱུན་མཐའི་བར་ཆད་མེད་ལམ་ལ་བརྟེན་ནས་ཤེས་སྒྲིབ་མ་ལུས་པར་སྤངས་པ་དང་དུས་མཉམ་དུ་སྐུ་བཞིའི་གོ་འཕང་མངོན་དུ་བྱེད་པ་ཡིན་ནོ། །

5 བོད་ཀྱི་ནང་བའི་གྲུབ་མཐའ།

བོད་ཀྱི་ཡུལ་འདིར་ཡང་སྤྲུལ་པའི་ཆོས་རྒྱལ་ལོ་པཎ་དག་གི་སྐུ་དྲིན་ལས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཐོག་མར་དབུ་བརྙེས་ཤིང་། བར་དུ་དམ་པའི་ཆོས་ཀྱི་གཞུང་དར་བར་གྱུར་པ་ནས་བཟུང་། སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རིམ་པར་བྱོན་པ་རྣམས་ཀྱིས་ལུས་སྲོག་ལའང་མི་ལྟ་བའི་དཀའ་བ་ཁྱད་དུ་བསད་དེ། རྒྱ་བལ་ཁ་ཆེ་སོགས་ཀྱི་ཡུལ་གྲུ་དུ་མར་ནང་བའི་རྩོད་མེད་ཀྱི་པཎྜི་ཏ་དང་། གྲུབ་པའི་དབང་ཕྱུག་ཆེན་པོ་དག་མཉེས་པར་བྱས་ཏེ་ཆོས་ཀྱི་གདམས་ངག་མང་དུ་གསན་ཅིང་། མདོ་རྒྱུད་བསྟན་བཅོས་ཇི་སྙེད་ཅིག་གདན་དྲངས་ཤིང་བོད་སྐད་དུ་བསྒྱུར་པ་རྣམས་ལ། མཁས་དང་གྲུབ་པའི་སྐྱེས་བུ་སོ་སོས་རང་རང་གི་རྣམ་དཔྱོད་ཀྱི་རྩལ་ལ་དྲངས་ཏེ་གསུང་རབ་དེ་སྙེད་ཀྱི་དགོངས་དོན་ལེགས་པར་བཀྲལ་པ་དང་། གདམས་ངག་མཐའ་དག་ཚུལ་བཞིན་དུ་བསྒྲུབས་པ་ལས་ཉམས་རྟོགས་སྣ་ཚོགས་འཁྲུངས་པ་ལྟར། ལྟ་བ་འཚོལ་ལུགས་མི་གཅིག་པ་དང་། ཐ་སྙད་སྦྱོར་ཚུལ་མི་མཚུངས་པ་སོགས་ཀྱི་དབང་གིས་གྲུབ་མཐའ་རིགས་མི་འདྲ་བའི་ཆོས་བརྒྱུད་དུ་མ་ཞིག་བྱུང་བ་ཡིན། དེ་ཡང་ཡོངས་སུ་གྲགས་ཆེ་བ་ནི། རྙིང་མ་བ་དང་། བཀའ་གདམས་པ། ས་སྐྱ་བ། ཇོ་ནང་བ། བཀའ་བརྒྱུད་པ། ཞི་བྱེད་པ། དགེ་ལུགས་པ་རྣམས་ཡིན་ནོ། །

དེ་ལྟར་བོད་ཀྱི་ནང་བའི་གྲུབ་མཐའ་སོ་སོའི་ནང་དུ། སྐྱབས་འགྲོ་དང་། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་མི་ལེན་པ་གཅིག་ཀྱང་མེད་པས། ལྟ་སྤྱོད་ཀྱི་བཞེད་ཚུལ་འདྲ་མིན་དེ་དག་ཀྱང་རང་སྡེ་རྩ་བའི་གྲུབ་མཐའ་སྨྲ་བ་བཞི་བོ་གང་རུང་གི་ལུགས་ལས་མི་འདའ་ཞིང་། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་སོགས་རྒྱ་གཞུང་ཅི་རིགས་ལ་བརྟེན་པ་དང་། རང་རང་གི་བླ་མའི་མན་ངག་དང་། ཉམས་མྱོང་། གདུལ་བྱའི་དགོས་དབང་སོགས་ལ་བརྟེན་ནས་འཆད་པ་ཤ་སྟག་ཡིན་པས། མན་ངག་ཟབ་མོའི་གཏེར་དུ་མ་གྱུར་པ་གཅིག་ཀྱང་མེད་ལ། གནས་སྐབས་ཀྱི་ཐབས་ལམ་མི་འདྲ་བ་དང་། མིང་འདོགས་མི་གཅིག་པ་ཙམ་ལས། མཐར་ཐུག་གི་དགོངས་པ་འབབ་ས་གཅིག་གྱུར་ཡིན་ནོ། །

5_1 རྙིང་མ་བ།

རྙིང་མ་བ་ནི། བོད་ཀྱི་ནང་བའི་གྲུབ་མཐའ་ཁག་གི་ཐོག་མར་བྱུང་བ་ཡིན་ཞིང་། གསར་རྙིང་གི་ཐ་སྙད་དེ་ཡང་མདོ་ཕྱོགས་ནས་མིན་པར་སྔགས་ཕྱོགས་ཀྱི་ཆ་ནས་བཏགས་པ་ཡིན་ཏེ། པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟི་བྱོན་པའི་ཡན་ཆད་དུ་བསྒྱུར་པའི་རྒྱུད་རྣམས་ལ་གསང་སྔགས་རྙིང་མ་ཞེས་དང་། ལོ་ཙཱ་བ་རིན་ཆེན་བཟང་བོ་བྱོན་པའི་མན་ཆད་དུ་བསྒྱུར་པའི་རྒྱུད་རྣམས་ལ་གསང་སྔགས་གསར་མ་ཞེས་བརྗོད་པ་ཡིན་ནོ། །

སྔ་འགྱུར་གྱི་ཆོས་ལུགས་འདི་ནི་རྒྱལ་བོ་སྲོང་བཙན་སྒམ་པོའི་དུས་སུ་ཐོར་བུ་ཙམ་བྱུང་མོད། རྒྱ་ཆེ་བ་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ནས་དར་བ་ཡིན་པས་གཙོ་བོར་སློབ་དཔོན་པདྨ་འབྱུང་གནས་ཀྱིས་སྤེལ་བར་མཛད་པ་ཡིན་ལ། རྗེ་འབངས་ཉེར་ལྔ་ལ་སོགས་པའི་བརྒྱུད་འཛིན་གྱི་གྲུབ་ཐོབ་མང་དུ་བྱུང་ཞིང་། བསྟན་པ་ཕྱི་དར་སྐབས་ཟུར་ཆེན་ཟུར་ཆུང་སོགས་ཀྱིས་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པར་མཛད་དོ། །

ཐེག་པ་ལ་རིམ་པ་དགུར་འདོད་དེ། ཐེག་པ་རིམ་དགུ་ནི། ཉན་ཐོས་དང་། རང་རྒྱལ། བྱང་སེམས་ཏེ་སྤྲུལ་སྐུ་ཤཱཀྱ་ཐུབ་པས་གསུངས་པའི་ཐུན་མོང་གི་ཐེག་པ་གསུམ་དང་། ཀྲི་ཡ་དང་། ཨུ་བ། ཡོ་ག་སྟེ་ལོངས་སྐུ་རྡོ་རྗེ་སེམས་དཔས་གསུངས་པའི་གསང་སྔགས་ཀྱི་ཕྱིའི་ཐེག་པ་གསུམ། བསྐྱེད་པ་མ་ཧཱ་ཡོ་ག་དང་། ལུང་ཨ་ནུ་ཡོ་ག རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སྟེ་ཆོས་སྐུ་ཀུན་ཏུ་བཟང་བོས་གསུངས་པའི་ནང་གི་ཐེག་པ་བླ་ན་མེད་པ་གསུམ་བཅས་སོ། །

རྙིང་མ་བའི་ཆོས་ཀྱི་སྙིང་བོར་གྱུར་པ་ནི། རྫོགས་པ་ཆེན་པོ་ཞེས་བྱ་བ་ཡིན་ཞིང་། དེ་ཡང་དྲི་མ་དང་བྲལ་བའི་ད་ལྟའི་རིག་པ་གསལ་སྟོང་རྗེན་པ་འདི་ལ་ཟེར་བ་ཡིན་ནོ། །སྒྲ་བཤད་ཀྱང་། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རིག་པ་སྟོང་བ་འདིའི་ནང་དུ་རྫོགས་པས་ན་རྫོགས་པ་དང་། དེ་ལས་ལྷག་པའི་འཁོར་བ་ལས་གྲོལ་བའི་ཐབས་གཞན་མཆོག་ཏུ་གྱུར་པ་མེད་པས་ན་ཆེན་པོ་ཞེས་བརྗོད་པ་ཡིན་ནོ། །དབྱེ་ན། སེམས་སྡེ་དང་། ཀློང་སྡེ། མན་ངག་གི་སྡེ་སྟེ་གསུམ་ཡོད་དོ། །

གཞི་ལམ་འབྲས་གསུམ་འདོད་ཚུལ་ནི། ཐོག་མའི་གནས་ལུགས་འཁོར་འདས་ཀྱི་བློས་མ་རེག་ཅིང་འཁྲུལ་བའི་གཡའ་ཡིས་མ་གོས་པ། གནས་ལུགས་རྗེན་པ་འཁྲུལ་མ་མྱོང་རྟོགས་མ་མྱོང་ཅིར་ཡང་མ་གྲུབ་ལ་ཅིར་ཡང་བྱུང་དུ་མ་བཏུབ་པ་ལ་གཞི་དང་། ད་ལྟའི་རིག་པ་འདི་ལྷོད་དེ་བཞག་དུས་བཟང་རྟོག་ངན་རྟོག་ལུང་མ་བསྟན་གསུམ་དང་བྲལ་བའི་སྟོང་སངས་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ་ཞིག་འདུག་པ་ལ་ལམ་དང་། ལམ་གྱི་ཡོན་ཏན་ཐམས་ཅད་མངོན་དུ་གྱུར་ཏེ་མ་རིག་པ་དང་འཁྲུལ་བ་རང་སར་དག་ནས་ཆོས་དབྱིངས་མངོན་དུ་གྱུར་པ་ལ་འབྲས་བུར་འདོད་པ་ཡིན་ནོ། །

5_2 བཀའ་གདམས་པ།

བཀའ་གདམས་པ་ནི། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་ཐོག་མར་དབུ་བརྙེས་ཤིང་། འབྲོམ་སྟོན་པ་རིན་པོ་ཆེས་སྲོལ་ཕྱེ། སྐུ་མཆེད་གསུམ་གྱིས་དར་ཞིང་རྒྱས་པར་མཛད། གླང་ཤར་གཉིས་དང་བྱ་ཡུལ་བ་སོགས་ཀྱིས་དེ་ལས་ཀྱང་རྒྱས་པར་མཛད་པ་ཡིན་ནོ། །སྒྲ་བཤད་ཀྱང་། རྒྱལ་བའི་བཀའ་ལས་ཡི་གེ་ན་གཅིག་ཀྱང་བཞག་ཏུ་མེད་པར་གདམས་ངག་ཏུ་གོ་བས་སམ། ཡང་ན་སངས་རྒྱས་ཀྱི་བཀའ་སྡེ་སྣོད་གསུམ་གྱི་དོན་ཐམས་ཅད་མ་ལུས་པ་ཨ་ཏི་ཤའི་གདམས་པ་སྐྱེས་བུ་གསུམ་གྱི་ལམ་རིམ་དུ་བསྡུས་ནས་ཉམས་སུ་ལེན་པས་ན་བཀའ་གདམས་པ་ཞེས་བརྗོད་པ་ཡིན་ནོ། །

དབྱེ་ན། བཀའ་གདམས་གཞུང་བ་དང་། བཀའ་གདམས་མན་ངག་པ། བཀའ་གདམས་ལམ་རིམ་པ་སྟེ་གསུམ་ཡོད། དང་བོ་ནི། ཇོ་བོ་རྗེ་དང་འབྲོམ་སྟོན་པ་རྣམ་གཉིས་ནས་དགེ་བཤེས་པོ་ཏོ་བ་དང་། དེ་ནས་ཤ་ར་བ། དེ་ནས་ལོ་ཙཱ་བ་ཆེན་པོ་སྐྱབས་མཆོག་དཔལ་བཟང་བོའི་བར་དུ་ཟམ་མ་ཆད་པར་བརྒྱུད་པ་རྣམས་ལ་ཟེར་ཞིང་། གཙོ་བོར་བཀའ་གདམས་གཞུང་དྲུག་ལ་བརྟེན་པས་ན་བཀའ་གདམས་གཞུང་བ་ཞེས་བརྗོད་པ་ཡིན་ནོ། །

གཉིས་པ་བཀའ་གདམས་མན་ངག་པ་ནི། ཇོ་བོ་རྗེ་དང་འབྲོམ་སྟོན་པ་རྣམ་གཉིས་ནས་དགེ་བཤེས་སྤྱན་སྔ་བ་དང་། དེ་ནས་བྱ་ཡུལ་བ། དེ་ནས་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་གྱི་བར་དུ་ཟམ་མ་ཆད་པར་བརྒྱུད་པ་རྣམས་ལ་ཟེར་ཞིང་། གཙོ་བོར་བླ་མས་གསུངས་པའི་མན་ངག་ལ་བརྟེན་པས་ན་བཀའ་གདམས་མན་ངག་པ་ཞེས་བརྗོད་པ་ཡིན་ནོ། །

གསུམ་པ་བཀའ་གདམས་ལམ་རིམ་པ་ནི། ཇོ་བོ་རྗེ་དང་འབྲོམ་སྟོན་པ་རྣམ་གཉིས་ནས་དགེ་བཤེས་དགོན་པ་བ་དང་། དེ་ནས་སྣེའུ་ཟུར་བ། དེ་ནས་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་གྱི་བར་དུ་ཟམ་མ་ཆད་པར་བརྒྱུད་པ་རྣམས་ལ་ཟེར་ཞིང་། གཙོ་བོར་ལམ་རིམ་ལ་བརྟེན་པས་ན་བཀའ་གདམས་ལམ་རིམ་པ་ཞེས་བརྗོད་པ་ཡིན་ནོ། །

བཀའ་གདམས་པའི་ཆོས་ཀྱི་སྙིང་བོར་གྱུར་པ་ནི། མདོ་སྔགས་ཟུང་དུ་འབྲེལ་བའི་ཐིག་ལེ་བཅུ་དྲུག་གི་ཉམས་ལེན་ཡིན་ལ། ཉམས་སུ་བླངས་པའི་ཡོན་ཏན་ནི། འདུལ་བ་ནས་རྡོ་རྗེ་ཐེག་པའི་བར་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་པ་ལ་མཁས་པ། ལྟ་བ་མཐོ་ལ་སྤྱོད་པ་ཞིབ་པ་ཞིག་ཡིན་པར་གསུངས་སོ། །ལྷ་ནི་བཞི་སྟེ། ཐུབ་པ་དང་། སྤྱན་རས་གཟིགས། སྒྲོལ་མ། མི་གཡོ་བ་རྣམས་སོ། །ཆོས་ནི་སྡེ་སྣོད་གསུམ་སྟེ། དེ་དག་ལ་ལྷ་ཆོས་བདུན་ལྡན་ཞེས་གྲགས་སོ། །

དེ་ལྟ་བུའི་བཀའ་གདམས་པའི་བརྒྱུད་པ་རྣམས་ཆུ་བོ་གསུམ་འདྲེས་ཀྱི་ཚུལ་དུ་དཔལ་མར་མེ་མཛད་ཀྱི་རྣམ་སྤྲུལ་རྗེ་ཙོང་ཁ་བ་ཆེན་པོས་གསན་བཞེས་མཛད་དེ། བཀའ་གདམས་གསར་མ་བའི་སྲོལ་ལེགས་པར་ཕྱེ་བ་ནས་བཟུང་བཀའ་གདམས་པ་དང་དགེ་ལུགས་པའི་ཆོས་བརྒྱུད་གཅིག་ཏུ་འདྲེས་པར་གྱུར་ཅིང་། བཀའ་གདམས་གསར་མ་བའི་ཟླས་དྲངས་ཏེ་ཇོ་བོ་རྗེ་ནས་རྗེ་ཙོང་ཁ་བའི་བར་གྱི་བཀའ་གདམས་པ་རྣམས་ལ་བཀའ་གདམས་རྙིང་མ་བ་ཞེས་ཀྱང་བརྗོད་པ་ཡིན་ནོ། །

5_3 ས་སྐྱ་བ།

ས་སྐྱ་བ་ནི། འཁོན་དཀོན་མཆོག་རྒྱལ་བོས་དབོན་པོ་རིའི་ས་དཀར་ལོགས་སུ་དགོན་པ་བཏབ་སྟེ་གནས་གཞི་བཟུང་བ་ནས་ཐོག་མར་སྲོལ་བྱུང་བ་ཡིན་ཞིང་། རིགས་གསུམ་རྣམ་སྤྲུལ་གྱི་སྐྱེས་བུ་རིམ་པར་བྱོན་པ་རྣམས་ཀྱིས་ཆེས་ཆེར་དར་རྒྱས་སུ་བཏང་བ་ཡིན་ནོ། །

ས་སྐྱ་བའི་ཆོས་ཀྱི་སྙིང་བོར་གྱུར་པ་ནི། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་སྟེ། དངོས་གཞི་དགྱེས་པ་རྡོ་རྗེའི་རིམ་གཉིས་ཀྱི་ལམ་ཡན་ལག་དང་བཅས་པའི་ཉམས་ལེན་གྱི་རིམ་པ་ལ། སྣང་གསུམ་གྱི་སྐབས་སུ་ཐུན་མོང་བའི་ལམ་གྱི་རིམ་པའང་ཆ་ཚང་བ་འབྱུང་བས་མདོ་སྔགས་ཡོངས་རྫོགས་ཀྱི་ལམ་ཆ་ཚང་ལ་མ་ནོར་བ་ཉིད་ཡིན་ནོ། །

ལྟ་བའི་བཞེད་ཚུལ་ལ་མང་དུ་སྣང་ཡང་། ཐུན་མོང་མ་ཡིན་པའི་ལྟ་བ་ནི། ལམ་འབྲས་ཀྱི་ལྟ་བ་གསལ་སྟོང་འཛིན་མེད་དམ། འཁོར་འདས་དབྱེར་མེད་ཀྱི་ལྟ་བ་ཟེར་བ་དེ་ཉིད་ཡིན་ཞིང་། དབྱེ་ན། མདོ་ལུགས་ཀྱི་ལྟ་བ་དང་། སྔགས་ལུགས་ཀྱི་ལྟ་བ་སྟེ་གཉིས་ཡོད་དོ། །དང་བོ་ལའང་ཀླུ་སྒྲུབ་རྗེས་འབྲང་གི་མན་ངག་དང་། བྱམས་པའི་རྗེས་འབྲང་གི་མན་ངག་སྟེ་གཉིས་ཡོད་ཅིང་། འདིའི་དང་བོ་ལའང་བདེན་འཛིན་གྱི་སྤྲོས་པ་གཅོད་པ་དང་། བདེན་མེད་ཀྱི་སྤྲོས་པ་གཅོད་པ་སྟེ་གཉིས་ཡོད་པ་ལས། དང་བོ་ནི། རང་རྒྱུད་ཀྱི་ཕུང་བོ་ལྔ་བདེན་པར་འཛིན་པའི་བདེན་འཛིན་ངོས་བཟུང་། རང་གི་ཕུང་བོ་བདེན་པར་གྲུབ་ན། རྒྱུ་རྐྱེན་གང་ལའང་ལྟོས་མེད་དུ་ཐོག་མ་ཉིད་དུ་གྲུབ་པ་ཡིན་དགོས་པ་ལ། འདི་དག་རྒྱུ་རྐྱེན་ལས་སྐྱེས་པ་འབའ་ཞིག་ཏུ་འདུག་པས། བདེན་པར་གྲུབ་པ་མི་འདུག་སྙམ་དུ་ཐག་རྦད་ཀྱིས་བཅད་ནས་དེ་ལ་སེམས་གཏད། དང་བོར་བསྒྲིམས་ཏེ་བདེན་འཛིན་གྱི་རྣམ་རྟོག་ཚར་བཅད། བར་དུ་ལྷོད་དེ་ལྟ་ཐོག་ཏུ་སེམས་ལྷོད་ཀྱིས་ཀློད་པས་འཛིན་པ་ཐམས་ཅད་རང་གྲོལ་གྱི་སྒོ་ནས་རྗེས་སུ་བཟུང་། མཐར་རེས་འཇོག་གམ། ཡང་ན་རང་སོ་བཟུང་སྟེ། ལྟ་བའི་དྲན་ཤེས་མ་ཉམས་པའི་ངང་ལ་ཧད་དེ་ཕྱད་དེ་བཞག དེ་ལྟར་ཡིད་ཆེས་རྙེད་པ་ན། ཆོས་ཐམས་ཅད་བདེན་མེད་དུ་ཁྲོལ་གྱིས་འགྲོ། ཆོས་ཀྱི་གནད་ཐམས་ཅད་ཅིག་ཆར་དུ་གོ་བ་ཞིག་འབྱུང་ངོ་། །

གཉིས་པ་བདེན་མེད་ཀྱི་སྤྲོས་པ་གཅོད་པ་ནི། ལས་ཉོན་གཉིས་བདེན་འཛིན་གྱི་རྣམ་རྟོག་ལས་འབྱུང་ལ། བདེན་འཛིན་གྱི་རྣམ་རྟོག་དེ་ཡང་སྤྲོས་པའམ་མཚན་འཛིན་ལས་འབྱུང་བས་ན། ཆོས་ཐམས་ཅད་བདེན་མེད་དུ་གཏན་ལ་ཕབ་རྗེས་སུ། བདེན་མེད་ཡིན་སྙམ་པའི་མཚན་འཛིན་གྱི་ཆ་དེ་ཡང་གཅོད་དགོས་པས། རྟེན་འབྲེལ་གྱི་གནད་ལས་ཆོས་ཐམས་ཅད་བདེན་མེད་དུ་རྟོགས་པའི་ལྟ་བ་ལ་ངེས་པ་དྲངས། ངེས་པ་རྙེད་རྗེས་དེའི་རྒྱུན་མཐུད་པ་མ་ཡིན་པར་བདེན་མེད་ཡིན་སྙམ་པའི་ཞེན་པ་དེ་ཡང་བཏང་། ཡུལ་སྟོང་བ་ཉིད་དེ་ནི་ཡོད་མེད་སོགས་གང་དུའང་གཟུང་དུ་མེད་པར་གཉིས་འཛིན་གྱི་བློ་གང་གི་ཡང་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ་སྙམ་དུ་ཐག་རྦད་ཀྱིས་བཅད་དེ། ཡུལ་སྤྲོས་པས་མ་རེག་པ་ལ་བློའི་ལྷད་ཀྱིས་མ་བསླད་པར་འཛིན་པ་དང་མཚན་མ་དང་སྤྲོས་པ་ཐམས་ཅད་བཏང་ནས་འཛིན་མེད་ཀྱི་ངང་དུ་ཕྱམ་མེ་བཞག འཛིན་པ་ཡང་། ལྟ་རིམ་དང་བོའི་ཚེ་བདེན་འཛིན་དང་། གཉིས་པའི་ཚེ་མཚན་འཛིན་ལ་སྦྱོར་བར་བྱེད་དོ། །

གཉིས་པ་བྱམས་པའི་རྗེས་འབྲང་གི་མན་ངག་ནི། གཞི་དུས་ཀྱི་ཡེ་ཤེས་སེམས་དཔའ་རང་བཞིན་འོད་གསལ་འདི་ཉིད་འཁོར་འདས་གཉིས་ཀྱི་གཞི་ཡིན་ལ། དེ་ངོས་མ་ཟིན་པར་གཟུང་འཛིན་གཉིས་སུ་འཁྲུལ་བའི་གཉིས་སྣང་མངོན་གྱུར་པ་བག་ལ་ཉལ་དང་བཅས་པ་འདི་འཁོར་བའི་རྩ་བ་ལྷན་སྐྱེས་ཀྱི་མ་རིག་པ་ཡིན་པས། འདིའི་རྩ་བ་བཅད་དེ་དབྱིངས་སུ་བསྟིམ་དགོས། དེ་ལ་གཟུང་འཛིན་གྱི་འཁྲུལ་སྣང་གཅོད་པ་གཉིས་ལས། དང་བོ་གཟུང་བའི་འཁྲུལ་བ་གཅོད་པ་ལ་ཡང་། དྲོད་སྣང་བ་ཐོབ་པའི་ཏིང་ངེ་འཛིན་ཚོལ་བ་དང་། རྩེ་མོ་སྣང་བ་མཆེད་པའི་ཏིང་ངེ་འཛིན་ཚོལ་བ། བཟོད་པ་གཟུང་མེད་རྟོག་པའི་ཏིང་ངེ་འཛིན་ཚོལ་བ་སྟེ་གསུམ་ཡོད་དོ། །

གཉིས་པ་འཛིན་པའི་འཁྲུལ་སྣང་གཅོད་པ་ནི། སླར་ཡང་འབད་པས་ནང་འཛིན་བྱེད་སེམས་ཀྱི་འཁྲུལ་སྣང་དེ་ཡང་ནུབ། རང་སེམས་འོད་གསལ་ལ་གསལ་སྣང་ཆེས་ཆེར་དོད་པ་དེ་མངོན་སུམ་དུ་མཐོང་བ་ལྟ་བུའི་ཉམས་འཆར་བ་ནི་ཆོས་མཆོག་བར་ཆད་མེད་པའི་ཏིང་ངེ་འཛིན་ཡིན་ལ། དེའི་ཚེ་ལྷན་སྐྱེས་ཀྱི་མ་རིག་པ་མ་དག་ཀྱང་ལྷན་སྐྱེས་དེ་ལས་མཆེད་པའི་གཟུང་འཛིན་གྱི་འཁྲུལ་སྣང་མངོན་གྱུར་པ་ཕལ་ཆེར་དག་པའི་འོད་གསལ་ཤར་ཏེ། མཐོང་ལམ་ས་དང་བོའི་ཡེ་ཤེས་སྐྱེ་བ་ལ་བར་ཆད་མེད་པར་བདེ་བླག་ཏུ་འགྲུབ་པ་ཡིན་ནོ། །

གཉིས་པ་སྔགས་ལུགས་ཀྱི་ལྟ་བ་ནི། སེམས་ཀྱི་གནས་ལུགས་རྟོགས་པའི་ལྟ་བ་ཡིན་པས། དེ་ལ་མྱོང་བ་འདོན་པ་ལ་ཁྱད་གཞི་སེམས་ངོས་ཟིན་དགོས་པས་ཐོག་མར་སེམས་བཙལ་པ་དང་། དེ་གསལ་སྟོང་ཟུང་འཇུག་ཏུ་ངོ་སྤྲད། དེའི་ནང་ནས་གཉུག་མ་ཡེ་ཤེས་ལྷན་སྐྱེས་ཀྱི་སེམས་མཛུབ་ཚུགས་སུ་ངོས་བཟུང་། དེའི་དོན་སྒོམ་པས་ཉམས་སུ་བླངས་ཏེ། སེམས་འཁྲུལ་འབྱམས་སུ་མི་འཆོར་བར་ཅི་སྣང་ཡེ་ཤེས་ཀྱི་རོལ་པར་འཆར་བ་དང་། འཁྲུལ་སྣང་ཤར་སྲིད་ནའང་ལྟ་བའི་དྲན་འདུན་གྱིས་ཆབ་རོམ་ཆུར་ཞུ་བ་ལྟར། འཁྲུལ་སྣང་ཐམས་ཅད་ཡེ་ཤེས་ཙམ་དུ་འཆར་བར་བྱེད་པ་ནི་གསང་ཆེན་སློབ་བཤད་ལུགས་ཀྱི་ལྟ་བའི་བཞེད་ཚུལ་ཡིན་ནོ། །

5_4 ཇོ་ནང་བ།

ཇོ་ནང་བ་ནི། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས་ཇོ་མོ་ནང་དུ་དགོན་པ་བཏབ་སྟེ་གནས་གཞི་བཟུང་བ་ནས་ལུགས་འདིའི་ཆོས་བརྒྱུད་འཛིན་པ་རྣམས་ལ་ཇོ་ནང་བ་ཞེས་བརྗོད་པ་ཡིན་ནོ། །

ཇོ་ནང་བའི་ཆོས་ཀྱི་སྙིང་བོར་གྱུར་པ་ནི། གཞན་སྟོང་གི་ལྟ་བ་ཞེས་བྱ་བ་ཡིན་ཞིང་། དེ་ནི་ཐོག་མར་ཡུ་མོ་མི་བསྐྱོད་རྡོ་རྗེས་གསར་དུ་སྲོལ་བཏོད་ཅིང་དུས་འཁོར་གྱི་ཁྲིད་དང་བསྲེས་ནས་ལྐོག་ཆོས་སུ་གནང་། དེ་ནས་སློབ་མའི་རིམ་པ་གཅིག་ནས་གཅིག་ཏུ་བརྒྱུད་དེ་ཀུན་མཁྱེན་དོལ་བུ་བ་ཤེས་རབ་རྒྱལ་མཚན་གྱི་བར་དུ་བྱུང་། འོན་ཀྱང་དེའི་ཡན་ཆད་དུ་ངག་སྒྲོས་ཙམ་ལས་ལྟ་བ་དེ་ཉིད་རྩལ་དུ་བཏོན་པའི་ཡིག་ཆ་སོགས་མ་བྱུང་ཞིང་། ཆོས་བརྒྱུད་འཛིན་པ་རྣམས་ཀྱང་ཉམས་མྱོང་བཟང་བ་ཙམ་གྱི་རྣལ་འབྱོར་བ་འབའ་ཞིག་ཏུ་ཟད་པས་ལུང་རིགས་ཀྱི་སྒྲུབ་བྱེད་རྒྱ་ཆེར་སྤྲོས་པའི་བཤད་པ་མ་བྱས་པའི་དབང་གིས་གྲགས་ཀྱང་མི་ཆེའོ། །

གཞན་སྟོང་གི་ལྟ་བའི་འདོད་ཚུལ་ནི།《ངེས་དོན་རྒྱ་མཚོ》ཞེས་བྱ་བའི་བསྟན་བཅོས་སུ་འདི་སྐད་དུ། ཆོས་ཐམས་ཅད་ཡིན་ལུགས་དོན་དམ་པའི་བདེན་པ་དེ་རྟག་པ་བརྟན་པ་ཐེར་ཟུག་པ། དེ་ཉིད་ཀུན་གཞི་ལ་རྣམ་ཤེས་དང་ཡེ་ཤེས་གཉིས་སུ་ཡོད་པའི་ཡེ་ཤེས་ཡིན་ཞིང་། དེ་ཉིད་དོན་དམ་ཆོས་ཉིད་ཀྱི་དཀོན་མཆོག་གསུམ་དང་། དེ་ཉིད་བརྟན་གཡོ་ཀུན་ལ་ཁྱབ་པར་བཞུགས་པའི་དབྱིངས་རིག་དབྱེར་མེད་ཀྱི་ལྷ་ཚོགས་དང་། དེ་ཉིད་བདེ་གཤེགས་སྙིང་བོ་དང་། རང་བཞིན་དུ་གནས་པའི་རིགས་དང་། རྒྱུད་སྡེར་གསུངས་པའི་རིགས་བརྒྱ་སོགས་དང་དོན་གཅིག་ཅིང་། དེ་ཉིད་གཞི་འབྲས་དབྱེར་མེད་ཀྱི་རྒྱུད་དུ་བཞུགས་ཚུལ་དང་། དེ་ཉིད་ཆོས་སྐུའི་གནས་སྐབས་གསུམ་དུ་ཡོད་ཚུལ་དང་། དེ་ཉིད་གཞི་ལ་རྟག་ཏུ་བཞུགས་ཀྱང་རྣམ་ཤེས་ལ་གཏན་མི་སྣང་བར་འདོད་ཅིང་། གཞིའི་གནས་ཚུལ་དེ་ལྟར་ཡིན་པ་དེ་ཉིད་རྣལ་འབྱོར་དྲུག་གི་རིམ་པས་ཉམས་སུ་བླངས་པས་འབྲས་བུ་ཆོས་ཉིད་ཀྱི་སྐུ་མངོན་དུ་འགྱུར་ཚུལ་སོགས་རྒྱས་པར་བསྟན་ཅིང་། དེ་རྣམས་ཀྱང《དེ་བཞིན་གཤེགས་པའི་སྙིང་བོའི་མདོ》དང་།《རྔ་བོ་ཆེའི་མདོ》དང་།《ཡེ་ཤེས་སྣང་བ་རྒྱན་གྱི་མདོ》དང་། 《དཔལ་ཕྲེང་སེངྒེའི་ང་རོའི་མདོ》དང་།《འཕེལ་བ་དང་འགྲིབ་པ་མེད་པར་བསྟན་པའི་མདོ》དང་།《མྱ་ངན་ལས་འདས་པའི་མདོ》དང་།《ཕལ་བོ་ཆེ》དང་།《དཀོན་མཆོག་བརྩེགས་པ》དང་།《གསེར་འོད་དམ་པ》སོགས་ལས་གསལ་བར་གསུངས་ཤིང་། བཀའ་མཐའ་མའི་དགོངས་འགྲེལ་རྒྱུད་པ་ལ་རྩ་འགྲེལ་སོགས་དང་། འཕགས་པ་ཀླུ་སྒྲུབ་ཀྱིས《དབུ་མ་ལ་བསྟོད་པ》སོགས་ཀྱིས་ཀྱང་རྒྱས་པར་གཏན་ལ་ཕབ་པས། འདི་ནི་ཤིང་རྟ་ཆེན་པོ་རྣམས་ཀྱིས་བཀྲལ་པ། གྲུབ་པ་བརྙེས་པའི་རྣལ་འབྱོར་བ་རྣམས་ཀྱིས་བསྒོམས་པ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཞེད་པ་ཕྱིན་ཅི་མ་ལོག་པ་ཡིན་གྱི། ཀུན་རྫོབ་ཀྱི་ཆ་འདི་རྣམས་ནི་རང་སྟོང་དང་། ཆད་སྟོང་། དགག་སྟོང་། ཉི་ཚེ་བའི་སྟོང་བ་ཡེ་ནས་མེད་པ་ཐར་པ་འདོད་པ་རྣམས་ཀྱིས་ཀྱང་རྣམ་པ་ཐམས་ཅད་དུ་འདོར་བར་བྱ་བ་ཡིན་ནོ། །ཞེས་སོགས་གསུངས་སོ། །

5_5 བཀའ་བརྒྱུད་པ།

བཀའ་བརྒྱུད་པ་ནི། མཁས་གྲུབ་ཁྱུང་བོ་དང་ལྷོ་བྲག་མར་བ་ཡབ་སྲས་ལས་ཐོག་མར་བྱུང་བ་ཡིན་ཞིང་། སྒྲ་བཤད་ཀྱང་། བཀའ་བབས་ཀྱི་མན་ངག་གི་བརྒྱུད་པ་ཡིན་པས་ན་བཀའ་བརྒྱུད་པ་ཞེས་བརྗོད་པ་ཡིན་ནོ། །

དབྱེ་ན། ཤངས་པ་བཀའ་བརྒྱུད་དང་། དྭགས་པོ་བཀའ་བརྒྱུད་དེ་གཉིས་ཡོད། དང་བོ་ནི། མཁས་གྲུབ་ཁྱུང་བོ་རྣལ་འབྱོར་གྱིས་གཙང་གི་ཤངས་ཁུལ་དུ(ཞོང་ཞོང་དགོན་པ)གཙོ་བོར་བྱས་པའི་དགོན་པ་བརྒྱ་དང་བརྒྱད་བཏབ་སྟེ་གནས་གཞི་བཟུང་བ་ནས་བྱུང་བ་ཡིན་ནོ། །

གཉིས་པ་དྭགས་པོ་བཀའ་བརྒྱུད་ནི། མར་མི་དྭགས་གསུམ་དུ་གྲགས་པ་ལས་རྩ་བ་ལྷོ་བྲག་མར་བ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ལ་ཐུག་ཅིང་། རྗེ་བཙུན་མི་ལ་རས་པའི་དངོས་སློབ་ཏུ་གྱུར་པ་མཉམ་མེད་དྭགས་པོ་ལྷ་རྗེས(དྭགས་ལྷ་སྒམ་པོ)བཏབ་སྟེ་གནས་གཞི་བཟུང་བ་ནས་བྱུང་བ་ཡིན་ནོ། །

དེ་ཡང་དྭགས་པོ་བཀའ་བརྒྱུད་ལས་གྱེས་པ་ལ་བརྒྱུད་པ་ཆེ་བཞི་དང་ཆུང་བརྒྱད་ཡོད་དེ། ཆེ་བཞི་ནི། 1. ཕག་གྲུ་བཀའ་བརྒྱུད། 2. མཚུར་ཕུ་བཀའ་བརྒྱུད། 3. འབབ་རོམ་བཀའ་བརྒྱུད། 4. ཚལ་བ་བཀའ་བརྒྱུད་བཅས་ནི་མཉམ་མེད་དྭགས་པོ་ལྷ་རྗེ་རང་ནས་ཐད་ཀར་བརྒྱུད་པའི་ཆོས་ལུགས་ཡིན་པར་བརྟེན་ཆེ་བ་བཞི་ཟེར་བ་ཡིན་ནོ། །

ཆུང་བརྒྱད་ནི། 1. འབྲི་གུང་བཀའ་བརྒྱུད། 2. སྟག་ལུང་བཀའ་བརྒྱུད། 3. གཡའ་བཟང་བཀའ་བརྒྱུད། 4. ཁྲོ་ཕུ་བཀའ་བརྒྱུད། 5. འབྲུག་པ་བཀའ་བརྒྱུད། 6. སྨར་བ་བཀའ་བརྒྱུད། 7. ཡེལ་བ་བཀའ་བརྒྱུད། 8. ཤུག་གསེབ་བཀའ་བརྒྱུད་བཅས་ཡིན་ནོ། །

བཀའ་བརྒྱུད་པའི་ཆོས་ཀྱི་སྙིང་བོར་གྱུར་པ་ནི། ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ཡིན་ཞིང་། ལྟ་བ་འདིའི་ཐ་སྙད། རྗེ་བཙུན་མི་ལ་རས་པའི་མགུར་དུའང་། ཕྱག་རྒྱ་ཆེན་པོ་ལྟ་བའི་རྫོང་། །ཞེས་སོགས་ཕྱག་ཆེན་གྱི་སྒྲ་སྒྲོས་ཙམ་འབྱུང་ཡང་། གྲགས་ཆེ་བར་མཛད་པ་བོ་ནི་མཉམ་མེད་དྭགས་པོ་ལྷ་རྗེ་ཡིན་པར་གསུངས་སོ། །སྒྲ་བཤད་ཀྱང་། གནས་ལུགས་སྟོང་བ་ཉིད་དེ་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཡིན་པ་དང་། ཚང་མར་ཁྱབ་པ་ཞིག སུ་གཅིག་གིས་ཀྱང་དེ་དང་མི་མཐུན་པ་བྱེད་མི་ཆོག་པ་ཞིག་ཡིན་པས་ན་ཕྱག་རྒྱ་ཆེན་པོ་ཞེས་བརྗོད་པ་ཡིན་ནོ། །དབྱེ་ན། མདོ་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་དང་། སྔགས་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་སྟེ་གཉིས་ཡོད་དོ། །

ལྟ་བའི་ཐད་དུ། མར་བ་ལོ་ཙཱ་བ་དང་། རྗེ་བཙུན་མི་ལ་རས་པ། མཉམ་མེད་དྭགས་པོ་ལྷ་རྗེ་རྣམས་དང་། དེ་དག་གི་སློབ་མ་ཕག་མོ་གྲུ་བ་དང་། འབྲི་གུང་སྐྱུ་ར། གླིང་རས་པ། དུས་གསུམ་མཁྱེན་པ། སྟག་ལུང་བ་སོགས་བཞེད་པ་མཐུན་ཞིང་། སྣང་ཕྱོགས་རྟེན་འབྲེལ་ལ་གཙིགས་སུ་མཛད་པ་དང་། སོ་སོར་རྟོག་པའི་ཤེས་རབ་ཀྱི་དཔྱད་པ་མི་འདོར་བའི་ལུགས་སུ་སྣང་བ་ཡིན་ནོ། །

5_6 ཞི་བྱེད་པ།

ཞི་བྱེད་པ་ནི། རྒྱ་གར་གྱི་གྲུབ་ཆེན་ཕ་དམ་པ་སངས་རྒྱས་ལས་ཐོག་མར་བྱུང་བ་ཡིན་ཞིང་། སྒྲ་བཤད་ཀྱང་། ཤེར་ཕྱིན་ཉམས་ལེན་གྱིས་སྲིད་ཞིའི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པས་ན་ཞི་བྱེད་པ་ཞེས་བརྗོད་པ་ཡིན་ནོ། །

དེ་ཡང་ཕ་དམ་པ་སངས་རྒྱས་ཀྱིས་གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞི་ལས་མན་ངག་རྫོགས་པར་གསན་ཏེ་སྒྲུབ་པ་མཛད་པས། ཡི་དམ་གྱི་ལྷ་སྐར་ཚོགས་དང་མཉམ་པའི་ཞལ་གཟིགས། བོད་དུ་ལན་ལྔ་བྱོན་ཏེ། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས་ཞེས་པ་ལ་བརྟེན་ནས། དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་གདམས་ངག་ཡང་དང་ཡང་དུ་བསྩལ་པས་སྐལ་ལྡན་དུ་མ་སྨིན་ཅིང་གྲོལ་བར་མཛད། སློབ་མ་མཐའ་ཡས་ཀྱང་གྲགས་ཆེ་བ་ནི་བརྒྱུད་པ་སྔ་ཕྱི་བར་གསུམ་དུ་བྱུང་བ་རྣམས་ཡིན་ནོ། །

ཞི་བྱེད་པའི་ཆོས་ཀྱི་སྙིང་བོར་གྱུར་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་དོན་མ་ལུས་པ་ཉམས་སུ་ལེན་པའི་མན་ངག་ཀུན་ལ་མ་གྲགས་པའི་ཁྱད་ཆོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་རིམ་པ་བྱ་བ་ཉིད་ཡིན་ལ། དེ་ཡང་སྤྱིར་དམ་པ་སངས་རྒྱས་ལ་ཤེར་ཕྱིན་གྱི་བརྒྱུད་པའི་བཀའ་བབས་དྲུག་མངའ་སྟེ། དགའ་ལྡན་ལྷའི་ཡུལ་ནས་བརྒྱུད་པ་དང་། ཀླུའི་ཡུལ་ནས་བརྒྱུད་པ། ཨུ་རྒྱན་ནས་བརྒྱུད་པ། རྒྱ་གར་ཤར་ཕྱོགས་བྷཾ་ག་ལ་ནས་བརྒྱུད་པ། ལྷོ་ཕྱོགས་བྷེ་ཏ་ལ་ནས་བརྒྱུད་པ། ལྷོ་བྷི་ཤོ་ཀོ་ཏ་ཙན་དན་གྱི་གླིང་ནས་བརྒྱུད་པའོ། །

གཞན་ཡང་གཅོད་ཅེས་ཡོངས་སུ་གྲགས་པའི་གདམས་པ་འདི་ཡང་། ཕ་དམ་པ་སངས་རྒྱས་ལས་ཐོག་མར་བྱུང་ཞིང་། སྒྲ་བཤད་ཀྱང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་རང་དོན་ཡིད་བྱེད་གཅོད་པ་དང་། སྟོང་ཉིད་ཀྱི་ལྟ་བས་འཁོར་བའི་རྩ་བ་གཅོད་པ། ཐུན་མོང་གིས་བདུད་བཞི་གཅོད་པས་ན་གཅོད་ཅེས་བརྗོད་པ་ཡིན་ནོ། །ཡང་སྤྱོད་ཅེས་ཀྱང་བྱ་སྟེ། རྒྱལ་བའི་སྲས་ཀྱི་ཉམས་ལེན་ཐབས་ཤེས་ཀྱི་ལམ་ལ་སྤྱོད་པས་ན་དེ་ལྟར་དུ་གྲགས་སོ། །

དབྱེ་ན། ཕོ་གཅོད་དང་། མོ་གཅོད་དེ་གཉིས་ཡོད། དང་བོ་ནི། ཕ་དམ་པ་སངས་རྒྱས་ལས་བརྒྱུད་པ་སྟེ། སྐྱོ་སྟོན་བསོད་ནམས་བླ་མ་དང་། ཡར་ཀླུངས་སྨ་ར་སེར་བོ་ལས་བརྒྱུད་པའོ། །གཉིས་པ་ནི། ཡུམ་ཆེན་མོའི་སྤྲུལ་པ་མ་ཅིག་ལབ་ཀྱི་སྒྲོན་མ་ནས་བརྒྱུད་པ་སྟེ། དེང་སང་ཡང་གདམས་ངག་གི་རྒྱུན་རྒྱས་པར་དར་རོ། །

ཕྱིས་སུ་གཏེར་ནས་བཏོན་པའི་གཅོད་ཀྱི་གདམས་པ་འགའ་ཞིག་ཀྱང་བྱུང་འདུག་ཅིང་། རྒྱལ་ཐང་བ་བསམ་གཏན་འོད་ཟེར་གྱི་དག་སྣང་དུ་མ་ཅིག་དང་མཇལ་ནས་གནང་བ་རྒྱལ་ཐང་ལུགས་དང་། རྟོགས་ལྡན་སྣ་ཚོགས་རང་གྲོལ་ལ་གནང་བ་སྙན་བརྒྱུད་ལམ་ཟབ་སོགས་མང་བོ་ཞིག་དར་རོ། །

རྒྱལ་བ་ཙོང་ཁ་བ་ཆེན་པོ་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བསྩལ་པའི་འཇམ་དབྱངས་ཆོས་སྐོར་དུ་ཁྲོས་ནག་གི་བྱིན་རླབས་དང་གཅོད་ཀྱི་མན་ངག་བཞུགས་པ། རྒྱལ་བ་དབེན་ས་བ་ནས་རིམ་པར་བརྒྱུད་དེ་དེང་སང་དགེ་ལུགས་པའི་ཕྱོགས་སུ་དར་རྒྱས་ཆེ་བ་འདི་ཉིད་ཡིན་ནོ། །

གདམས་པའི་ངོ་བོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྔགས་དང་རྗེས་སུ་མཐུན་པར་སྤྱོད་པ་སྟེ། གདམས་པའི་ཁུངས་ཀྱང་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་ལྷག་པར་དུ་མདོ་སྡུད་པ་ཡིན་པར་མཁས་གྲུབ་ཐམས་ཅད་དགོངས་པ་མཐུན་ནོ། །

5_7 དགེ་ལུགས་པ།

དགེ་ལུགས་པ་ནི། རྗེ་ཙོང་ཁ་བ་ཆེན་པོས་སྔོན་གྱི་བཀའ་གདམས་པའི་བརྒྱུད་པ་རྣམས་ཆ་ཚང་བར་བླ་མ་དམ་པ་དག་ལས་གསན་བཞེས་མཛད་ཅིང་། དུས་ཀྱི་རིམ་པས་ཇོ་བོ་རྗེའི་གདམས་པ་ལ་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དྲི་མ་ཞུགས་པ་རྣམས་བསལ་ཏེ་དབུ་སྔགས་ཟུང་དུ་འབྲེལ་བའི་རིང་སྲོལ་ཟབ་མོ་ལེགས་པར་ཕྱེ་བ་ནས་བྱུང་ངོ་། །སྒྲ་བཤད་ཀྱང་། རྗེ་བདག་ཉིད་ཆེན་པོས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ་སྟེ་སྐུ་ཚེ་སྨད་ལ་དེར་བརྟན་ཆགས་སུ་བཞུགས་པས་ན། རྗེའི་རིང་ལུགས་པར་དགའ་ལུགས་པ་ཞེས་བྱ་བར་བརྗོད་མ་བདེ་ནས་དགེ་ལུགས་པ་ཞེས་བརྗོད་པ་ཡིན་ནོ། །

གཞན་ཡང་ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་ཀྱང་ཟེར་ཏེ། སྔོན་བསྟན་པ་ཕྱི་དར་གྱི་སྐབས་བླ་ཆེན་དགོངས་པ་རབ་གསལ་གྱིས་ཀླུ་མེས་དབུས་གཙང་དུ་འབྱོན་ཁར་ཞྭ་སེར་བོ་བཞེས་འཕྲོ་ཞིག་གནང་ནས་ང་རྗེས་སུ་དྲན་པར་གྱིས་ཤིག་གསུངས་པས་ཀླུ་མེས་དབུ་ཞྭ་སེར་བོ་བཞེས། རྗེ་བདག་ཉིད་ཆེན་པོས་ཀྱང་སྔོན་གྱི་འདུལ་འཛིན་ཆེན་པོ་རྣམས་ཀྱི་རྗེས་སུ་འབྲངས་ནས་དབུ་ཞྭ་སེར་བོ་བཞེས་པས་ན་ཞྭ་སེར་བ་ཞེས་ཐོགས་སོ། །

གྲུབ་མཐའི་འདོད་ཚུལ་ནི། སྤྱིར་སངས་རྒྱས་ཀྱི་བསྟན་པ་ཡིན་མིན་དེ། ལུང་གི་ཆོས་སྡེ་སྣོད་གསུམ་དང་མི་འགལ་བའི་ལྟ་སྒོམ་སྤྱོད་གསུམ་དང་། རྟོགས་པའི་ཆོས་བསླབ་པ་གསུམ་རང་རྒྱུད་ལ་སྒྲུབ་པ་དང་རྗེས་སུ་མཐུན་མི་མཐུན་གྱི་སྒོ་ནས་འཇོག་ལ། ཐེག་ཆེན་གྱི་བསྟན་པ་ནི་དེའི་སྟེང་དུ་ཐབས་ཤེས་ཡ་མ་བྲལ་ཟུང་འབྲེལ་གྱི་ལམ་དང་སྟོང་ཉིད་སྙིང་རྗེའི་སྙིང་བོ་ཅན་དང་ལྡན་མི་ལྡན་གྱི་ཆ་ནས་འཇོག་པ་ཡིན་ནོ། །

དེ་ལྟ་ན་དགེ་ལྡན་རིང་ལུགས་འདི་ལ་ཆོས་དེ་རྣམས་ཇི་ལྟར་ཚང་ཞེ་ན། སྡེ་སྣོད་བསླབ་གསུམ་དང་ལྡན་པའི་ཚུལ་ནི། མདོ་སྡེའི་སྡེ་སྣོད་ལ་ཐོས་བསམ་བགྱིས་ཏེ་ཐེག་པ་གོང་འོག་གི་བསླབ་པ་གསུམ་ག་གཏན་ལ་ཕབ། འདུལ་བའི་སྡེ་སྣོད་ལ་ཐོས་བསམ་བགྱིས་ཏེ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་གཉིས་སྒྲུབ་པར་བྱེད། མངོན་པའི་སྡེ་སྣོད་ལ་ཐོས་བསམ་བགྱིས་ཏེ་ཆོས་རྣམས་ཀྱི་མཚན་ཉིད་མ་ནོར་བར་རིག་པའི་ཤེས་རབ་བསྐྱེད་ནས་ཤེས་རབ་ཀྱི་བསླབ་པ་སྒྲུབ་པར་བྱེད་ཅིང་མངོན་སུམ་དུ་ཐོབ་པར་བྱེད། ཁྱད་པར་དུ་ཐེག་ཆེན་གྱི་སྡེ་སྣོད་ལས་བྱང་ཆུབ་ཀྱི་སེམས་དང་། ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་རྒྱ་ཆེན་པོ་དང་། བདག་མེད་ཕྲ་མོ་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་བསྟན་པ་རྣམས་ཐོས་བསམ་སྒོམ་པའི་གཙོ་བོར་བྱེད་པ་ཡིན་ནོ། །

ཡང་འཇོག་བྱེད་ཀྱི་ཆོས་དེ་ལ་གསང་སྔགས་མ་ཚང་ངོ་སྙམ་ན། གསང་སྔགས་སྤྱི་ནི་མདོ་སྡེའི་སྡེ་སྣོད་དུ་འདུ་བ་དཔུང་བཟང་གི་རྒྱུད་དང་རྒྱ་གར་པཎ་ཆེན་གྱིས་གསུངས་ལ། ནང་གསེས་ཀྱིས་དཔེར་ན་དམ་པ་རིགས་བརྒྱའི་སྐབས་སུ་གཟུགས་ལྟ་བུ་ལ་ཁ་དོག་གི་གཟུགས་དང་། དབྱིབས་ཀྱི་གཟུགས། སྣང་བའི་གཟུགས་སོགས་དང་། འདུ་ཤེས་ལ་རྐང་མེད་རྐང་མང་རྐང་བཞིའི་འདུ་ཤེས་སོགས་བཤད་པ་ལྟ་བུ་དང་། ཐུན་མོང་མ་ཡིན་པའི་བདེ་སྟོང་གི་ཡེ་ཤེས་ཀྱི་སྟོང་བའི་ཆ་གཙོ་བོར་སྟོན་པ་རྣམས་མངོན་པ་དང་། བསྐྱེད་རྫོགས་ཀྱི་སྐབས་སུ་ང་རྒྱལ་དང་གསལ་སྣང་གི་སྒོ་ནས་ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན་སྒྲུབ་ཚུལ་སྟོན་པ་རྣམས་མདོ་སྡེ་དང་། སྔགས་ཀྱི་སྡོམ་པ་དང་དམ་ཚིག་གི་སྤྱི་བྱེ་བྲག་སྟོན་པ་རྣམས་འདུལ་བའི་སྡེ་སྣོད་དུ་འདུ་བས་ལོགས་སུ་དབྱེ་མི་དགོས་པར་གསུངས་སོ། །

6 བོན་གྱི་གྲུབ་མཐའ།

བོན་གྱི་ཆོས་ནི། སངས་རྒྱས་ཀྱི་བསྟན་པ་བོད་ལ་མ་དར་གོང་ནས་ཡོད་པའི་གནའ་བོའི་ཆོས་ལུགས་ཤིག་ཡིན་ཞིང་། བོན་གཞུང་ལས་བསྐལ་པ་འདི་ལ་ཚེ་ལོ་དཔག་མེད་ནས་བཅུ་བའི་བར་དུ། སྟོན་པ་གཙོ་མཆོག་ཀུན་བཟང་ནས་ཐང་མ་མེ་སྒྲོན་གྱི་བར་བཅོ་བརྒྱད་འབྱུང་བའི་ནང་ནས་ཚེ་ལོ་བརྒྱ་བའི་དུས་སུ་བྱུང་བའི་སྟོན་པ་ནི་གཤེན་རབ་མི་བོ་ཆེ་ཡིན་པར་བཤད་དོ། །སྟོན་པ་འདིས་འོན་མདའ་གསེར་ཁང་རྩེ་ཞེས་ད་ལྟ(མངའ་རིས་གྲྭ་ཚང)ཆགས་པའི་གནས་འདི་དང་། རི་བོ་རིན་ཆེན་སྤུངས་པ། ཀོང་ཡུལ་བུ་ཆུ་ལྷ་ཁང་གི་ཤར་ཕྱོགས་བོན་རི་སོགས་གནས་དུ་མར་འོངས་ནས་སྲིད་པའི་ལྷ་གཉན་མང་བོ་དམ་ལ་བཏགས་ཤིང་བཏུལ་བར་གྲགས། དེས་གཡུང་དྲུང་གི་ཆོས་ཕུང་སྒོ་བཞི་མཛོད་ལྔ་སོགས་བཤད། རྗེས་འཇུག་གི་སློབ་མ་མང་དུ་བྱུང་བས་བོན་ཆོས་ཕྱོགས་ཐམས་ཅད་དུ་སྤེལ་ཏེ་དར་བར་བྱས་སོ། །བོན་ཆོས་དེ་ཡང་ཐོག་མར་ཡར་ལྷ་གསོལ་བ། མར་འདྲེ་དང་སྲི་གནོན་པ། ཚུར་གཡང་འགུགས་པ། ཕར་གླུད་གཏོང་བ། རྩིས་འདེབས་པས་སྔ་ཕྱིའི་ལམ་སྟོན་པ། མོ་འདེབས་པས་ལེགས་ཉེས་བླང་དོར་བྱེད་པ། ནད་གསོ་བས་ཚེའི་བར་ཆད་མེད་པ། འདས་མཆོད་བྱེད་པ་སོགས་གདོད་མའི་ཆོས་ལུགས་ནས་རིམ་བཞིན་གཞུང་ལུགས་དང་ལྟ་སྤྱོད། ཆོ་ག་ཉམས་ལེན། གཏོ་ཐབས་སོགས་ཆ་ཚང་བའི་བོན་གྱི་གྲུབ་མཐའ་ཞིག་ཏུ་གྱུར། ཕྱིས་ཀྱི་ལོ་རྒྱུས་འཕོ་འགྱུར་གྱི་དུས་རིམ་ནང་བན་བོན་གྱི་ལྟ་སྒོམ་སྤྱོད་གསུམ་གྱི་གཞུང་ལུགས་མང་བོ་ཕན་ཚུན་མཉམ་བསྲེས་ཀྱིས་ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་པའི་སྣང་ཚུལ་ཞིག་ཏུ་གྱུར་ཏེ། གཡུང་དྲུང་བོན་གྱི་བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་བ་ཞིག་ཆགས་པར་མངོན། སྤྱིར་བོན་ལ་བོན་སྔ་དར་དང་བོན་ཕྱི་དར་གཉིས་སུ་འབྱེད་ཅིང་། དེ་ཡང་བརྡོལ་བོན་དང་། འཁྱར་བོན། བསྒྱུར་བོན་གསུམ་དུ་འདུས་པར་བཤད་དོ། །

མདོར་ན་བོན་པོའི་ལྟ་བ་དང་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བ་གཉིས་ཀྱི་ནང་དུ་དོན་འདྲ་བོ་ཡོད་པའི་ཕྱོགས་མང་བོ་ཡོད་ལ་མི་འདྲ་བ་ཡང་མང་བོ་ཡོད་མོད། འོན་ཀྱང་བོན་པོའི་ཆོས་ལུགས་ནི་བོད་དུ་སངས་རྒྱས་ཆོས་ལུགས་མ་དར་གོང་དུ་བྱུང་བ་ཡིན་པས། བོན་པོའི་ཆོས་ལ་ཞིབ་འཇུག་བྱེད་རྒྱུ་དེ་ང་ཚོའི་བོད་སྔ་རབས་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་པའི་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པར་གསུངས་སོ། །

6_1 བརྡོལ་བོན།

གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་དྲུག་པ་ཁྲི་ལྡེ་བཙན་པོའི(གདགས་ཁྲི་བཙན་པོ) དུས་སུ་དབུས་འམ་ཤོད་ལོན་བྱ་བར་རུས་གཤེན་ཡིན་པའི་བྱིས་པ་ལོ་བཅུ་གསུམ་ལོན་པ་ཞིག་འདྲེས་ལོ་བཅུ་གསུམ་གྱི་བར་དུ་བོད་ཁམས་ཐམས་ཅད་དུ་ཁྲིད་ནས་ལོ་ཉི་ཤུ་རྩ་དྲུག་ལ་མིའི་ནང་དུ་ཆུད་པ་ལ། མི་མ་ཡིན་གྱི་ནུས་པས་ཡུལ་འདི་དང་འདི་ལྟ་བུ་ན་ལྷ་འདྲེ་འདི་དང་འདི་ལྟ་བུ་ཡོད་པས་ཕན་གནོད་འདི་དང་འདི་ལྟ་བུ་བྱེད། དེ་ལ་གསོལ་མཆོད་དང་། ཡས་སྟག་གཏོང་ལུགས་འདི་འདྲ་བྱས་པས་ཕན་ཟེར་བ་སྣ་ཚོགས་ཤེས་པ་བྱུང་། རྒྱལ་རབས་རྣམས་སུ་གཉའ་ཁྲི་བཙན་པོ་ནས་ཁྲི་ཐོག་རྗེ་བཙུན་བར་གྱི་རྒྱལ་རབས་ཉི་ཤུ་རྩ་དྲུག་ལ་ཆབ་སྲིད་བོན་གྱིས་བསྐྱངས་ཟེར་བ་ཙམ་ལས་མ་བཤད་ཀྱང་། བོད་ཡུལ་དུ་བོན་དར་བའི་ཐོག་མ་འདི་ནས་བྱུང་བར་མངོན། འོན་ཀྱང་དེ་དུས་ཀྱི་བོན་རྣམས་ལ་མར་འདྲེ་སྲི་གནོན་པ་དང་། ཡར་རྒན་གྱི་ལྷ་མཆོད་པ་དང་། བར་ཁྱིམ་གྱི་ཐབ་འདོན་པ་གསུམ་ཙམ་ལས། བོན་ལུགས་ཀྱི་ལྟ་བ་སོགས་ཀྱི་ཐ་སྙད་མ་བྱུང་བས་ཆོས་འབྱུང་དང་རྒྱལ་རབས་འགའ་ཞིག་ཏུ་གྲི་གུམ་བཙན་པོའི་རིང་ནས་བོན་དར་བར་ཡང་བཤད་དོ། །དེ་ལ་རྒྱུའི་བོན་ཆབ་ནག་ཅེས་མིང་བཏགས་སོ། །

6_2 འཁྱར་བོན།

འཁྱར་བོན་ནི། རྒྱལ་བོ་གྲི་གུམ་བཙན་པོའི་གྲི་བཤིད་བོད་ཀྱི་བོན་པོ་རྣམས་ཀྱིས་བྱེད་མ་ཤེས་ནས། ཁ་ཆེ་དང་། བྲུ་ཤ ཞང་ཞུང་གསུམ་ནས་བོན་པོ་གསུམ་གྲི་བཤིད་ལ་བོས་པ་ལ། གཅིག་གིས་གེ་གོང་ཁྱུད་དང་། མེ་ལྷ་བསྒྲུབས་པ་ལ་བརྟེན་ནས། རྔ་ཞོན་ནས་ནམ་མཁའ་ལ་འགྲོ་བ་དང་། གཏར་བ་ལེན་པ། བྱ་སྒྲོས་ལྕགས་གཅོད་པ་སོགས་ཀྱི་ནུས་པ་སྟོན། གཅིག་གིས་ཇུ་ཏིག་དང་། ལྷ་བཀའ། སོག་དམར་ལ་སོགས་པ་མོ་བཏབ་ནས་ལེགས་ཉེས་གཏན་ལ་འབེབས། གཅིག་གིས་གཤིན་པོ་འདུར་བ་དང་། གྲི་འདུལ་བ་ལ་སོགས་པ་བཤིད་ཀྱི་བྱེ་བྲག་རྣམས་ཤེས། དེ་གསུམ་མ་བྱུང་ཕན་ཆད་དུ་བོན་ལ་ལྟ་བ་འདི་ཡིན་བྱ་བ་མེད། དེ་ཕྱིན་ཆད་ནས་བོན་གྱི་ལྟ་བ་ཞིག་ཀྱང་བཟུང་སྟེ། མུ་སྟེགས་དབང་ཕྱུག་པའི་གྲུབ་མཐའ་འཁྱར་བ་བོན་དང་འདྲེས་པ་ཡིན་པར་གསུངས་སོ།།

6_3 བསྒྱུར་བོན།

བསྒྱུར་བོན་ལ་གསུམ་ལས། དང་བོ་བསྒྱུར་པ་ནི། པཎྜི་ཏ་ཤམ་ཐབས་སྔོན་པོ་ཅན་གྱིས་ཆོས་ལོག་གཏེར་དུ་བཅུག་ནས་ཁོ་རང་གིས་བཏོན་པ་བོན་དང་འདྲེས་པ་ལ་ཟེར། གཉིས་པ་བར་དུ་བསྒྱུར་པ་ནི། ཁྲི་སྲོང་ལྡེ་བཙན་གྱི་དུས་བོན་རྣམས་ཆོས་ལ་འཇུག་དགོས་པའི་བཀའ་ཁྲིམས་བྱས་ཏེ་རྒྱལ་བའི་བྱང་ཆུབ་ཟེར་བ་ལ། རིན་ཆེན་མཆོག་ལ་ཆོས་ཉོན་བྱས་པས་ཁོས་མ་འདོད་པ་ལ།  རྒྱལ་བོའི་ཁྲིམས་བཅད་པས་ཁོ་ཁྲོས་ཏེ་བོན་དང་བསྡེབས་ནས་སངས་རྒྱས་ཀྱི་གསུང་རབ་འགའ་ཞིག་བོན་དུ་བསྒྱུར། དེ་རྒྱལ་བོས་གསན་ནས། དེ་བཞིན་གཤེགས་པའི་གསུང་རབ་བོན་དུ་བསྒྱུར་བ་རྣམས་ཀྱི་སྐེ་ཆོད་གསུངས་ནས་མང་རབས་ཀྱི་སྐེ་བཅད་པས། བོན་རྣམས་སྐྲག་ནས་བསྒྱུར་འཕྲོ་དང་བཅས་པ་གཏེར་དུ་སྦས་པ་རྣམས་ཕྱིས་སུ་བཏོན་པ་ལ་བོན་གཏེར་མ་ཡིན་ཟེར།

གསུམ་པ་མཐའ་མར་བསྒྱུར་པ་ནི། གླང་དར་གྱིས་བསྟན་པ་བསྣུབས་རྗེས་གཙང་ཉང་སྟོད་ན་གཤེན་རྒུར་ཀླུ་དགའ་བྱ་བས། དར་ཡུལ་སྒྲོ་ལག་བྱ་བ་དབུས་ཀྱི་བོན་གནས་ཤིག་ཏུ་སངས་རྒྱས་ཀྱི་བཀའ་མང་བོ་བོན་དུ་བསྒྱུར་ཏེ། ཡུམ་རྒྱས་པ་ལ་ཁམ་ཆེན། ཉི་ཤུ་རྩ་ལྔ་བ་ལ་ཁམ་ཆུང་། གཏན་ལ་དབབ་པ་ལ་བོན་མདོ། གཟུངས་སྡེ་ལྔ་ལ་ཀླུ་འབུམ་དཀར་ནག་ཅེས་བཏགས། བརྡ་ཆད་དང་བརྗོད་བྱ་ཆོས་དང་མི་འདྲ་བ་སྣ་ཚོགས་བྱས་ཏེ། མཚོ་ལྔ་འདྲེའུ་ཆུང་གི་བྲག་ལ་གཏེར་དུ་སྦས། ཕྱིས་སུ་ཁོ་རང་གིས་ཐོན་པ་ལྟར་བྱས་ནས་བཏོན། དེ་རྗེས་ཁྱུང་བོ་བོན་ཞིག་ལ་སོགས་པས་ཀྱང་དེ་འདྲ་མང་དུ་བསྒྱུར། བསྒྱུར་བོན་སྔ་ཕྱི་བར་གསུམ་པོ་དེ་ལ་འབྲས་བུའི་བོན་ཆབ་དཀར་ཞེས་མིང་བཏགས་སོ། །

7 གྲུབ་མཐའ་ཉི་ཚེ་བ་འགའ་ཞིག

དེ་ཡང་བོད་དུ་གྲུབ་མཐའ་ཉི་ཚེ་བ་འགའ་ཞིག་བྱུང་ཚུལ་ནི། ཀོར་ནི་རཱུ་པ་ལས་བརྒྱུད་པ་སོགས་ཕྱག་ཆེན་བརྒྱུད་པ་མི་འདྲ་བ་སྣ་ཚོགས་བྱུང་བ་དང་། གཞན་ཡང་ཁ་རག་སྐོར་གསུམ་སོགས་སྣ་ཚོགས་ཤིག་བྱུང་འདུག་ཀྱང་། བླ་མ་ཀོ་བྲག་པ་བསོད་ནམས་རྒྱལ་མཚན་བྱ་བ་ཆོས་ལ་འདི་མི་མཁྱེན་བྱ་བ་མེད་ཅིང་། ལྷག་པར་གེགས་སེལ་ལ་མཁས་པ་ཞིག་བྱུང་སྟེ། ཁོང་གིས་ལྟ་གྲུབ་ཇི་ལྟ་བུ་འཛིན་བཤད་པ་མ་མཐོང་བས་མ་ཤེས་ལ། འོན་ཀྱང་དེ་དུས་བོད་ཀྱི་མཁས་གྲུབ་ཅིག་ལ་ཁོང་གི་ཞབས་སུ་མ་གཏུགས་པ་ཕལ་ཆེར་མེད་པས་འཕྲིན་ལས་ཤིན་ཏུ་ཆེ། སློབ་མ་དང་ཡང་སློབ་བཟང་བོ་མང་དུ་ཐོན་འདུག་ཀྱང་། དེའི་གྲུབ་མཐའ་འདི་ཡིན་བྱ་བ་དང་ཆོས་རྒྱུན་འདི་ཡིན་བྱ་བ་ཞིག་རིང་དུ་མ་བྱུང་བ་འདྲའོ། །

བོ་དོང་ཨེར་བཤད་གྲྭ་ཆེན་པོ་བྱུང་བས་མཁས་གྲུབ་མང་དུ་ཐོན། ཁྱད་པར་དུ་བོ་དོང་ཕྱོགས་ལས་རྣམ་རྒྱལ་ལམ་འཇིགས་མེད་གྲགས་པ་སོགས་མཚན་གྱི་རྣམ་གྲངས་གཞན་ཡང་ཡོད་པ་མདོ་སྔགས་རིག་གནས་ཐམས་ཅད་ཐུགས་སུ་ཆུད་པ་དེ་ཉིད་བྱུང་། དེས་གཡག་སྡེ་པཎ་ཆེན་དང་རོང་ཊཱིཀ་པ་གཉིས་ཀ་རྩོད་པས་ཕམ་པར་མཛད་མོད། ངམ་རིང་དུ་རིག་གཏེར་བཀག་པ་མཁས་གྲུབ་རྗེས་སྐུ་ན་ཕྲ་དུས་ཁོ་རང་ཡང་རྩོད་པས་ཕམ་པར་བཅུག  སྐབས་ཤིག་རང་རྐང་གི་གྲུབ་མཐའ་འཛུགས་པར་བཞེད་ནས། དཔལ་མོ་ཆོས་སྡིངས་སོགས་དགོན་སྡེ་ཁ་ཤས་བཏབ། དེར་འཆད་ཉན་མཛད་པས་བོ་དོང་བའི་གྲུབ་མཐའ་བྱུང་ནའང་ཧ་ཅང་འཕེལ་རྒྱས་ཡུན་རིང་བ་མ་བྱུང་བ་འདྲའོ། །

བུ་སྟོན་རིན་ཆེན་གྲུབ་ཞ་ལུ་ཆོས་སྡེར་གདན་དྲངས། ཞ་ལུ་སྐུ་ཞང་སོགས་ཀྱིས་མཐུན་རྐྱེན་སྦྱར་ཏེ་རྒྱུད་སྡེ་བཞིའི་དབང་དང་རྒྱུད་ཀྱི་བཤད་པ་མན་ངག་དང་བཅས་པའི་འཆད་ཉན་ཡུན་རིང་མཛད། དུས་འཁོར་དང་རྡོར་དབྱིངས་གཙོས་པའི་རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་བདུན་ཅུ་ལྷག་ཙམ་བཙུགས། སློབ་མ་ཀོང་གསུམ་པ་ཆོས་ཀྱི་དཔལ་བ་དང་། ཁྱུང་ལྷས་པ། སྒྲ་ཚད་པ་རྣམས་ལས་དུས་འཁོར། བདེ་མཆོག རྣལ་འབྱོར་རྒྱུད་ཀྱི་སྐོར་རྣམས་རྒྱལ་བ་ཙོང་ཁ་བ་ཆེན་པོས་གསན། བུ་སྟོན་གྱི་རྗེས་སུ་སྒྲ་ཚད་པ་ཁྲིར་བཞུགས། ཤར་ཆེན་དང་ཙནྡྲ་བ་སོགས་བརྒྱུད་འཛིན་རིམ་པར་བྱོན། དེ་ལ་ཞ་ལུ་བའི་གྲུབ་མཐའ་ཞེས་པའམ་བུ་ལུགས་པ་ཞེས་གྲགས་སོ། །

ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ནི། ཡབ་མེས་རྣམས་ཤུད་བུའི་བརྒྱུད་པ་རྙིང་མ་བ་ཡིན་ཡང་། འདི་ཉིད་ཀྱིས་བཀའ་གདམས་གསན་པ་དང་ཕྱག་ན་རྡོ་རྗེ་དངོས་ལས་ཐུན་མོང་མ་ཡིན་པའི་ཟབ་གནད་ཀྱི་ཆོས་བསྩལ་པ་རྣམས་གཅིག་ཏུ་དྲིལ་ནས་འཆད་སྤེལ་མཛད། ལྷོ་བྲག་གྲུབ་མཐའ་ཞེས་པའི་ཐ་སྙད་མི་བྱེད་ཀྱང་འབུར་དུ་དོད་པའི་ཆོས་ལུགས་ཤིག་ཡིན་པར་སྣང་ངོ་ཞེས་ཐུའུ་བཀྭན་གྲུབ་མཐར་གསུངས་སོ། །


དཔྱད་གཞིའི་ཡིག་ཆ།