བག་མ།སྔ་མའི་པར་གཞི་དེ བྱ་མདོ་ཀླུ་མོ་མཚོ།  ནས 2017-02-22 17:50ལ་འགྲུབ།

བག་མ།

བག་མ་ནི་གཉེན་སྒྲིག་བྱེད་པར་ཐག་བཅད་པའམ་གསར་དུ་གཉེན་སྒྲིག་བྱས་པའི་བུད་མེད་ཀྱི་མིང་ལ་བྱ་བ་ཡིན། བག་མ་སྐྱེལ་བ་ནི་ཨ་ཞང་ཆ་གྲངས་ལོན་པ་ཞིག་གིས་བསྐྱལ་ནས་འགྲོ་བ་ཡིན་ལ་འགྲོ་དུས་སུ་གཉེན་གྱི་གོ་རིམ་ཚང་བའི་སྒོ་ནས་སྐྱེལ་བ་ཡིན།
1 སློང་ཚུལ།

བར་བ་ཉིན་བཟང་སྐར་བཟང་ཞིག་ལ་མནའ་མ་སློང་དུ་འགྲོ་བ་ཡིན། ཐོག་དང་པོ་མནའ་མ་སློང་དུ་སོང་ཡང་ཚིག་སྟེར་བའི་དཔེ་མེད། ཐེངས་གཉིས་པ་སོང་ན་ཚིག་འགོ་ཙམ་སྟེར་བ་ལས་དངོས་སུ་མི་སྟེར། ཐེངས་གསུམ་པ་སོང་ན་ད་གཟོད་ཚིག་སྟེར་ངེས་ཡིན། བུ་མོ་སྟེར་རྒྱུ་འཐད་ནའང་ཐེངས་མང་ཙམ་སོང་ན་བུ་མོའི་རིན་ཐང་དེ་ཙམ་ཆེ་བར་བརྩི་བཞིན་ཡོད།

2 བག་ལྭ།

གཏན་འཁེལ་བའི་ཉིན་དེར་ཐོན་པ་ན། བར་བ་དང་མག་པ་གཉིས་ཀྱིས་བག་རྟ་དཀར་པོ་སྒོ་ང་འདྲ་ཞིག་ལ་སྒ་ཆས་དང་བཅས་འཁྲིད་དེ། གྱོན་ཆས་ཆ་ཚང་ཁྱེར་ཡོང་ནས་ཨ་ཕ་དང་ཨ་ཁུ་འདུས་པའི་མདུན་དུ་གདན་དཀར་ཞིག་བཏིངས་ཏེ་བར་བས་ཡར་མགོ་ལ་ཝ་མོ་འཇོག་ལ། རིམ་བཞིན་ཚར་ལྭ། ཕྲུག་ལྭ། ཐོག་ལྭ། སྐ་རགས། སྟོད་ཐུང་། དོར་མ། སྐྲ་ལོང་། སྐེ་རྒྱན་སོགས་གཅིག་ཐོག་གཅིག་བརྩེགས་ཏེ་རྐང་འབོལ་དང་ཀོ་ལྷམ་མཇུག་ལ་བཞག་སྟེ། རེ་རེ་སྔར་གྲོས་ཤ་གྲོས་ཆང་ཐོག་གཏན་ལ་ཕབ་པ་རྣམས་རྩིས་སྤྲོད་དང་ཞིབ་བཤེར་བྱས་རྗེས།  དགུང་མོ་ཉི་མ་ནུབ་ལ་ཁད་ལ་ལྷས་རའི་རྡང་ཐོག་ལ་འཕངས་ཏེ་སྡེ་བའི་སྐྱེ་དམན་ཚང་མ་འདུ་ལོང་ཆེན་པོའི་ངང་ནས་མ་བོས་མགྲོན་དུ་བཀུག་པ་བཞིན་ཐོན་གྱིན་ཡོད། དེ་གའི་གྱོན་ཆས་བཟང་ངན་དང་མང་ཉུང་སོགས་ལབ་གླེང་སྣ་ཚོགས་བྱེད་པ་ནི། སྡེ་བ་དེར་གསར་འགྱུར་གསར་བ་ཞིག་སྐྱེལ་ཡོང་བ་དང་གཉིས་སུ་མ་མཆིས་པས། ཉིན་དུ་མའི་རིང་གི་བརྗོད་གཞི་གསར་བར་གྱུར་འདུག

3 ཁ་སྒག་པ།

བག་སྐར་ཉིན་དེར་ཐོན་ལ་ཉེ་དུས་བག་མའི་ཁ་སྒག་ཅེས་པའི་ཟ་མ་ཉུང་ངུ་ཞིག་ལས་ཟ་རུ་མི་འཇུག་པ་དེ་ལ་ཟེར་ཞིང་། ཁ་སྒག་ཚུལ་ནི་གནས་ལ་འགྲོ་བའི་དུས་ཚོད་ཐོན་ལ་ཉེ་དུས་ཟླ་གཅིག་གམ་ཟླ་ཕྱེད་རིང་ལ་ཟ་མ་ཉུང་ཙམ་སྒག་ཚུལ་འདུག་ལ། ཟས་ཟ་ཚད་ཆེས་དྲགས་པས་ཁོག་པ་མ་བདེ་ན་ཤིན་ཏུ་ངོ་ཚ་ཆེ་ལ་ཟས་ཚོད་འཛིན་པའི་སྲོལ་རྒྱུན་གྱི་བྱེད་ཐབས་ཞིག་ཡིན། བག་མ་གནས་ལ་འགྲོ་བའི་ཉིན་མོར་ངོ་མདངས་ཇེ་དཀར་ལ་འགྲོ་བ་དང་། བག་མའི་ཁ་ངོ་སོས་པའི་ཆེད་ངལ་གསོས་གནང་སྟེ་ནང་ལ་འཛུལ་ནས་ངལ་རྩོལ་བྱེད་དུ་མི་འཇུག་པ་དང་ཡུལ་གྱི་ལས་ཀ་ཙག་ཙིག་ཀྱང་བྱེད་དུ་མི་འཇུག་པ་རེད། དེ་བུ་མོར་མི་ཚེ་བགྲོད་ལམ་རིང་མོ་ནང་འཐོབ་པའི་དམིགས་བསལ་གྱི་ངལ་གསོ་ཡིན་ཞེས་བརྗོད་ན་མི་ཆོག་རྒྱུ་མེད།

4 བསུ་ཚུལ།

བག་མ་བསུ་བ་ནི་གཉེན་སྟོན་ཆོ་གའི་ཁྲོད་ནང་དོན་ཕུན་སུམ་ཚོགས་ཤིང་། འགྲོ་རིམ་མང་བ། རྣམ་པ་རྒྱ་ཆེ་བ། བརྒྱུད་པའི་དུས་ཚོད་རིང་བ། རིག་གནས་ཀྱི་རིན་ཐང་ལྡན་པའི་ཆོ་ག་ཞིག་ཡིན།

རྟ་ཁ་ལེན་པ།

གཉེན་ཚང་གི་མ་སྲུ་རྣམས་ཀྱིས་སྡེ་བའི་ཉེ་འདབས་སུ་བག་མའི་རྟ་ཁ་བླངས་ནས་འབབ་ཏུ་འཇུག་པ་ལ་ཟེར།

ཨ་ཞང་ཇ་དཔོན་གྱིས་རྟ་ཡི་ལག་པ་གཉིས་གདན་གྱི་ཁ་མཚམས་སུ་སྤོས་སུ་བཅུག་ནས་ངེད་ཚང་ལ་དགོས་ཚུལ་དང་འབབ་ཚུལ་བཤད་པ་ཡིན། དེ་མེད་ན་དེ་རིང་མི་འབབ། གཉེན་ཚང་གིས་གོས་དང་ཁ་བཏགས་འབུལ་ཞོར། རྟ་ཁ་བླངས་ཏེ་རྟ་ཐོག་ནས་འབབ་ཏུ་བཅུག་པ་དང་མཉམ་དུ། བུད་མེད་གཞོན་ནུ་མ་ཞིག་གིས་སྐད་གསེང་མཐོན་པོས་མགྲིན་པ་དབྱངས་སུ་བཏེགས་ནས།

འགྱོག་ཡ་འགྱོག་ཡ་ཨ་ཞང་འགྱོག ། 

ཨ་ཞང་འགྱོག་པ་དགུང་ནས་འགྱོག །

སྒོ་ཡར་ཤིང་ཡར་ལ་བཏེགས་ནས་ཡོད། །

མགོ་ཝ་མོ་ཅན་ཞིག་ཡོང་གི་སྡོད། །

སྒོ་འགྲམ་ཕར་ལ་བརྒྱངས་ནས་ཡོད། །

གོས་འབྲུག་མ་ཅན་ཞིག་ཡོང་གི་སྡོད། །

སྒོ་མར་ཤིང་མར་ལ་སྨད་ནས་ཡོད། །

རྐང་སག་ལྷམ་ཅན་ཞིག་ཡོང་གི་སྡོད། །

ཤ་རི་རབ་འདྲ་ཞིག་བརྩིགས་ནས་ཡོད། །

དེ་ཟ་གི་ཨ་ཞང་ཡོང་གི་སྡོད། །

ཆང་མཚོ་མོ་འདྲ་ཞིག་བསྐྱིལ་ནས་ཡོད། །

དེ་འཐུང་གི་ཨ་ཞང་ཡོང་གི་སྡོད། །

རྫ་ཁྲ་ཡག་འདྲ་བའི་ཨ་ཞང་ཤོག །

འབྲོང་བྲེ་སེར་འདྲ་བས་བསུ་གིན་ཡོད། །

ནགས་རྒྱ་རྫོང་འདྲ་བའི་ཨ་ཞང་ཤོག །

སྟག་ཐིག་ལེ་འདྲ་བས་བསུ་གིན་ཡོད། །

ཆུ་གཙང་མོ་འདྲ་བའི་ཨ་ཞང་ཤོག །

ཉ་གསེར་མིག་འདྲ་བས་བསུ་གིན་ཡོད། །

ཅེས་འགྱོག་གླུ་བླངས་པ་དང་མཉམ་ཏུ་ཁྱིམ་ལ་ཕེབས་པ་ཡིན།

ཞྭ་མོ་རྩོད་པ།

རྒྱས་ཤོམ་བྱས་ཡོད་པའི་གཉེན་ཚང་གི་མ་སྲུ་མང་བོས་བསྐོར་ནས། བག་རོགས་མདུན་ནས་ལངས་པའི་རྗེས་སུ་བག་མ་སྒུར་ནས་ནང་དུ་འཛུལ་གྲབས་བྱེད་པ་ཡིན། སྐབས་དེར། བག་མའི་མགོ་ཡི་ཞྭ་ཨ་ཞང་ཚང་གིས་ལྟག་རྒྱབ་ལ་འཐེན་ནས་ལེན་པ་དང་། གཉེན་ཚང་གིས་སྔུན་ལ་འཐེན་ནས་ལེན་པ་ཡིན་ལ། བར་བས་ཞྭ་ཕུད་པའི་དབང་ཆ་ང་ལ་མ་གཏོགས་མེད་ཟེར་བཞིན་ཡར་འཐེན་ནས་ལེན་པ་ནི། ཕན་ཚུན་ལ་རྒྱ་རྩོད་པའི་བསམ་ཚུལ་ཞིག་ཡིན་པས་བར་བ་ནི་གཟུ་བོར་གནས་པའི་དཔང་མི་ལྟ་བུ་ཡིན་པ་ཤེས་ཐུབ། ཞྭ་ཕུད་པ་དང་མཉམ་དུ་མི་ཞིག་གིས་ཆོས་པོ་ཏི་དུམ་པ་གཅིག་བག་མའི་མགོ་ལ་འཇོག་བཞིན་ཡོད།

ཕྱག་འཚལ་བ།

བག་མ་དང་མག་པ་གཉིས་ཀྱིས་གདན་དཀར་ཞིག་གི་སྟེང་ནས་ལྷ་མདུན་ལ་མཉམ་གཤིབ་ཀྱིས་ཕྱག་འཚལ་བ། དེ་ནི་ཚེ་གཅིག་གི་སྨོན་ལམ་གདན་ཐོག་གཅིག་ནས་བརྒྱབ་པ་ཡིན་ཞིང་། ཁྱིམ་ལྷ་དང་ཕུགས་ལྷ་ལ་མི་གསར་བ་ཞིག་ཁྱིམ་ཚང་དེར་ཁ་བསྣན་པའི་སྙན་སེང་ཞུ་བའམ་མིང་ཐོ་འགོད་པ་དང་མཚུངས།

ཐོམ་ཡུ་སྒུལ་བ།

ཨ་ནེས་ཐོམ་བུ་གསར་བའི་ཡུ་བ་ལ་ཁ་བཏགས་དཀྲིས་པ་ཞིག་གིས་འོ་ཇ་ཟངས་ངའི་ནང་ནས་ཐེངས་གསུམ་གཡས་སུ་དཀྲུག་ཞོར། བག་མའི་ལག་ལ་སྤྲད་དེ་བག་མས་ཀྱང་ཇ་ཕུལ་ཐེངས་གསུམ་ལ་ཕྱར་བའི་ཆོ་ག་དེར་ཐོམ་ཡུ་སྒུལ་བ་ཟེར། དེ་ནི་ཨ་ནེ་ཡིས་ལོ་དུ་མའི་རིང་ཐབ་ལྷ་ལ་བརྟེན་ནས་ཟས་སྣ་མང་བོ་གཡོས་སྦྱོར་གྱི་ལས་འགན་གལ་ཆེན་མནའ་མར་བརྒྱུད་སྤྲོད་བྱེད་པའི་མཛད་སྒོ་ཞིག་དང་གཉིས་སུ་མ་མཆིས། 

བག་མས་ཐོམ་བུ་ནང་དུ་འོ་ཇ་དཀར་ཡོལ་གང་རེ་བླུགས་ནས་ཨ་མྱེས་དང་ཨ་ནེའི་ལག་ལ་འཇོག་སྲོལ་འདུག་ཀྱང་། སྐྱོགས་ལས་དཀར་ཡོལ་གང་གིས་ཚད་ཟིན་པ་ཞིག་ཐོམ་བུ་ནང་ལེན་པ་ལས་ཕྱིར་འཕྲོ་མ་ཟངས་ངར་ལྡུག་སྲོལ་མེད། སྡེ་བ་ལ་ལས་བག་མས་ཇ་མཆོད་འབུལ་རྗེས་གོ་ཁའི་མ་སྒྱིད་ནས་ཙོག་པུ་བསྡད་དེ། མ་སྲུ་ཞིག་གིས་འོ་ཇ་དཀར་ཡོལ་གང་བླུགས་ཏེ་ཧུབ་གང་འཐུང་མཐར་ཆེད་དུ་བཀོད་སྒྲིག་བྱེད་པའི་བག་ཁང་ནང་བག་མ་དང་བག་རོགས་སྡོད་དུ་བཅུག་པ་རེད།  


བརྡ་འགྲེལ་གདོང་འཛར།

དམངས་སྲོལ། གཉེན་སྲོལ། བག་མ།