མདོ་སྨད་ཆོས་འབྱུང་།སྔ་མའི་པར་གཞི་དེ དཔལ་མགོན་ཚེ་རིང་།  ནས 2016-12-21 16:18ལ་འགྲུབ།

མདོ་སྨད་ཆོས་འབྱུང་།

མདོ་སྨད་ཆོས་འབྱུང་།
མདོ་སྨད་ཆོས་འབྱུང་ཞེས་པ་འདིའི་མཚན་གཞན་ལ་དེབ་ཐེར་རྒྱ་མཚོ་ཞེས་ཀྱང་བྱ་ལ། འདི་ནི་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལས་ཆེས་རིང་ཤོས་ཀྱི་གྲས་ཤིག་དང་། བོད་ཀྱི་ས་གནས་ལོ་རྒྱུས་དང་ས་གནས་ཆོས་འབྱུང་གི་རིགས་སུ་གཏོགས་པའི་བསྟན་བཅོས་གྲགས་ཆེ་བ་ཞིག་སྟེ། རབ་བྱུང་བཅུ་བཞི་བའི་ཤིང་གླང་སྟེ་སྤྱི་ལོ1865ལོར་བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་རྫོགས་པར་མཛད་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《安多政教史》
མཚན་རྒྱས་པ།
ཡུལ་མདོ་སྨད་ཀྱི་ལྗོངས་སུ་ཐུབ་བསྟན་རིན་པོ་ཆེ་ཇི་ལྟར་དར་བའི་ཚུལ་གསལ་བར་བརྗོད་པ་དེབ་ཐེར་རྒྱ་མཚོ།
རྩོམ་པ་པོ།
བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས།
དཔེ་སྐྲུན་ཁང་།
ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
པར་སྐྲུན་གྱི་ལོ།
སྤྱི་ལོ1982ལོའི་ཟླ3པ།
1 རྩོམ་པ་པོ།

བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ཁོངས་གཙོས་བསྟན་འཛིན་སྡེ་ཁྲོད་དུ་རབ་བྱུང་བཅུ་གསུམ་པའི་ལྕགས་བྱ་སྤྱི་ལོ1801ལོར་སྐུ་འཁྲུངས། དགུང་ལོ་ལྔ་ལ་ཕེབས་སྐབས་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གསུམ་པས་བྲག་དགོན་པ་བློ་བཟང་ཤེས་རབ་ཀྱི་སྤྲུལ་སྐུར་ངོས་འཛིན་མཛད། དགུང་ལོ་དྲུག་པར་དབལ་མང་པཎྜི་ཏ་ལས་རབ་ཏུ་བྱུང་སྟེ་མཚན་དཀོན་མཆོག་བསྟན་པ་རབ་རྒྱས་གསོལ། དགུང་ལོ་དགུ་བ་ནས་དགའ་ལྡན་ཆོས་འཁོར་གླིང་དང་། ལྷག་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་མདོ་སྔགས་རིག་གནས་དང་བཅས་པར་ཐུགས་གཉེར་དཔྱིས་ཕྱིན་པ་གནང་ཐོག་དབུས་སུ་ལན་གཉིས་ཕེབས། སྟག་ཕུ་ཡོངས་འཛིན་ཡེ་ཤེས་རྒྱ་མཚོ་སོགས་སྤྱིར་བླ་མ་སུམ་ཅུ་རྩ་གྲངས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ནས་དབང་ལུང་མན་ངག་གི་གདམས་པ་རྒྱ་ཆེར་གསན། ཁྱད་པར་དུ་དགུང་ལོ་དགུ་བ་ནས་ང་གསུམ་བཞེས་ཀྱི་བར་དབལ་མང་པཎྜི་ཏ་དཀོན་མཆོག་རྒྱལ་མཚན་གྱི་དྲུང་དུ་བཅར་བཞུགས་གནང་སྟེ་གདམས་པ་མང་བོ་གསན་ནས་མཁས་པའི་དབང་བོར་སོན།

དབལ་མང་པཎྜི་ཏ་དང་། དགའ་ལྡན་ཐེ་བོ་སྤྲུལ་པའི་སྐུ། དཔའ་རིས་སྔོ་ཁོ་ངག་དབང་ལེགས་བཤད་ཉི་མ་སོགས་གནས་ལྔ་རིག་པའི་གཏེར་མཛོད་དུ་གྱུར་པ་དུ་མས་ཡང་ཡང་སྐུལ་མ་མཛད་པས་ཀུན་བསླངས་ཏེ། རྗེ་བསྟན་པ་རབ་རྒྱས་མཆོག་གིས་བཀའ་ཆེམས་དང་། ཆོས་འབྱུང་། དེབ་ཐེར། ལོ་རྒྱུས། རྣམ་ཐར། བསྟན་རྩིས། འཁྲུངས་རབས། གདུང་རབས། རྒྱལ་རབས། གདན་རབས། རྟོགས་བརྗོད། དཀར་ཆག རུས་མཛོད་སོགས་ལོ་རྒྱུས་རིག་པའི་རྩོམ་གཞུང་རྣམ་གྲངས་ལྔ་བརྒྱ་སུམ་ཅུ་ལྷག་གསན་གཟིགས་དང་། རྨ་ཆུ། ཀླུ་ཆུ། བསང་ཆུ། དགུ་ཆུ། ཙོང་ཆུའི་རྒྱུད་སོགས་ཡུལ་གྲུ་དང་ས་ཁུལ་མང་བོར་ཆིབས་བསྐྱོད་ཀྱིས་དྲི་གཏུགས་དངོས་ཀྱི་ཐོག་ནས《མདོ་སྨད་ཆོས་འབྱུང》རྩོམ་སྒྲིག་མཛད། རབ་བྱུང་བཅུ་བཞི་པའི་ཤིང་གླང་སྤྱི་ལོ1865ལོར་དངོས་སུ་ལེགས་གྲུབ་བྱུང་། བླ་བྲང་དང་དབུས་ནས་སློབ་གཉེར་དཔྱིས་ཕྱིན་པ་གནང་ནས་ཡོངས་སུ་གྲགས་པའི་མདོ་སྨད་ཆོས་འབྱུང་བརྩམས་པའོ། །

2 ངོ་སྤྲོད།

བསྟན་བཅོས་འདིར་ཨ་མདོའི་ཡུལ་གྲུ་ཁག་གི་དགོན་པ་སོ་སོའི་བསྟན་འཛིན་གྱི་སྐྱེས་བུ་དང་གྲྭ་རྒྱུན་གསན་ཚུལ། ས་ཚིགས་རིང་ཐུང་། འབྱོར་བ་ཐོན་ཁུངས། བསྟན་པའི་འཕེལ་འགྲིབ། ལུང་བ་ཤོག་པ། ཆབ་སྲིད་དཔལ་འབྱོར། རིག་གནས་སློབ་གསོ། རང་བྱུང་གི་ཁམས་བཅར་ཞིབ་ཅིང་རྒྱས་ཙམ་སྣང་ལ། དགོན་སྒྲུབ་སྡེའི་གདན་རབས་དང་། ལྷ་རྟེན་ཆོས་གསུམ། དཔེ་མཛོད་གཙུག་ལག གྲྭ་ཚང་མང་བོ། རབ་ཏུ་བྱུང་བའི་མང་ཉུང་སོགས་འདུས་ཤིང་། ཁྱད་པར་བླ་བྲང་དགོན་པ་དང་གཞན་དགོན་རྙིང་ཆེ་གྲས་གཙོ་བ་རྣམས་ཀྱི་ལོ་རྒྱུས་སོགས་ཞིབ་རྒྱས་སུ་བཀོད་ཡོད་ཅིང་། ཁྱད་པར་མདོ་སྨད་ས་ཁུལ་དུ་བསྟན་པ་འཕེལ་འགྲིབ་བྱུང་བའི་གནས་ཚུལ་དང་ཡུལ་འདིའི་སྲིད་དོན། དཔལ་འབྱོར། རིག་གནས་སློབ་གསོ། ལོ་རྒྱུས་ས་ཁམས། དགོན་སྒྲུབ་སྡེའི་གདན་རབས། ལྷ་རྟེན་ཆོས་གསུམ། གཙུག་ལག་གསུང་རབ་སོགས་གང་ལ་ཅི་རྒྱས་སུ་བྲིས་ཡོད། བསྟན་བཅོས་ཧྲིལ་པོ་ནང་དོན་ཁག་གསུམ་གྱིས་གྲུབ་པ་སྟེ། ཁག་དང་པོ་དངོས་གཞི་སྟེ་མདོ་སྨད་ཡུལ་གྲུར་ནང་བསྟན་ཇི་ལྟར་དར་བའི་ཚུལ་གསལ་བར་བརྗོད་པའི་སྐོར་ཡིན་ཞིང་། དེ་ལ་བོད་ཀྱི་ཡུལ་ཁམས་སྤྱིར་བཤད་པ་དང་། དེབ་ཐེར་འདི་བརྩམས་པའི་ལུང་ཁུངས། མདོ་སྨད་ལྗོངས་སུ་བསྟན་པའི་སྲོལ་དར་ཚུལ་སྤྱིར་བཤད་པ། མཚོ་སྔོན་དཔོན་ཁག་གི་ལོ་རྒྱུས། ཙོང་ཆུའི་བྱང་རྒྱུད་དུ་ནང་བསྟན་དར་ཚུལ། ཙོང་ཆུའི་ལྷོ་རྒྱུད་དང་རྨ་ཆུའི་བྱང་རྒྱུད་ཕྱོགས་སུ་ནང་བསྟན་དར་ཚུལ། ལྷོ་རྒྱུད་ཀྱི་ཐོག་མ་རྨ་སྟོད་མགོ་ལོག་སོགས་སུ་ནང་བསྟན་དར་ཚུལ། རྨ་ཆུའི་སྨད་རྒྱུད་ཁྲི་ཀ་སོགས་སུ་ནང་བསྟན་དར་ཚུལ། དགུ་ཆུའི་རྒྱུད་དུ་ནང་བསྟན་དར་ཚུལ་བཅས་སྐབས་དགུར་དབྱེ་ནས་བརྗོད་ཡོད་ལ། ཁག་གཉིས་པ་ཆོས་སྡེ་ཆེན་པོ་བཀྲ་ཤིས་འཁྱིལ་གྱི་དཀར་ཆག་གདན་རབས་ཁ་སྐོང་དང་བཅས་པ་སྟེ་དེར་གདན་རབས་རིམ་བྱུང་དང་ཞར་བྱུང་འཕྲོས་ཙམ་དང་། རྒྱུད་སྨད་གྲྭ་ཚང་གི་གདན་རབས། དུས་འཁོར་གྲྭ་ཚང་གི་གདན་རབས། སྨན་པ་གྲྭ་ཚང་གི་གདན་རབས་བཅས་སྐབས་བཞིས་གྲུབ་ཅིང་། ཁག་གསུམ་པ་ཁ་གྱ་ཚོ་དྲུག་ནས་རྒྱལ་མོ་ཚ་བ་རོང་གི་བར་གྱི་དགོན་སྒྲུབ་སྡེ་ཕལ་ཆེ་བའི་དཀར་ཆག་ཐོ་ཙམ་བཀོད་པ་སྟེ། བསང་ཆུའི་ལྷོ་བྱང་རྒྱུད་དང་ཁ་གྱ་ཚོ་དྲུག་དང་། ཀླུ་ཆུའི་བྱང་རྒྱུད་སྐོར། ཀླུ་ཆུའི་ལྷོ་རྒྱུད་སྐོར། རྔ་ཆུ་དང་རྭ་ཁོག ཚ་ཆུ། ཆུ་ཆེན་བཅས་ཀྱི་རྒྱུད། སྨོན་བྱང་དང་སྦྱར་བྱང་བཅས་སྐབས་ལྔས་གྲུབ་པ་ཞིག་ཡིན།

3 དཀར་ཆག

༄༅། ། ཡུལ་མདོ་སྨད་ཀྱི་ལྗོངས་སུ་ཐུབ་བསྟན་རིན་པོ་ཆེ་ཇི་ལྟར་དར་བའི་ཚུལ་གསལ་བར་བརྗོད་པ་དེབ་ཐེར་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། །

བོད་ཀྱི་ཡུལ་ཁམས་སྤྱིར་བཤད་པ།

ཆོས་འབྱུང་རྣམ་ཐར་གྱི་ཐོ་བཀོད་དང་སྦྲགས། དེབ་ཐེར་འདི་བརྩམས་པའི་ལུང་ཁུངས་བསྟན་པ།

མདོ་སྨད་ལྗོངས་སུ་བསྟན་པའི་སྲོལ་དར་ཚུལ་ལས་བརྩམས་སྤྱིར་བཤད་པ།

མཚོ་སྔོན་དཔོན་ཁག་གི་ལོ་རྒྱུས་འགའ་བཤད་པ།

ཙོང་ཆུའི་བྱང་རྒྱུད་སོགས་བཤད་པ།

ཙོང་ཆུའི་ལྷོ་དང་རྨ་ཆུའི་བྱང་རྒྱུད་བཤད་པ།

ལྷོ་རྒྱུད་ཀྱི་ཐོག་མ་རྨ་སྟོད་མགོ་ལོག་སོགས་བཤད་པ།

རྨ་ཆུའི་སྨད་རྒྱུད་ཁྲི་ཀ་སོགས་བཤད་པ།

དགུ་ཆུའི་རྒྱུད་སོགས་བཤད་པ།

༄༅། ། དེབ་ཐེར་རྒྱ་མཚོ་ལས་ཆོས་སྡེ་ཆེན་པོ་བཀྲ་ཤིས་འཁྱིལ་གྱི་དཀར་ཆག་གདན་རབས་ཁ་སྐོང་དང་བཅས་པ་བཞུགས་སོ། །

བླ་བྲང་དགོན་པའི་གདན་རབས་རིམ་བྱུང་དང་། ཞར་བྱུང་འཕྲོས་ཙམ་བཅས།

གསང་ཆེན་ཆོས་ཀྱི་རོལ་མཚོ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་གདན་རབས།

དུས་འཁོར་གྲྭ་ཚང་ཨེ་ཝཾ་ཆོས་འཁོར་གླིང་གི་གདན་རབས།

སྨན་པ་གྲྭ་ཚང་གསོ་རིག་གཞན་ཕན་གླིང་གི་གདན་རབས།

༄༅། ། དེབ་ཐེར་རྒྱ་མཚོ་ལས་ཁ་གྱ་ཚོ་དྲུག་ནས་རྒྱལ་མོ་ཚ་བ་རོང་གི་བར་གྱི་དགོན་སྒྲུབ་སྡེ་ཕལ་ཆེ་བའི་དཀར་ཆག་ཐོ་ཙམ་བཀོད་པ་བཞུགས་སོ། །

བསང་ཆུའི་ལྷོ་བྱང་རྒྱུད་དང་ཁ་གྱ་ཚོ་དྲུག་སོགས་བཤད་པ།

ཀླུ་ཆུའི་བྱང་རྒྱུད་སོགས་བཤད་པ།

ཀླུ་ཆུའི་ལྷོ་རྒྱུད་སོགས་བཤད་པ།

རྔ་ཆུ། རྭ་ཁོག ཚ་ཆུ། ཆུ་ཆེན་བཅས་ཀྱི་རྒྱུད་སོགས་བཤད་པ།

དེབ་ཐེར་འདི་བརྩམས་པའི་སྨོན་བྱང་དང་སྦྱར་བྱང་།