བྱེ་མ་ལ་བདུན།སྔ་མའི་པར་གཞི་དེ གཡུ་འབྲུག  ནས 2016-09-30 11:44ལ་འགྲུབ།

བྱེ་མ་ལ་བདུན།

བྱེ་མ་ལ་བདུན།
གནས་མཆོག་བྱེ་མ་ལ་བདུན་འདི་མཚོ་སྔོན་པོའི་ཤར་ཕྱོགས་སུ་གླང་ཆེན་འཕྲེད་ལ་ཉལ་བ་ལྟར་ཡོད་ལ། གནས་འདི་ལ་བྱེ་མ་ལ་བདུན་ནམ་གླིང་སྒྲུང་ལས་ལ་བདུན་ནོར་བུ་ཆ་བདུན་ཡང་ཟེར་ལ། གནའ་མཁར་ཟི་ལིང་ནས་ནུབ་ལ་སྤྱི་ལེ་བརྒྱ་དང་སོ་ལྔར་བསྐྱོད་པའི་ས་ན་ཡོད་ལ། མཚོ་ངོས་ལས་རྨིས3196-4200ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ58.4ཡོད། ཤར་དུ་རི་བོ་ཉི་ཟླ་དང་འོ་ལུང་རི་བདུན། ཤར་ལྷོའི་མཚམས་སུ་ཙོང་ལ་རིང་མོ།ལྷོ་རི་ཨ་མ་ཟོ་དགུ། གཡས་རི་གསེར་ཆེན་དང་གཡོན་རི་སྨོན་ལམ་མཐོན་པོ། ནུབ་ན་མགོན་པོ་གདོང་དང་ལྷ་མོ་དྲེལ། གློ་བ་རི་དང་མཚེར་བ་རི། འདྲེ་མོ་བྲག་དཀར་དང་མཚོ་སྙིང་མ་ཧཱ་དེ་ཝ་སོགས་ཀྱི་དབུས་ན་ལྷང་ངེར་གནས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
喜玛拉登
ལ་ཏིང་གི་མིང་།
bye ma la bdun
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་གསེར་ཆེན་རྫོང་རིག་སྨོན་གྲོང་རྡལ།
མཚོ་འཕགས།
སྨི3200-4200
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ58.4
གནས་ཡུལ།
རིག་སྨོན་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་ན་ཡོད།
1 གནས་ངོས་འཛིན།

གནས་མཆོག་བྱེ་མ་ལ་བདུན་འདི་མཚོ་སྔོན་པོའི་ཤར་ཕྱོགས་སུ་གླང་ཆེན་འཕྲེད་ལ་ཉལ་བ་ལྟར་ཡོད་ལ། གནས་འདི་ལ་བྱེ་མ་ལ་བདུན་ནམ་གླིང་སྒྲུང་ལས་ལ་བདུན་ནོར་བུ་ཆ་བདུན་ཡང་ཟེར་ལ།  གནའ་མཁར་ཟི་ལིང་ནས་ནུབ་ལ་སྤྱི་ལེ་བརྒྱ་དང་སོ་ལྔར་བསྐྱོད་པའི་ས་ན་ཡོད་ལ། མཚོ་ངོས་ལས་རྨིས3196-4200ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ58.4ཡོད།  ཤར་དུ་རི་བོ་ཉི་ཟླ་དང་འོ་ལུང་རི་བདུན། ཤར་ལྷོའི་མཚམས་སུ་ཙོང་ལ་རིང་མོ།ལྷོ་རི་ཨ་མ་ཟོ་དགུ། གཡས་རི་གསེར་ཆེན་དང་གཡོན་རི་སྨོན་ལམ་མཐོན་པོ། ནུབ་ན་མགོན་པོ་གདོང་དང་ལྷ་མོ་དྲེལ། གློ་བ་རི་དང་མཚེར་བ་རི། འདྲེ་མོ་བྲག་དཀར་དང་མཚོ་སྙིང་མ་ཧཱ་དེ་ཝ་སོགས་ཀྱི་དབུས་ན་ལྷང་ངེར་གནས་ཡོད།  བྱེ་མ་ལ་བདུན་གཙོ་བྱས་མཚོ་སྔོན་པོའི་ཁོར་ཡུག་འདི་སློབ་དཔོན་པདྨ་འབྱུང་གནས་ཀྱི་ལུང་གིས་ཟིན་པའི་གནས་ཁྱད་པར་བ་ཡིན་ལ།   གནས་མཆོག་དེ་ནི་དོག་མོ་ས་ལ་དགེ་བཅུ་འཛོམས་ཤིང་དྭངས་གཙང་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་འབབ་པ་རྟ་ནོར་ལུག་གསུམ་གྱི་འབྱོར་ཕྱུག་རྫོགས་པའི་གནས་སྐྱིད་པོ་ཞིག་དང་དེང་སྐབས་ཡུལ་སྐོར་བ་ཚོའི་ཡིད་དབང་འདྲེན་པའི་ལྗོངས་རྒྱུའི་གནས་གལ་ཆེན་ཞིག་ཏུའང་གྲུབ་ཡོད།

བྱེ་མ་ལ་བདུན་གྱི་གནས་འདིར་ད་ལྟའང་ཤུག་པ། གསོམ་པ། སྐྱུར་བ། མེ་ཏོག་གསེར་ཆེན། བ་ལུ་དང་སྤང་རྒྱན་མེ་ཏོག་སོགས་ལྗོན་ཤིང་མེ་ཏོག་དང་བཅས་པ་སྨན་མཆོག་གང་མང་ཡོད་པ་དང་། རི་སྐྱེས་སྲོག་ཆགས་དགོ་དམར་དང་གླ་བ།  ཁ་ཤ་དང་ཝ། རི་སྤྱང་དང་འདབ་ཆགས་ཁྲུང་ཁྲུང་། ངང་དཀར་དང་ངང་དམར་སོགས་བག་ཡེངས་སུ་རྒྱུ་ལ། ཁྱད་པར་དུ་གནས་དེ་རུ་གནའ་དུས་ཀྱི་ཐང་བོད་གནའ་ལམ་དང་དར་གོས་ཚོང་ལམ། ཇ་རྟའི་གནའ་ལམ།འ་ཞ་དང་གླིང་གེ་སར་རྒྱལ་པོ་སོགས་ཀྱི་ལོ་རྒྱུས་དང་འབྲེལ་ཡོད་ཀྱི་ཤུལ་བཞག་དངོས་པོ་ཁྲབ་དང་མདུང་། མདའ་མགོ་དང་གསེར་དངུལ།  གཟི་སོགས་སྔོན་བྱོན་མེས་པོའི་ཕྱག་རྫས་གང་མང་རྙེད་པར་མ་ཟད། གླིང་རྗེ་གེ་སར་རྒྱལ་པོའི་ཡབ་སེང་བློན་གྱི་ཡང་སྤྲུལ་ཡིན་ཟེར་བའི་བླ་མ་གཡང་བྷོ་ཞེས་འབོད་པ་ཞིག་གིས་སྤྱི་ལོ་ཉིས་སྟོང་ལྔ་ནས་བཟུང་ཐེངས་གང་མང་ལ་གནས་མཆོག་བྱེ་མ་ལ་བདུན་དུ་ཕེབས་ཏེ།གནས་མཆོག་དེ་ནི་གླིང་སེང་ཆེན་རྒྱལ་པོའི་གཏེར་མཛོད་ཡིན་ཞེས་བསང་མཆོད་རྒྱ་ཆེན་པོ་ཡང་མཛད་པ་དང་། དེ་ཉིད་བདེན་པར་བྱེད་པའི་ལྷག་བསམ་གྱི་རྟགས་བཙན་མཁན་པོ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ལགས་ཀྱིས་མཛད་པའི་གཏེར་སྒྲུང་གི་ནང་གསེས《བྱེ་མ་ལ་བདུན》ཞེས་བྱ་བའི་དེབ་ཐེར་ཞིག་ཀྱང་ཁོང་གི་ཕྱག་དངོས་ན་ཡོད། དེ་ལས་གཞན་ད་དུང་མགོ་ལོག་མཁན་ཆེན་སངྔྷ་རིན་པོ་ཆེ་རིག་གནས་གསར་བརྗེ་ཆེན་པོའི་སྐབས་བཙོན་ཁང་དུ་བཞུགས་སྐབས་དམེ་སྔཊ་སྡེ་བའི་ཨ་ཕག་མོ་ཚེ་རིང་ཟེར་བ་ཞིག་ཀྱང་དོན་རྐྱེན་གང་མང་ཞིག་གི་དབང་གིས་བཙོན་ཁང་དུ་བཅུག་ནས་ཡོད་པ་ཁོ་གཉིས་ངོ་འཕྲད་དེ་ལོ་གང་མང་ལ་ལྷན་གཅིག་ཏུ་བསྡད་པ་དང་། ལོ་དེ་དག་གི་རིང་ལ་ཨ་ཕག་མོ་ཚེ་རིང་གིས་ཁོང་གི་མདུན་ནས་གླིང་གེ་སར་རྒྱལ་པོའི་སྒྲུང་མི་ཉུང་བ་ཞིག་བསླབས་ཤིང་། བྱེ་མ་ལ་བདུན་ལ་འབྲེལ་བ་ཡོད་པའི་སྒྲུང་ཁག་དེ་ད་ལྟ་ཁོང་དགུང་ལོ་དོན་གཉིས་ལ་སོན་ཡང་གངས་དཀར་སེམས་པའི་ངོས་སུ་རྡོ་བརྐོས་རི་མོ་ཇི་བཞིན་གསལ་བོར་ཡོད་དོ།།

ཇི་སྐད་དུ། 《མདོ་སྨད་ཆོས་འབྱུང》ལས“བྱང་ཆུབ་སེམས་དཔའི་སྐྱེས་པ་རབས་ཀྱི་རྒྱུད་ལས།དེ་ནས་ཨཎྜ་རྙིལ་གྱི་འོད་ལྟར་སྔོ།། ཉི་མའི་འོད་ཀྱིས་གནམ་སྔོན་བཞུ་བ་བཞིན། ཁོ་ར་ཁོར་ཡུག་ཆུ་འགྲམ་ལྟར་མི་སྣང་།། གཏིང་དཔོན་དཀའ་བའི་བའི་མཚོ་འཇིངས་ནང་དུ་ཞུགས།།ཞེས་རྒྱ་མཚོ་ལ་བསྔགས་པ་བཞིན།  རྒྱ་ཆེ་ལ་གཏིང་ཟབ་པ། གནམ་སྔོན་དྭངས་པའི་ཁ་དོག་གི་སྒོ་ནས་ཡིད་དང་མིག་འཛིན་པའི་མཚོ་ཆེན་པོ་ཁྲི་བཤོར་རྒྱལ་མོར་གྲགས”ཞེས་མཚོ་སྔོན་པོའི་ཁྱད་ཆོས་བརྗོད་དེ་མཚོ་སྔོན་གྱི་དཔོན་རབས་ཀྱི་ལོ་རྒྱུས་བརྗོད་ཡོད་པ་བཞིན་དུ། མཚོ་སྔོན་པོའི་གནས་ཀྱི་ལོ་བཀོད་པ་ཁྱད་པར་བ་འདི་གནའ་སྔ་མོ་ནས་བོད་ཀྱི་ཡིག་ཚང་དག་ལ་བྲིས་ཡོད་ལ། བོད་རྒྱལ་སྲོང་བཙན་སྒམ་པོའི་རིང་ནས་བོད་ཀྱི་སྲིད་དབང་གིས་མཚོ་སྔོན་པོའི་གཡས་རུ་དང་གཡོན་རུ་ཟིན་ཡོད། སྲོང་བཙན་སྒམ་པོས་མངའ་ཁོངས་གཅིག་གྱུར་གྱི་སྐབས་སུ་གནས་འདིའི་འ་ཞ་གཙོ་བོ་ཡིན་པའི་རྒྱལ་ཕྲན་རྣམས་དབང་དུ་བསྡུས་ཤིང་ཆབ་སྲིད་གཅིག་གི་འོག་ཏུ་འཚོས། དེ་ཡི་རྗེས་ནས་མགར་དམ་པའི་བུ་མགར་ཁྲི་འབྲིང་དང་བཙན་བྲོད་ཀྱིས་གནས་འདིར་དབང་བསྒྱུར་བྱས་ཤིང་། ཤར་གྱི་རྒྱ་ནག་གཙོ་བྱས་མཐའ་མཚམས་འདབས་འབྲེལ་གྱི་རྒྱལ་ཁབ་གཞན་ལ་དམག་དྲངས་པའི་ལོ་རྒྱུས་ཀྱང་ཡོད་པས་གནའ་བོའི་གཡུལ་ས་གཙོ་བོ་ཞིག་ཏུ་གྱུར་མྱོང་ན། དེང་སྐབས་བྱེ་མ་ལ་བདུན་གྱི་གནས་འདིར་མདའ་གྱི་མདུང་གསུམ་དང་གནའ་བོའི་ཡོ་ཆས་མང་པོ་རྙེད་རྒྱུ་ཡོད་པའང་རྒྱུ་མཚན་མེད་པ་ཞིག་ག་ལ་ཡིན། རྗེས་སུའང་རྒྱལ་དབང་ལྔ་བ་དང་ཞབས་དཀར་པ།  གླང་དཀར་བླ་མ། ཀུན་གཟིགས་བཅུ་བ། ཀརྨ་རོལ་བའི་རྡོ་རྗེ། ཞྭ་དམར་པཎྚ།  རྒྱ་མཚོ་རྣམ་བཞི་སོགས་སྐྱེས་ཆེན་དམ་པ་དག་གིས་གནས་འདིར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་ལོ་རྒྱུས་དུ་མ་ཡོད། དེ་ལས་བླ་མ་གླང་དཀར་པས་སྔོན་གནས་འདིར་ལབ་ཙེ་ལྷ་རི་ཞལ་དཀར་བསྟད་དེ་ས་རྟགས་བཟང་པོ་བརྒྱབ་ཡོད་ལ།  ནམ་ཡང་བྱེ་མ་ལ་བདུན་གྱི་ལྷོ་མཐའ་དང་མཚོ་འདབས་འབྲེལ་ས་ནས་གླང་ཆེན་ཞིག་ངུར་སྐད་ཐོས་རྒྱུ་ཡོད་པའང་། ལ་ལས་མཚོ་གླང་དང་ལ་ལས་བླ་མ་གླང་དཀར་པའི་ཆིབས་པ་གླང་དཀར་དེ་ས་དེའི་གནས་བདག་ཏུ་ཞུགས་ཡོད་པར་ཡང་བཤད། གང་ལྟར་ཡང་ས་དེར་གླང་ཆེན་ངུར་བའི་སྒྲ་མཚར་བོ་ཞིག་ཐོས་རྒྱུ་ཡོད། བྱེ་མ་ལ་བདུན་གྱི་བྱང་རྒྱུད་ལ་བྱེ་མ་རྔ་རྡུང་ཟེར་ལ། ཚེས་བརྒྱད། བཅོ་ལྔ། སུམ་ཅུའི་དུས་ཆེན་ལ་མི་རྣམས་ཀྱིས་རྔ་སྒྲ་ཐོས་ཕྱིར་དེར་བྱེ་མ་རྔ་རྡུང་ཟེར། ངག་རྒྱུན་དུ་དེ་རུ་དགོན་པ་ཞིག་ཡོད་པ་མཚོ་ཆུས་བསྣུབས་པ་ཡིན་ཟེར།  དེ་བས་ཀྱང་སྐལ་ལྡན་རྒྱ་མཚོས། མཚོ་དེ་དཀྱིལ་རི་གླིང་ཆགས་པ་ལ། དུས་དེང་སང་མ་ཧཱ་དེ་ཝ་ཟེར།། སྔོན་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། དཔལ་ཨུ་རྒྱན་པད་མས་ལུང་བསྟན་ཅིང་། ཀླུ་བྱང་ཆུབ་སེམས་དཔའ་གནས་པའི་ས།རྗེ་གྲུབ་ཐོབ་མང་པོ་བཞུགས་པའི་ས། ཞེས་བསྔགས་པའི་དོན་ལས་ཀྱང་གནས་འདིའི་ལོ་རྒྱུས་ཀྱི་བྱུང་བ་རིང་བ་ཤིས་ཐུབ། སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཕྱག་ཕྲེང་གཏོར་བའི་ཕྲེང་ལྡོག་བདུན་ལུས་པ་བྱེ་མ་ལ་བདུན་གྱིས་གྱུར་ཞེས་པའི་ངག་རྒྱུན་ཞིག་ཀྱང་ཡོད་དོ།།

2 གེ་སར་རྒྱལ་པོས་བྱེ་མ་ལ་བདུན་གྱི་གཏེར་སྒོ་ཕྱེ་ཚུལ།

གནས་འདིའི་དམེ་སྔགས་འཚོ་བ་གཙོ་བྱས་མཚོ་སྔོན་པོའི་གཡས་རུ་གཡོན་རུའི་སེར་སྐྱ་མང་ཚོགས་ཀུན་གྱིས་བྱེ་མ་ལ་བདུན་ནི་གླིང་གི་གཏེར་སྒོ་ཁྱད་པར་བ་ཞིག་ཏུ་ངོས་འཛིན་ལ།དེ་འབྲེལ་གྱི་ངག་རྒྱུན་བཤད་རྒྱུ་ཡོད་པ་མ་ཟད་གེ་སར་གྱི་མཁར་དང་སྒྲུབ་ཕུག  འབྲུག་མོའི་ངོ་ལྟ་སོགས་ཀྱི་ཤུལ་རྟེན་ཡང་ངོས་འཛིན་བྱེད་རྒྱུ་ཡོད་ཅིང་།ས་དེ་ན་མཁར་ཤུལ་ཡང་ཟུར་གཅིག་ན་མུས་བརྒྱ་ཡོད་པའི་མཁར་ཤུལ་གསུམ་དབ་གྱོ་མོག་གིས་བརྩིཊ་པའི་མཁར་ཤུལ་བཞི་ཡང་ལྷང་ངེར་མངོན་ཡོད། ལུག་ལ་ཞེས་པའི་རི་མཐོན་པོ་དེའི་སྟེང་ནས་མཁར་ཤུལ་ཞིག་ཡོད་པའི་མདུན་ནས་བསང་ཕོར་དང་བཅས་པ་རྙེད་ཅིང་། དུས་རྒྱུན་བྱེ་མ་ལ་བདུན་ནས་ཟངས་དང་ལྕཊ།རྡོ་དང་རུས་པ་སོགས་ཀྱི་མདའ་གྲི་མདུང་གསུམ་དང་། རིན་པོ་ཆེ་མཆོང་དང་རི་དྭགས་མཆེ་བ་བཅས་པའི་རུས་རྒྱན།རྫ་མའི་ཡོ་ཆས་སོགས་རྙེད་རྒྱུ་ཡོད་པའང་གླིང་གི་རིག་རྫས་སུ་ངོས་འཛིན་བྱེད་བཞིན་ཡོད། དེ་ལས་བྱེ་མ་ལ་བདུན་གླིང་གི་གཏེར་སྒོ་ཡིན་ཚུལ་གྱི་གླིང་སྒྲུང་དུམ་བུ་ཞིག་སྤྲུལ་སྐུ་གཡང་བྷོ་ལཊ་ཀྱིས་བཤད་པ་འདི་ལྟར་རོ།།

དེ་ཡང་ནག་པོ་བདུན་ཀྱི་ཁ་གནོན། ཐེལ་མོ་ཧོར་གྱི་གཉའ་ཤིང་། འགྲོ་དྲུག་འདྲེན་པའི་སངས་རྒྱས། གཉོམ་ཆུང་སྐྱོང་བའི་ཕ་མ། མགོན་ཨུ་རྒྱན་པདྨའི་རྒྱལ་ཚབ་གླིང་རྗེ་གེ་སར་རྒྱལ་པོ་ཁོང་སྐུ་མཁར་སེང་འབྲུག་སྟག་རྩེ་ནས་ཐུགས་འོད་གསལ་འཕོ་འགྱུར་མེད་པར་ཏིང་ངེས་འཛིན་ལ་བཞུགས་སྐབས་སུ།མགོན་ཨུ་རྒྱན་པདྨ་འབྱུང་གནས་ཁོང་རིགས་ཁྱེའུ་ཆུང་བ་སྤྲུལ་སྐུའི་ཆ་ལུགས་ཅན། ཕྱག་གཡས་པས་རྡོ་རྗེ་རྩེ་དགུ་བསྣམས། ཕྱག་གཡོན་པས་ནོར་བུ་བསམ་འཕེལ་བསྣམས། ནམ་མཁར་འཇའ་འོད་འཁྱིལ་བའི་ནང་ནས་ལུང་བསྟན་གྱི་གླུ་འདི་གསུངས་སོ།།

གླུ་ཨ་ལ་ལ་མོ་ཨ་ལ་ལེན།། གླུ་ཐ་ལ་ལ་མོ་ཐ་ལ་མགོན་ཁྱབ་བདག་སྤྲས་མེད་བླ་མ་ལ།། བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས།། མ་རིགས་དྲུག་བློ་ཁ་ཆོས་ལ་བསྒྱུར།། ས་འདི་དང་ས་ངོ་མ་ཤེས་ན། གླིང་མཁར་སེང་འབྲུག་སྟག་རྩེ་རེད།། མི་ང་འདྲ་ང་ངོ་མ་ཤེས་ན།། མགོན་ཨུ་རྒྱན་པདྨ་འབྱུང་གནས་ཡིན།།  ཚུར་གསོན་དང་སྐྱེས་བུ་སེང་ཆེན་ལགས།།ཐུགས་མ་གཡེང་ང་ཡི་གླུ་ལ་ཉོན།། ཆུ་རྨ་ཆུ་སྔོན་མའི་བྱང་ཕྱོགས་ནས།།  མཚོ་ཁྲི་ཤོར་རྒྱལ་མོའི་ཤར་ཕྱོགས་ནས།།གསེར་སེར་བོ་དགུང་ལ་འཕྱུར་འདྲ་བོ།། མི་ལ་ལས་བྱེ་མ་ལ་བདུན་ཟེར།། ཡིན་ཐག་ཆོད་ནོར་བུ་ཆ་བདུན་ཡིན།།  གཏེར་རིན་ཆེན་ནོར་བུའི་མཛོད་སྒོ་ཡིན།། དེ་གླིང་དཀར་སྟོད་ཀྱི་གཏེར་སྐལ་ཡིན།།  གླིང་རྒྱལ་བློན་འཁོར་བཅས་གནས་དེར་སོང་།། གཏེར་སྟོན་མི་གེ་སར་ཁྱེད་རང་ཡིན།། མགོན་ལྷ་དང་སྲུང་མའི་སྡོངས་གྲོགས་ཡོད།།  གླུ་གོ་བ་བླངས་ནས་སེམས་ལ་ཟུངས།། གླིང་ལྷ་སྲས་ཐུགས་ལ་དེ་ལྟར་ཞོག། ཅེས་གསུངས་ནས་མི་སྣང་བར་གྱུར་ཏོ།། སེང་ཆེན་སྐྱེས་བུ་དོན་གྲུབ་ཁོང་ཐུགས་ཤིན་ཏུ་དགྱེས་ཏེ་ཉིན་དེའི་ཕྱི་ཉིན་ནམ་ལངས་པ་དང་མཉམ་དུ་གླིང་གི་དཔའ་རྟུལ་རུ་འདྲེན་རྣམས་ཕོ་བྲང་སེང་འབྲུག་སྟག་རྩེ་རུ་བསྡུས་ནས་མདང་གི་ནུབ་སྟོད་ལ་ཨུ་རྒྱན་པདྨས་ལུང་བསྟན་བྱུང་ཚུལ་དང་སང་ཉིན་གྱི་ཉི་མ་རྩེ་ཤར་ལ་བྱང་ལ་བདུན་གཏེར་རྫོང་དུ་ཆས་དགོས་ཚུལ་བཅས་གསུངས་སོ།།

དེ་ནས་གླིང་གི་དཔའ་རྟུལ་རྣམས་ནམ་མ་ལངས་གོང་དུ་འདུས་ནས་སྐྱ་རེངས་ལྷ་མོ་དང་མཉམ་དུ་ལམ་ལ་ཆས་ཏེ།དེ་ཡང་མཚོ་ཁྲི་ཤོར་རྒྱལ་མོའི་ཉེ་འགྲམ། དཀར་ལྷང་ལྷང་བྱེ་མའི་དོ་ཁུག    ཆུ་ཆེན་གྱིས་བྲོ་གར་འཁྲབ་འ།  ཁྲུང་ཁྲུང་གིས་སྐེ་སོ་ངོམས་ས། ངང་དམར་གྱིས་གཡས་སྐོར་རྒྱག་ས། ལ་བདུན་གཏེར་མཛོད་རིང་མོའི་ལ་ཁར་ཐོན་དུས། སེང་ཆེན་རིན་པོ་ཆེས་ལྷ་བསང་ནམ་མཁར་བཀང་བར་བྱས་ཏེ་གཏེར་བདག་ལ་འཕྲིན་ལས་བཅོལ། དེ་མ་ཐག་ཆུ་མིག་བརྒྱ་རྩའི་གནས་སྒོ་ནས་སྤྲིན་དཀར་བོ་དར་སྐུད་འདྲ་བ་ཞིག་ལ་བདུན་རི་ལ་ཟུག་སྟེ།སྤྲིན་སྣེ་ནས་གང་བྱུང་ཆ་མེད་ཀྱི་བུ་མོ་བལྟ་བའི་ཆོག་མི་ཤེས་པ་ཞིག་གིས། ཕྱག་གཡས་བས་གསེར་གྱི་ལྡེ་མིག་སྤར་གང་དང་ཕྱག་གཡོན་པས་དར་དཀར་ཉིན་མོ་བདེ་ལེགས་ཤིག་བཟུང་ནས་གླུ་འདི་བླངས་སོ།།

གླུ་ཨ་ལ་ལ་མོ་ཨ་ལ་ལེན།། གླུ་ཐ་ལ་ལ་མོ་ཐ་ལ་ལེན།  ནུབ་མ་དྲོས་ཀླུ་ཡི་ཕོ་བྲང་ནས། ཀླུ་རྒྱལ་པོའི་གཙུག་གི་རིན་ཆེན་མཁྱེན།། ནོར་འཛད་མེད་བྱུ་རུའི་གཞལ་ཡས་ནས།། ཤར་ནོར་སྲོང་ཀླུ་མོ་འོད་ལྡན་མཁྱེན།། ས་འདི་དང་ས་ངོ་མ་ཤེས་ན།།བྱང་ཀླུ་རྒྱལ་སྲས་མོ་ནོར་འཛིན་མ།།  གླིང་སེང་ཆེན་སྐྱེས་བུ་རིན་པོ་ཆེ།། ཚུར་གསོན་དང་ཞུ་རྒྱུ་འདི་འདྲ་ཡོད།།  སྔོན་བོད་རྒྱལ་ཁྲི་སྲོང་སྐུ་རིང་ལ།།  མགོན་མཚོ་སྐྱེས་རྡོ་རྗེ་བོད་དུ་དྲངས།།  བོད་ཕྱི་རབས་དབུལ་ཕོངས་སེལ་བའི་ཕྱིར།། ནོར་རིན་ཆེན་གང་མང་གཏེར་དུ་སྦས།། ཤར་མདོ་སྨད་ཡུལ་ནས་ཞབས་ཀྱིས་བཅགས།།  གནས་ལ་བདུན་ཡུལ་ལ་དབུ་སྐྲ་གཏོར།། ཤིང་ཤུག་ཏོག་སྨན་ཏོག་དགུ་བརྒྱ་འཁྲུངས།། དྲི་ཚོར་ན་དྲི་ནད་ཀུན་འཛོམས་གསུང་། བྱང་བྱེ་མའི་འགྲམ་ལ་ཕྱག་ཕྲང་གཏོར།། རྟེན་ངོ་མཚར་ཆུ་མིག་བརགྱ་རྩ་བྱུང་།། དེ་འཐུང་ན་ནད་རིགས་ཀུན་འཇོམས་གསུངས་།།  བྱང་བྱེ་མའི་འགྲམ་ལ་ཕྱག་ཕྲེང་གཏོར།། རྟེན་ངོ་མཚར་ཆུ་མིག་བརྒྱ་རྩ་བྱུང་།། དེ་འཐུང་ན་ནད་རིགས་ཀུན་འཇོམས་གསུངས།།ནོར་གཟི་མཆོག་དུ་མས་རབ་གནས་བྱས།། དེ་མཐོང་ན་དབུལ་ཕོངས་ཀུན་སེལ་གསུངས།།བྱང་ལ་བདུན་རི་ལ་ནོར་གཏེར་སྦས།།   དེ་མ་འོངས་གླིང་ལ་ཕན་ཡོད་གསུངས།།ནོར་གཟི་མཆོག་དུ་མས་རབ་གནས་བྱས།།དེ་མཐོང་ན་དབུལ་ཕོངས་ཀུན་སེལ་གསུངས།། བྱང་ལ་བདུན་རི་ལ་ནོར་གཏེར་སྦས།། དེ་མ་འོངས་གླིང་ལ་ཕན་ཡོད་གསུངས།།ཅེས་བླངས་རྗེས་མི་སྣང་བར་གྱུར་ཏོ།།  དེ་ནས་གླིང་སེང་ཆེན་ནོར་བུ་དགྲ་འདུལ་གྱིས་རིན་ཆེན་ལྡེ་མིག་དེ་ཡིས་རིན་ཆེན་གསེར་གྱི་གཏེར་སྒོ་ཕྱིས་ཤིང་།།རིན་ཆེན་གསེར་མང་མཆོང་དང་བཅས་པ།སྔོན་སློབ་དཔོན ་པདྨའི་ལུང་བསྟན་གྱིས་ཟིན་པའི་ཆོས་སྒོ་གང་མང་ཡང་ཕྱེ་སྟེ་གླིང་དཀར་སྟོད་ལ་དྲངས་ཤིང་།  སྤྱི་དཔོན་རོང་ཚ་ཁྲ་རྒན་གྱི་ཐུགས་བཀོད་ལྟར།བོད་མགོ་ནག་ཡོངས་ལ་ཁྱད་པར་ཆེ་ཆུང་མེད་པའི་རིན་ཆེན་ནོར་དང་དམ་པའི་ཆོས་གཏེར་གྱི་བསྐལ་བ་ཐོབ་པར་བཤད་དོ།།

གཞན་ཡང་།  གནས་མཆོག་བྱེ་མ་ལ་བདུན་ནམ་ནོར་བུ་ཆ་བདུན་གྱི་ཕྱོགས་བཞི་མཚམས་བརྒྱད་ཀུན་དུ། ཞིབ་འཇུག་གི་རིན་ཐང་གཞལ་དུ་མེད་པའི་གནས་འགངས་ཆེན་གྲངས་མེད་ཅིག་ཡོད་མོད། འོན་ཀྱང་ནོར་བུ་རང་ལ་ཡོད་ཀྱང་ནོར་སྙིང་མ་ཤེས་པའི་དཔེ་བཞིན་དུས་བཞིའི་འགྱུར་བའི་ཁྲོད་ནས་རིམ་བཞིན་ཉམས་རྒུད་དུ་སོང་སྟེ།  ད་ལྟ་སེར་བོ་གསེར་ལས་ཀྱང་ཧ་ཅང་དཀོན་པའི་གནས་སུ་གྱུར་ཡོད་ལ།དེ་ལས་ད་དུང་རྡོ་བརྐོས་རི་མོ་ཇི་བཞིན་གསལ་ཞིང་ངག་རྒྱུན་ལ་གླིང་གེ་སར་སྲུང་མཁར་དུ་གྲགས་པའི་མཐའ་རིང་རྒྱལ་མཁར་དང་ཆོས་རྗེ་རྒྱལ་མཁར་གཉིས་ཡོད་ལ།  དེ་ལས་ཆོས་རྗེ་རྒྱལ་མཁར་ལ“སྔོན་མོ་ཆུ་ཡིས་མི་བསྣུབ་པའི།། རྐ་ཆེན་གཡུང་དྲུང་འཁྱིལ་བ་ཡོད།ཕྱི་དགྲ་ནང་དུ་མི་ཐོན་པའི།།མཁར་སྒོ་རལ་གྲི་ལྟག་སྤྲོད་ཡོད།།དམར་པོ་མེ་ཡིས་མི་སྲེག་པའི།། ཆོས་རྗེ་དར་དཀར་དཔྱངས་བ་ཡོད།། ནོར་རྫོང་ཕྱི་ལ་མི་ཤོར་བའི།། ཕྱི་ན་འོབས་ཀླུང་གཉིས་བསྐོར་ཡོད།།”ཅེས་ངག་སྒྲུང་གི་བཤད་སྲོལ་འདི་ལྟ་བུ་ཞིག་ཡོད་པ་དང་། དེ་ལས་གཞན་འཛམ་གླིང་བྲག་ཁུང་རྡོ་ཕ་བོང་ཁ་ཆུང་ལ་ལྟོ་ལྡིར་བ་མི་གཉིས་ཆུད་པ།རི་གཟར་འོབས་ཀླུང་རི་བདུན་གྱི་དབུ་རྩེ་ན་བྲེ་སར་འབྲོང་བཞིན་ཀྲོང་ངེར་འགྱིང་ཞིང་འོད་ཟེར་ཆེམ་ཆེམ་དུ་ཡོད་པ་དང་། ར་ལའི་རྫ་རི་སྟོབས་ལྡན་དབང་ཕྱུག་གི་དབུ་རྩེ་ན་ཡང་གླིང་གི་སོ་ལྟའི་མཁར་ཤུལ་ཟེར་བའི་མཛད་རྗེས་ཀྱི་ཤུལ་བཞག་གང་མང་ཡོད་ལ། མདོར་ན་ལ་བདུན་ནོར་བུའུ་ཤར་ཕྱོགས་ཀྱི་ཉེ་འགྲམ་ན་གླིང་གི་ལོ་རྒྱུས་དང་འབྲེལ་ཡོད་ཀྱི་ཤུལ་བཞག་བགྲང་གིས་མི་ལང་པ་ཞིག་ཡོད་པས་ཞིབ་འཇུག་གི་རིན་ཐང་ཧ་ཅང་ཆེན་པོ་ལྡན་པར་འདུག་གོ།།