སྦྲ།སྔ་མའི་པར་གཞི་དེ སྦྱིན་པ།  ནས 2016-08-13 08:56ལ་འགྲུབ།

སྦྲ།

སྦྲ།
སྦྲ་ནི་ནོར་ནག་གི་རྩིད་པས་བཟོས་པའི་ཁང་ཁྱིམ་ལ་ཟེར་ཞིང་། ནག་ནི་ཁྱད་ཆོས་བརྗོད་པའི་མིང་སྟེ། སྦྲའི་ཁ་དོག་ནག་པོ་ཡིན་པའི་ཆ་ནས་དེ་ལྟར་བརྗོད་པ་ཡིན། དབྱིབས་ཀྱི་ཆ་ནས་སྦྲ་ནག་གྲུ་བཞི་ཞེས་འབོད་སྲོལ་ཡང་ཡོད། བོད་མི་རིགས་ཀྱི་འཚོ་བའི་ཁྲོད་སྦྲ་ནག་ཏུ་འཚོ་བ་རོལ་མཁན་མང་ཆེ་བ་འབྲོག་པ་ཡིན་ལ། དེ་ནི་སྦྲ་ནག་འཁྱེར་བདེ་བ་དང་ཕུབ་བདེ་བ་སོགས་སྒོ་ཕྱུགས་ཀྱི་དོན་དུ་རང་འགར་གནས་སྤོར་བྱས་ཆོག་པས། འབྲོག་པའི་དངོས་ཡོད་འཚོ་བའི་དགོས་མཁོ་དང་ཧ་ཅང་འཚམ་པས་རེད། སྦྲ་ཞེས་པའི་མིང་འདི་ནི་ཡིག་སྐད་ཡིན་ཏེ། རོང་པ་རྣམས་ཀྱིས་སྦའམ་རྦ་ཞེས་འབོད་པ་དང་། འབྲོག་པ་རྣམས་ཀྱིས་དུས་རྒྱུན་གྱི་འཚོ་བའི་ཁྲོད་རྭ་ཞེས་འབོད་པ་མ་གཏོགས་སྦྲ་ཞེས་འབོད་མཁན་ཤིན་ཏུ་ཉུང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས། མདོ་སྨད་ཀྱི་འབྲོག་པ་རྣམས་ཀྱིས་རེ་ནག་གི་གུར(སྦྲ་གུར་ལ་རེ་ལྡེ་ནག་པོའི་ཟེར)ལ་རྭ་ཞེས་འབོད་ཅེས་གསུངས་ཡོད་ལ། འབྲོག་པའི་བཏགས་ས་ཞིག་ལས་ཀྱང་། རྭ་ནག་ནང་གི་འབྲོག་ནག་ཅེས་པ་དང་། ཡང་གཏམ་དཔེ་ལས་ཀྱང་རྭ་རོག་རོག་དང་ཁང་སྐྱ་སྐྱ་ཞེས་འབྱུང་བ་ལྟ་བུའོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
牛毛帐篷
ཁ་དོག
ནག་པོ།
སྤྱོད་མཁན།
བོད་རིགས།
མཐོ་ཚད།
སྨི2
1 ​བྱུང་བ།

རང་རེའི་བོད་མི་རིགས་ནི་གནའ་སྔ་མོ་ནས་མདོ་དབུས་མཐོ་སྒང་དུ་འཚོ་ཞིང་གནས་ལ། དུས་ཡུན་རིང་བོའི་འཚོ་གནས་ལོ་རྒྱུས་ཁྲོད་ཕུན་སུམ་ཚོགས་པའི་དངོས་པོའི་ལོངས་སྤྱོད་དང་འོད་སྟོང་འབར་བའི་བསམ་བློའི་རིག་གནས་མང་བོ་གསར་དུ་བསྐྲུན་ཡོད་མོད། འདིར་བརྗོད་འདོད་པ་ནི་བོད་མིའི་སྤོ་སྐྱོད་སྡོད་ཁང་སྟེ། སྦྲ་ཡི་ཐོག་མའི་བྱུང་བ་དང་། གྲུབ་ཆ། བྱེད་ནུས། སྦྲ་ཕུབ་སྟངས་དང་སྒྱེལ་པའི་གོ་རིམ་སོགས་མདོ་ཙམ་བརྗོད་རྒྱུ་དེ་ཡིན།

དེ་ཡང་རང་རེའི་མེས་པོ་དག་གིས་ཀྱང་ཟས་སུ་མ་རྨོས་པའི་ལོ་ཏོག་དང་གོས་སུ་ཤིང་ལོ་གྱོན་པའི་དུས་སྐབས་བརྒྱུད་མྱོང་བ་ལོ་རྒྱུས་དེབ་ཐེར་དག་ལས་གསལ་བ་དང་། གདོད་མའི་སྤྱི་ཚོགས་ཀྱི་དུས་སྐབས་སུ། ཁོ་ཚོས་རང་བྱུང་ཁམས་ཆེན་པོར་འཐབ་རྩོད་བྱེད་སྐབས། ཤིང་གི་ཡལ་ག་དང་སྲོག་ཆགས་ཀྱི་རུས་པ། རྡོ་ཆས་སོགས་ལག་ཆ་བྱེད་པ་དང་། འབྱུང་བཞིའི་གནོད་འཚེ་ལས་གཡོལ་ཆེད། བྲག་ཕུག་དང་རྩྭའི་སྤྱིལ་རྗ་སོགས་བཟོས་ནས་གནས་སྡོད་བྱེད་པའི་ཐོག་མའི་རྣམ་པ་བྱུང་བར་མ་ཟད། རི་སྐྱེས་སྲོག་ཆགས་སྒོ་ཕྱུགས་སུ་བཏུལ་ནས་ལོངས་སྤྱོད་ལ་གསོག་འཇོག་བྱེད་པའི་སྲོལ་དར་བ་རེད། ཡིན་ཡང་། ཕྱུགས་རིགས་གཟན་རྩྭར་བརྟེན་དགོས་ཤིང་། བྲག་ཕུག་སོགས་སུ་གནས་སྡོད་བྱས་ན་སྒོ་ཕྱུགས་འཚོ་ཐབས་བྲལ་བས། མེས་པོ་དག་ལ་སྤོ་སྐྱོད་ཀྱི་རྣམ་པའི་འཚོ་གནས་འདུ་ཤེས་སྐྱེས་མོད། ཡིན་ཡང་། བྲག་ཕུག་དང་སྤྱིལ་རྗ་སོགས་འཁྱེར་མི་ཐུབ་པས། དེ་ལ་དཔེ་བྱས་ནས་འགེལ་བདེ་ལ་ཕུབ་སླ་བའི་སྒོ་ཕྱུགས་ཀྱི་སྤུ་ལས་གྲུབ་པའི་སྦྲ་བཟོས་པ་རེད། དེའི་རྣམ་པ་ནི། འགྲོ་དུས་ཤ་རྐང་མ། །འདུག་དུས་ཤིང་རྐང་མ། །(ཁེད)ཞེས་པ་ལྟར། རུ་སྤོ་དུས་སྒོ་ཕྱུགས་ལ་འགེལ་བ་དང་། ཕུབ་ཚེ་ཀ་མང་གིས་གདག་དགོས་པར་བསྟན་པའོ།།

འོ་ན་སྦྲ་ནི་བྱེ་བྲག་དུས་ནམ་ཞིག་ལ་བྱུང་བ་རེད་ཅེ་ན། 《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། དང་པོ་གནོད་སྦྱིན་ནག་པོས་དབང་བྱས་ཏེ། …… དེ་ནས་རེ་ཏེ་མགོ་གཡག་བདུད་ཀྱིས་བྱས'ཞེས་པ་ལས། རེ་ཏེ་ཞེས་པའི་ཐ་སྙད་བྱུང་བར་གཞིགས་ན། བོད་མིའི་སྤོ་སྐྱོད་སྡོད་ཁང་སྟེ། སྦྲ་བྱུང་ནས་ད་ལྟའི་བར་མ་མཐའ་ཡང་ལོ་ངོ་སུམ་སྟོང་ལྷག་གི་ལོ་རྒྱུས་ལྡན་པར་ངེས།

2 གྲུབ་ཆ་དང་བྱེད་ནུས།

དམངས་ཁྲོད་ཀྱི་ཁེད་ལས། འབྲི་གཅིག་ཐག་པ་བརྒྱ་ཡིས་བསྟད། ཅེས་དང་།  ནག་ནག་ལེབ་མོ་སུལ་བརྒྱ་མ། །སུལ་བརྒྱ་མ་ཤེས་རུ་བརྒྱ་དགོས། །ཞེས་པ་ལྟར། སྦྲ་ནི་སྣ་འདུས་ཀྱི་ཕུང་བོ་ཞིག་ཡིན་པས། དེ་དག་རེ་རེ་བཞིན་ངོ་སྤྲོད་བྱ་ཆེད། འདིར་སྦྲའི་གྲུབ་ཆ་དང་བྱེད་ནུས་གཙོ་གྲས་འགའ་བྱེ་བྲག་ཏུ་བརྗོད་ན།          

རེ་ལྡེ་ནི་འཐག་གྲུབ་ཅིག་ཡིན་ཞིང་། རྩིད་པའི་འཐག་པ་ལ་རེ་དང་། བལ་གྱིས་འཐག་པ་ལ་ས་འཐག་ཟེར་ཞིང་། ཞེང་ལ་ལི་སྨི22ནས23ལྷག་ཡོད། ས་འཐག་གིས་ཁ་ཚུབ་དང་ཆུ་རེ་མ་གཏོགས་བྱེད་སྲོལ་མེད་པར། སྦྲའི་གཡས་ཁྱིམ་དང་གཡོན་ཁྱིམ་ཚང་མ་རེ་ཡིས་བྱས་ཡོད། སྤྱིར་རེ་ལྡེ་ལ་ཉི་འོད་དང་། ཆར་ཆུའི་ནང་དུས་ཡུན་རིང་བོ་འགོར་ནའང་མདོག་མི་འགྱུར་བའི་ཁྱད་ཆོས་ལྡན་པ་དང་། དེའི་རང་སྟེང་དང་འཐག་སླས་གང་ཐད་ནས་བརྐྱང་བསྐུམ་བྱེད་པ་དང་། སྐམ་སླ་བ། ལྗིད་ཚད་ཡང་བ་བཅས་ཀྱི་ཡིན་པས། ཉི་འོད་དང་བར་ཐག་ཉེ་ཞིང་། དབྱར་དགུན་སྟོན་དཔྱིད་མེད་པར་ཆར་ཞོད་དང་། ཁངས་རླུང་ཁྲོད་འཚོ་གནས་དང་རུ་སྤོ་བར་སྟབས་བདེ་བའི་ཁྱད་ཆོས་ལྡན།

ཆོན་ཐག་ནི་སྦྲའི་ཕྱོགས་བཞི་ན་འབུ་སྡོམ་གྱི་རྐང་ལག་ལྟར་ཡོད་པའི་སྦྲ་ཡར་མར་ལ་རྐྱོང་བྱེད་ཀྱི་ཐིག་གུ་ལ་ཟེར། དབྱེ་ན་སྒོ་ཆོན་དང་། དཀྱིལ་ཆོན། གྲུ་ཆོན། ཕུག་ཆོན་བཅས་རིགས་བཞི་ཡོད། དེར་བཟང་བ་རྒྱུན་ཐག་དང་། འབྲིང་བ་རྩིད་ཐག་དང་བལ་ཐག ཐ་མ་ལྕགས་སྐུད་སོགས་གནམ་གཤིས་ཀྱི་འགྱུར་བ་དང་བསྟུན་ནས་བརྐྱང་བསྐུམ་གྱི་འགྱུར་བ་མེད་པའི་རིགས་ཡིན། རྒྱུན་ཐག་གི་བྱེད་ནུས་ནི་ཆར་བ་བབས་པ་སོགས་གནམ་གཤིས་བརླན་གཤེར་དུ་གྱུར་ཏེ་རེ་ལྡེ་སྐུམ་དུས་ཇེ་རིང་ལ་འགྲོ་བ་དང་། གནམ་གཤིས་སྐམ་ཤུགས་ཇེ་ཆེར་སོང་བ་དང་མཉམ་དུ་རྒྱུན་ཐག་སྐམ་ནས་ཇེ་ཐུང་ལ་སོང་ནས་རང་ཤུགས་ཀྱིས་སྦྲའི་འཐེན་ལྷོད་རན་པར་བྱེད་ཐུབ། དེ་ལ་དབྱེ་ན་སྒོ་ཆོན་དང་། གྲུ་ཆོན། དཀྱིལ་ཆོན། ཕུག་ཆོན་བཅས་ཡོད། སྒོ་ཆོན་ལ་ཡང་གོང་ཆོན་དང་ཞོལ་ཆོན་རིགས་གཉིས་སུ་དབྱེ་སྟེ། གོང་ཆོན་ནི་སྦྲའི་སྒོ་ཐོག་ན་ཡོད་པའི་ཆོན་ཐག་ལ་ཟེར་ཞིང་། ཞོལ་ཆོན་ནི་དེའི་འོག་རོལ་དུ་ཡོད་པའི་སྦྲ་ཀླད་དང་སྦྲའི་སྒོ་ཕྱར་གྱི་མཚམས་ན་ཡོད་པའི་ཆོན་ཐག་ལ་གོ གྲུ་ཆོན་ནི་སྦྲའི་ཟུར་རམ་གྲུ་ཁ་ན་ཡོད་པའི་ཆོན་ཐག་སྟེ། སྦྲའི་གྲུ་ཟུར་བཞི་ན་རེ་རེ་ཡོད། ཕུགས་ཆོན་ནི་སྦྲའི་ལྟག་རྒྱབ་ན་ཡོད་པའི་ཆོན་ཐག་ལ་ཟེར།

ཀ་ར་ནི་སྦྲ་འགེར་བྱེད་ཀྱི་ཀ་བ་ལ་ཟེར། དབྱེ་ན་ཕྱི་ཀ་དང་ནང་ཀ་གཉིས་སུ་ཡོད། སྦྲ་གུར་རེ་ལ་ནང་ཀ་དགུ་དང་ཕྱི་ཀ་བཅུ་སྟེ། ཕྲ་སྦོམ་གཅིག་པ་དང་རིང་ཐུང་མི་འདྲ་བའི་ཀ་ར་བཅུ་དགུ་ཡིས་གྲུབ། དེ་དག་ནི་སྦྲ་ལ་མཚོན་ན་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀ་རས་སྦྲའི་ཕྱོགས་བཞི་མཚམས་བརྒྱད་ཡར་བཀྱགས་ནས་རྐྱོང་ཐུབ་པས། ཀ་རས་བཀྱགས་པ་ཇི་ལྟར་འགྲིག་ན། ཆར་ཆུ་ཡང་དེ་ཙམ་དུ་འགོག་ཐུབ།

དེར་སྦྲའི་ཆེ་ཆུང་ལྟར་རིང་ཐུང་དང་ཕྲ་སྦོམ་གཏན་ཁེལ་བྱ་དགོས། གལ་ཏེ་ཀ་ར་ཐུང་བ་ཡིན་ན་ཐབས་གཉིས་ཡོད་དེ། (1)ཀ་རྟིང་ལ་རྡོ་བཞག་ནས་ཀ་ར་ཇེ་མཐོར་གཏོང་བ། (2)ཀ་ར་གཞན་རྣམས་ཀྱི་ཀ་རྟིང་ཕྱིར་བསྣུར་ཏེ། སྦྲའི་ཕྱོགས་ཡོངས་ནས་ཇེ་དམའ་རུ་གཏོང་བ། ཡང་དེ་ལས་ལྡོག་སྟེ། ཀ་ར་རིང་བ་ལའང་ཐབས་གཉིས་ཡོད་དེ། (1)ས་ཅུང་ཙམ་བརྐོས་ནས་ཀ་རའི་རྟིང་ཚད་དང་རན་པར་ས་འོག་ལ་འཕེན་པ། ཀ་རྟིང་ས་འོག་ལ་བཙུགས་ན་ཀ་ར་ཇེ་བརྟན་དུ་འགྲོ་བར་མ་ཟད། སྦྲ་ཡང་བརྟན་པོར་འགྱུར་ངེས་ཡིན། འོན་ཀྱང་ས་རློན་པའི་ནང་འཇོག་ཡུན་རིང་ན་ཀ་རྟིང་རུལ་བའི་ཉེན་ཁ་ཡོད། (2)ཀ་ར་རིང་བའི་ཀ་རྟིང་ཕྱིར་བསྣུར་ཏེ་ཀ་ར་གཞན་དག་དང་མཐོ་དམའ་རན་པར་བྱེད་སྲོལ་ཡོད།

ངོ་ཐིག་ནི་སྦྲ་ཀླད་ཀྱི་ནང་ཕྱོགས་སུ་འཐེན་པའི་ཐ་གུ་དག་ལ་ཟེར། དེ་བལ་ཐིག་སུམ་བཟོས་དང་བཞི་བཟོས་ཅན་ཡིན་ཞིང་། དེ་ལྟར་བྱས་ན་སྲ་མོ་ཡིན་པ་དང་། ཞེང་ཆེ་བས་སྦྲ་ཀླད་ཐར་ཆོད་ཐུབ་པ་དང་རེ་ལྡེ་མི་བརྡར་བ། ཐ་གུ་གཡས་བརྒྱུས་དང་གཡོན་བརྒྱུས་བྱས་ནས་རི་མོ་བསྒྲིགས་ཡོད་ལ། ཁ་དོག་ཕལ་ཆེ་བ་དཀར་པོ་ཡིན་པས། མིག་ལ་མཛེས་པ་བཅས་ཀྱི་ཁྱད་ཆོས་ལྡན་པར་མ་ཟད། ངག་རྒྱུན་དུ“གཡས་ཁྱིམ་ལ་ངོ་ཐུག་དྲུག་དང་། གཡོན་ཁྱིམ་ལ་ངོ་ཐུག་དྲུག་བཅས་ཁྱོན་བསྡོམས་བཅུ་གཉིས་ཡོད་པ་དག་གིས་ལོ་འཁོར་ཟླ་བ་བཅུ་གཉིས་མཚོན”ཟེར་མོད། དེང་འདིར་སྦྲ་ཡོད་ཚད་ལ་ངོ་ཐིག་བཅུ་གཉིས་ཡོད་པའི་ངེས་པ་མེད་དེ། སྦྲའི་ཆེ་ཆུང་ལྟར་ངོ་ཐིག་བདུན་ཅན་དང་། དགུ་ཅན་སོགས་ཡོད་ལ། ད་དུང་དེ་ལས་མང་བ་ཅན་ཡང་འདུག

ཁ་ཚུབ་ནི་སྦྲའི་ཀླད་གཡས་གཡོན་འབྲེལ་མཚམས་ཀྱི་ས་འཐག་དཀར་པོས་གྲུབ་པ་དེ་ལ་ཟེར་ཞིང་། བྱེད་ནུས་ནི་དུ་བ་ཕྱིར་འགྲོ་ས་དང་དཀར་ཁུང་ལྟ་རྗ་ཡིན། ཞིབ་ཏུ་བཤད་ན། ཡ་ལོག་གི་ཀ་ར་མར་སྐོར་གྱིས་བཀྱགས་པའི་ཟུང་ང་དེ་དང་། མ་ལོག་གི་ཀ་ར་ཡར་སྐོར་གྱིས་བཀྱགས་པའི་ཟུང་ང་གཉིས་མཚམས་ཀྱི་དཀར་ཁུང་གི་ཁ་འགེབ་སྟེ། ཆར་དང་ཁངས། དུ་བ་སོགས་འགོག་བྱེད་ཀྱི་ས་འཐག་ལ་ཟེར། བཤད་རྒྱུན་དུ། དུ་བ་ཕྱིར་འགྲོ་རུ་མ་བཅུག་པར་སྦྲ་ནང་ལ་བཀག་སྟེ། རེ་ལྡེའི་འཐག་བར་ལ་དུད་དྲག་ཆགས་ན། གཅིག་ནས་ཐིགས་ཆུ་མི་ཡོང་བ་དང་། གཉིས་ནས་ཇེ་དྲོ་ལ་འགྲོ་བ། གསུམ་ནས་སྦྲ་ཇེ་ནག་ལ་འགྲོ་བ་བཅས་ཀྱི་ཁྱད་ཆོས་ལྡན་པས་ཡིན། བོད་མི་དག་གིས་སྦྲ་ཇི་ལྟར་ནག་ན་དེ་ལྟར་མཛེས་པར་བརྩིའི་སྲོལ་ནི་སྦྲ་ནག་ཅེས་པའི་མིང་ལས་རང་ཤུགས་སུ་ཤེས་ཐུབ།

ཟུང་ང་ནི་མང་ཆེ་བ་རྩིད་ཐག་ཉིས་བཟོས་ཀྱིས་བྱས་འདུག་ལ། ཕོ་ལུང་དང་མོ་ལུང་གཉིས་སུ་དབྱེ་ཡོད། ཕོ་ལུང་གི་སྣེ་ན་ཆ་རུ་ཡོད་པ་དང་། མོ་ལུང་གི་སྣེ་ན་ཆར་ལུང་ཡོད་པས། དེ་གཉིས་སྒྲོག་ན་སྦྲའི་ཕོ་ཁྱིམ་དང་མོ་ཁྱིམ་མཐུད་པ་ཡིན། ཟུང་ང་ཡ་གཅིག་གི་རིང་ཐུང་ནི་རེ་ཞེང་གཅིག་གི་རིང་ཐུང་དང་འདྲ་བར་ལི་སྨི22ནས23ལྷག་ཡོད། བོད་མིས“གནམ་གྱི་བྱེའུ་ཆུང་འཕུར་ལ་ཁད། །འགག་ལ་སོང་ནས་འཆི་ལ་ཁད། །”ཅེས་ཁེད་བཤད་སྲོལ་ཡོད་པ་དེས་ཟུང་ངའི་རྣམ་པ་དང་། དེའི་སྟེང་ལ་ཤུགས་ག་འདྲ་ཞིག་ཁེལ་ཡོད་པ་ཤེས་ཐུབ།

ཕྱིང་ཀོར་ནི་སྦྲའི་ནང་ཕྱོགས་ཀྱི་གྲུ་བཞིའི་ངོ་ཐིག་དང་སྐེ་རགས། གྲུ་བཞིའི་ནང་གཏན་གྱི་མགོའི་མཚམས་ལ་བཞག་ཡོད་པ་དང་། ཕྱིང་ཀོར་གྱི་ནུས་པ་གཙོ་བོ་ཀ་མགོ་ཁེལ་ས་དེའི་རེ་སྲུབས་མི་འཆོར་བ་དེ་ཡིན།

སྒོ་ཕྱར་ནི་རེ་དང་རས་གཉིས་ཀྱིས་གྲུབ་པ་དང་། སྦྲའི་མདུན་ངོས་སུ་བརྒྱབ་ཡོད། དེར་ཉི་མ་དྲོ་དུས་ཡར་བཀྱགས་ནས་རླུང་དང་ཉི་འོད་རྒྱུ་ས་དང་། དངོས་རིགས་སྒོ་ནང་དུ་མི་ཤོང་བ་དག་ཡར་སྐྱེལ་མར་ལེན་བྱེད་བདེ་བའི་བྱེད་ནུས་ལྡན། དཔེར་ན། འོ་ཟོ་ལྟ་རྗའོ།། དེ་མིན་གཡག་ལ་འགེལ་དུས། སྒོ་ཕྱར་ཁ་ཚུབ་མེད་པའི་སྦྲའི་གོང་རྩར་བཞག་ན། ཁལ་ལ་ལྕི་ཡང་མི་འཆོར་བར་དོ་མཉམ་ཡོང་བའི་ནུས་པ་ལྡན། དེང་སྐབས་སྒོ་ཕྱར་གྱི་ངོས་སུ་བཀྲ་ཤིས་རྟགས་བརྒྱད་ལ་སོགས་ཀྱི་རི་མོ་སྣ་ཚོགས་ཕབ་སྟེ། མཛེས་སྤྲས་བྱས་པའང་འདུག

སྐེ་རགས་ནི་སྦྲའི་ཀླད་དང་སྔོན་རྗེས་གཉིས། མཁལ(འགྲམ)གཉིས་ཀྱི་འབྲེལ་མཚམས་སུ་བཞག་ཡོད་པ་དེར་གོ དེ་ནི་སྦྲ་ནག་ལ་སྔོན་རྗེས་གཉིས་སུ་མ་གཏོགས་མེད་ལ། རེ་ནག་ལ་སྐོར་བ་བྱས་ནས་ཡོད།

ཧྲག་ཐིག་ནི་སྦྲའི་རྒྱབ་དང་མཁལ་གཉིས་ན་ཡོད་པའི་ཆུ་རེའམ་ས་འབབ་ཀྱི་གོང་དུ་ཐིག་གུ་ཞིག་འཕྲེད་དུ་ཡོད་པ་ལ་ཟེར། སྦྲ་ནག་ལ་མཁལ་ན་མ་གཏོགས་མེད།

འདབས་ཐིག་ནི་སྦྲ་ནག་དང་རེ་ནག་གི་འདབས་ཁ་སར་འདོགས་བྱེད་ཀྱི་ཐིག་གུའི་རིགས་དེར་གོ སྤྱིར་བཏང་དུ་སྦྲ་ནག་གི་འདབས་ཁ་ཅུང་མཐོ་བ་དང་། རེ་ནག་གི་འདབས་ཁ་ཅུང་དམའ་བ་ཡིན་ལ། དེ་ལྟར་ཡིན་པས་སྦྲ་ནག་དང་རེ་ནག་གཉིས་ལ་དྲོད་འཁྱགས་ཀྱི་ཁྱད་པར་ཡོད་པ་རེད།

QQ截图20160311184351.png.png


3 རིགས་དབྱེ་དང་ཁྱད་པར།
3_1 རིགས་དབྱེ།

QQ截图20160311181417.png.png

3_2 སྦྲ་ནག་དང་རེ་ནག་གི་ཁྱད་པར།

(1)སྦྲ་ནག་དང་རེ་ནག་གི་བཟོ་ཕྱོགས་ཀྱི་ཁྱད་པར།

སྦྲ་ནག་དང་རེ་ནག་གཉིས་ཀྱི་ཁྱད་པར་གཙོ་བོ་ནི་སོ་སོའི་འཕེན་ཕྱོགས་དང་། གྲུ་ཐིག་དང་གསའ་ཡོད་མེད་དེ་ཡིན། སྦྲའི་རེ་ཡོད་ཚད་ཐུར་དུ་འཕངས་ཡོད་པས། རེ་གྲོན་ཆུང་བྱེད་ཐུབ་པ་དང་བཟོ་ཚགས་མེད། རེ་ནག་གི་རེ་ལྡེ་ཀླད་དང་འགྲམ་གཉིས་སུ་འཕྲེད་དུ་འཕངས་ཡོད་ལ། མདུན་རྒྱབ་གཉིས་སུ་ཐུར་དུ་ཕྱང་ཡོད་པས། རེ་གྲོན་ཆུང་བྱེད་མི་ཐུབ་པ་དང་བཟོ་ཚགས་ཅུང་ཆེ་བར་མ་ཟད། ད་དུང་གྲུ་ཁ་བཞི་ན་གསའ་ཞེས་དབྱིབས“QQ截图20160311181808.png.png”འདི་ལྟ་བའི་རེ་ཟུར་དྲས་མ་བསྒྲིགས་ཡོད། དེའི་སྲུབས་གྲུ་ཐིག་ཐོག་ཏུ་བཙེམས་ཡོད་པས། སྦྲ་ནག་དང་འདྲ་བར་གྲུ་ཁའི་ས་འདོགས་ཐོག་ན་རེ་འཐེན་བྱེད་ཀྱི་ཐ་གུ་ཁེར་རྐྱང་དུ་མེད། དབྱིབས་ཀྱི་ཆ་ནས་ཀྱང་སྦྲ་ནག་ཅུང་གྲུ་བཞི་ནར་མོ་དང་དཔངས་དམའ་མོ་ཡིན་ལ། རེ་ནག་གྲུ་བཞི་ཁ་གང་མ་དང་འདྲ་ཞིང་། དཔངས་ཚད་ཅུང་མཐོ་ལ། སྒོ་ཆེན་ལས་སྒོ་ཆུང་མེད། དེ་ནི་ཁོ་གཉིས་ཀྱི་ཁྱད་པར་གཙོ་བོ་ཡིན།

1.png.png

(2)རེ་ནག་ཁང་སྒོ་མ་དང་རེ་ནག་སྦྲ་སྒོ་མའི་ཁྱད་པར།

རེ་ནག་སྦྲ་སྒོ་མའི་མིང་གཞན་ལ“སྦྲ་མ་རེ”ཟེར། དེའི་སྟེང་ན་སྦྲ་དང་རེ་ནག་ཁང་སྒོ་མ་གཉིས་ཀས་ཁྱད་ཆོས་ལྡན་པས་དེ་ལྟར་ཐོགས་པར་བཞེད། འོ་ན་དེའི་སྟེང་གི་སྦྲ་དང་མཚུངས་པའི་ཆ་གང་ཡིན་ཞེ་ན། སྒོ་ཕྱར་དང་སྒོ་ཆོན་གཉིས་ཡོད་པ་དེ་ཡིན། གཞན་དག་ཚང་མ་རེ་ནག་ཁང་སྒོ་མ་དང་མཚུངས་པས། སྦྲ་མ་རེ་ཞེས་པའི་དོན་ནི་སྦྲ་མ་ཡིན་ལ་རེ་ནག་ཀྱང་མ་ཡིན་པར་གཉིས་ཀའི་ཆ་ལྡན་པ་ཞིག་ལ་གོ

12.png.png

རེ་ནག་ཁང་སྒོ་མ་ནི་སྒོ་ཕྱར་ཁེར་རྐྱང་དུ་མེད་པར་སྒོ་ཁ་ནི་ཁང་བའི་སྒོ་དང་འདྲ་བར་རེ་ཀླད་ཞེང་གི་མཚམས་ནས་དྲང་མོར་སར་ཕྱང་དུ་བཞག་ཡོད་ལ། སྒོ་ཆེན་ལས་སྒོ་ཆུང་མེད། དེ་ནི་ཁོ་གཉིས་ཀྱི་ཁྱད་པར་གཙོ་བོ་ལགས། 

123.png.png

(3)སྦྲ་ནག་དང་རེ་ནག་ཕུབ་སའི་ཁྱད་པར།

སྦྲ་ལ་དུས་ཀྱི་ཆ་ནས་དབྱར་སྦྲ་དང་དགུན་སྦྲ་གཉིས་ཡོད།  དགུན་ཁའི་སྦྲའི་རེ་སྲུབས་ནང་ལ་འཁོར་ཡོད། རེ་ནག་ཀྱང་དེ་ལས་མ་འདས་སོ།། ཕུབ་སའི་ས་དབྱིབས་ལ་ཁྱད་པར་ཆེན་པོ་མེད་པར་རླུང་ཁ་ཞིག་མིན་ན་ཆོག འོན་ཀྱང་དབྱར་ཁའི་སྦྲ་དང་རེ་ནག་ཕུབ་སའི་ས་དབྱིབས་ལ་ཁྱད་པར་ཆེན་པོ་ཡོད་དེ། སྦྲ་རྒྱབ་མཐོ་ལ་མདུན་ཅུང་དམའ་བའི་ས་ངོས་ནས་ཕུབ་ན་ཐིགས་ཆུ་མི་ཡོང་། རེ་ནག་ནི་སྦྲ་དང་མི་གཅིག་པར་ས་ངོས་ཇི་ལྟར་བདེ་སར་ཕུབ་ན་དེ་ལྟར་ལེགས། གལ་ཏེ་རེ་ནག་གི་མདུན་རྒྱབ་གཉིས་གང་རུང་གཟར་ཁ་རུ་བསྐོར་ན། སྦྲ་ཀླད་དང་སྔོན་རྗེས་ན་སྲུབས་ཡོད་པས་ཆུ་བཞུར་ཁག་ནས་སྦྲ་ནང་དུ་ཐིགས་ཆུ་ཡོང་བ་ཡིན། གང་ལྟར་ཡང་སྦྲ་ཕུབ་ཕྱོགས་མ་འགྲིག་ན། འབྲོག་པའི་སྦྲ་ནི་དཔྱིད་རླུང་དམར་ནང་དུ་སྨྱོས་པ་འདྲ། །དབྱར་ཆར་ཆུའི་ནང་དུ་ངུས་པ་འདྲ། །ཞེས་པའི་ཁ་དཔེ་ཡི་རྗེས་སུ་མི་འགྲོ་བའི་ངེས་པ་མེད།

4 ཕུབ་སྟངས་དང་སྒྱེལ་པའི་གོ་རིམ།
4_1 ཕུབ་སྟངས།

སྦྲ་ཐོག་མར་ཕུབ་དུས་ས་ལ་བརྟག་དགོས་མོད། འོན་ཀྱང་རྒན་པའི་ངག་སྒྲོས་ལྟར་ན། སའི་བདེ་གཟར་དང་ཆུ་ལོག་གྲང་རླུང་སོགས་ཀྱི་ཉེན་ཁ་ཡོད་མེད་ལ་བལྟ་དགོས་པ་ལས། ས་དགྲ་ཡོད་མེད་ལ་བརྟག་མི་དགོས་ཟེར། རྒྱུ་མཚན་ནི་སྦྲ་ནག་གི་དབྱིབས་རུས་སྦལ་གྱི་དབྱིབས་གཟུགས་ལྟར་ཡོད་པས། ས་དགྲ་གནོན་ཐུབ་པ་དང་། སྦྲའི་ལྟག་རྒྱབ་ཏུ་རྡེའུ་འབུམ་ཞིག་བླུགས་ན། ས་དགྲའི་གནོད་པ་གཏན་ནས་མེད་ཟེར། འོན་ཀྱང་། ཁ་དཔེ་ལ་སྦྲ་མཐིང་སྨུག་ཁ་རུ་ལྷོ་ལ་བརྒྱངས། ཞེས་པ་ལྟར། སྦྲ་ཕུབ་དུས་ཁ་ལྷོ་ཕྱོགས་ལ་སྐོར་སྲོལ་ཡོད་པ་ཤེས་དགོས། དེ་ནས་སྦྲ་དངོས་སུ་ཕུབ་སྐབས། ཐབ་ཟུང་གཙོ་བྱས་ཟུང་ང་ཕན་ཚུན་བསྒྲོགས་ཏེ། ས་ངོས་ལ་ཐར་བཅད་ནས་ཆོན་ཐག་དང་གྲུ་ཁ་རེ་རེའི་རྡེབ་ཡུལ་ལ་བལྟས་རྗེས། ཐོག་མར་སྒོ་ཕུགས་གཉིས་ཀྱི་ཆོན་ཐག་དང་། དེ་ནས་ཡར་སྐོར་མར་སྐོར་བཞི་གདགས་དགོས། དེའི་རྗེས་རིམ་བཞིན་གྲུ་ཁ་བཞི་འཐེན་པ་དང་། ནང་བརྟེན་བཞི་འཛུགས་པ། གྲུ་ཐིག་ཐོག་ནས་སྦྲ་འཐེན་པ། འདབས་ཐིག་འཐེན་པའི་ལས་བྱེད་པ་ཡིན་ལ། དེ་ལྟར་བྱས་རྗེས་ཁ་ཚུབ་ཀྱི་སྔོན་རྗེས་གཉིས་ཚེམ་པ་དང་། སྒོ་ཆུང་འཇོག་པ། སྒོ་ཕྱར་རྟོལ་ཐིག་བྱས་ནས་འཐེན་པ་དེའོ། །འོན་ཀྱང་ཁ་ཚུབ་ཚེམ་དུས་སྐུད་པ་རིང་ལེན་བྱེད་པ་ལས་ཐུང་ལེན་བྱེད་སྲོལ་མེད་ལ། དེ་ལྟར་བྱེད་དོན་ནི་སྦྲ་སྒྱེལ་དུས་སྐུད་པ་ཕྱིར་ལེན་དགོས་པས་ཡིན། ཚེམ་སྲོལ་དེའི་མིང་ལ“ཨབ་རྒྱག་པ”ཞེས་ཟེར། དེའི་རྗེས་ཀྱི་ལས་ཚང་མ་རང་གི་བདེ་ཕྱོགས་ལྟར་བྱས་ཆོག

4_2 སྒྱེལ་སྟངས།

སྦྲ་ནི་གང་འདོད་ལྟར་བསྒྱེལ་ཆོག་པ་ཞིག་མིན་པར། དེ་ལ་གོ་རིམ་ངེས་ཅན་ཞིག་ཡོད། གལ་ཏེ་གོ་རིམ་དེ་དག་མ་ཤེས་ཚེ། སྦྲ་རུལ་བ་དང་མེར་བསྲེག་པ་སོགས་ཀྱི་ཉེན་ཁ་ཡོད་པས། སྦྲ་སྒྱེལ་དུས་ཐོག་མར་ཁ་ཚུབ་ཀྱི་ཨབ་གཏོར་བ་དང་། སྒོ་ཕྱར་ལེན་པ། འདབས་ཐིག་འབལ་བ། སྦྲ་ཐོག་གི་རེ་འཐེན་བྱེད་ཀྱི་ཐ་གུ་བཞི་ལྷོད་དགོས་པ་དང་། གྲུ་བཞིའི་ས་འདོགས། ནང་ཀ སྒོ་ཆོན། ཕུག་ཆོན་སོགས་ཀྱི་ལས་ཀ་བྱེད་པ་དང་། ཡ་ལོག་གི་ཡར་སྐོར་དང་མ་ལོག་གི་མར་སྐོར་གྱི་ཀ་མགོ་ཁེལ་སའི་ཟུང་ང་གཉིས་མ་གཏོགས་ཟུང་ང་ཚང་མ་བརྟོལ་དགོས། དེ་ལྟར་བྱས་ན་ད་གཟོད་སྦྲའི་ཕོ་ཁྱིམ་དང་མོ་ཁྱིམ་གཉིས་ཐབ་ཀའི་མགོ་ནས་ཡུན་གྱིས་སོ་སོར་གྲོལ་བ་དང་། དེ་དང་མཉམ་དུ་སྦྲ་ལྷོད་ནས་གྲུ་ཆོན་བཞིའང་རང་ཤུགས་ཀྱིས་ལོག་འགྲོ་བ་ཡིན། སྐབས་འདིར་སྦྲའི་ཆོན་མགོའི་ཕུར་བ་དང་། ཀ་ར། ཆོན་ཐག་སོགས་བླངས་རྗེས་བལྟབ་དགོས།

5 ལྟེབ་སྟངས།

སྤྱིར་བཏང་དུ་སྦྲ་ལྟེབ་སྟངས་ལ་སྦྲ་ཕུབ་པ་དང་སྦྲ་སྒྱེལ་པ་ལྟ་རྗའི་གོ་རིམ་ཞིབ་ཆ་ཞིག་མེད། སྦྲ་བསྒྱེལ་པའི་རྗེས་སུ་ས་ངོས་ཅུང་བདེ་སྙོམ་ཞིག་ནས་ཐར་བཅད་དེ། སྒ་ཐོག་ལ་བདེ་ཕྱོགས་ལྟར་ཆེ་ཆུང་ཚད་དང་རན་པར་བལྟབས་ཏེ། ཆོན་ཐག་གཉིས་མཐུད་ནས་བཞི་ཚིགས་བྱས་ནས་བསྡམས་པས་ཆོག་པ་ཡིན། འོན་ཀྱང་། སྦྲ་ལྟེབ་དུས་སྦྲ་ཁུག་ལ་ཕུར་བ་དང་མེ་འདྲུད་སོགས་སྣེ་མོ་ཅན་གྱི་དངོས་པོ་འཆོར་མི་རུང་། གལ་ཏེ་དེ་རིགས་ཤོར་ན་སྦྲ་ལ་ཕྲ་ཁུང་ཕུག་པའི་ཉེན་ཁ་སོགས་ཡོད། དེ་མིན་སྦྲ་མ་སྐམ་པར་བལྟབས་ནས་ཡུན་རིང་བཞག་ན་རུལ་བའི་ཉེན་ཁའང་ཆེའོ། །