གངས་ཏེ་སེ།སྔ་མའི་པར་གཞི་དེ རྡོ་རྗེ་རབ་བརྟན།  ནས 2016-08-03 17:48ལ་འགྲུབ།

གངས་ཏེ་སེ།

གངས་ཏེ་སེ།
བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེངས་རྫོང་དུ་ཡོད་པའི་གངས་རི་ཞིག་གི་མིང་།
1 ལོ་ཙཱ།

རྒྱ་ཡིག 冈底斯山

དབྱིན་ཡིག Mt.Kailash

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  རང་རྒྱལ་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཆའི་གངས་རི་ཞིག

2.དུང་དཀར་ཚིག་མཛོད་ཆེན་མོ་ལས།  བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེངས་རྫོང་དུ་ཡོད་པའི་གངས་རི་ཞིག་གི་མིང་སྟེ།  ཡོངས་གྲགས་སུ་སྟོད་གངས་རིན་པོ་ཆེ་ཟེར་ཞིང༌།  མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་དྲུག་སྟོང་བདུན་བརྒྱ་བཅུ་བཞི་དང༌། གངས་རིར་བསྐོར་བ་ཆ་ཚང་གཅིག་ཐེབས་པའི་འཁོར་ཚད་སྤྱི་ལེ་ལྔ་བཅུ་ང་གཉིས། གངས་རིའི་བསྐོར་ལམ་གྱི་གཙོ་གནད་སྒྲོལ་མ་ལ་ཡི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ལྔ་སྟོང་བདུན་བརྒྱ་ཉི་ཤུ་རྩ་གསུམ།  གངས་བསྐོར་ཆ་ཚང་གཅིག་ཐེབས་པར་ཉིན་ཁ་ཤས་འགོར་གྱི་ཡོད་པ་དང༌། དེང་སང་གངས་རིའི་གནས་བསྐོར་གྱི་ཆ་རྐྱེན་འཛོམས་པོ་ཡོད་སྟབས་མགྱོགས་པ་ཚོས་ཉིན་གཉིས་དང༌། མགྱོགས་དལ་རན་པོས་ཕྱིན་ན་ཉི་མ་གསུམ་ལ་བསྐོར་བ་གཅིག་ཐེབས་ཀྱི་ཡོད། གངས་རི་ཏི་སེ་འདི་ཡོངས་གྲགས་སུ་ཀརྨ་བཀའ་བརྒྱུད་དང་། འབྲི་གུང་བཀའ་བརྒྱུད། འབྲུག་པ་བཀའ་བརྒྱུད། དགེ་ལུགས་བཅས་ཚང་མས་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་དང《མངོན་པ་མཛོད》ནས་བཤད་པའི་གངས་རི་ཏི་སེ་ཡིན་པར་གཅིག་གྱུར་གྱིས་ཞལ་གྱིས་བཞེས་པ་ཡིན་ཀྱང་། ས་སྐྱ་པཎ་ཆེན་གྱིས་མཛད་པའི《སྡོམ་གསུམ་རབ་དབྱེ》རྩ་བ་དང༌། དེའི་རང་འགྲེལ་བཅས་ལས་དེང་སང་བོད་དུ་ཡོངས་སུ་གྲགས་པའི་གངས་རི་ཏི་སེ་འདི་བཅོམ་ལྡན་འདས་ཀྱིས་མདོ་རྒྱུད་ནས་གསུངས་པ་དང་《མངོན་པ་མཛོད》ནས་བཤད་པའི་གངས་ཏི་སེ་མ་ཡིན་པའི་སྒྲུབ་བྱེད་འགའ་ཞིག་གསུངས། དེ་ལ་དགག་ལན་གྱི་ཚུལ་དུ། ཞྭ་དམར་སྐུ་ཕྲེང་བཞི་པ་ཆོས་གྲགས་ཡེ་ཤེས་ཀྱིས་མཛད་པ《མཁས་པའི་རྣ་རྒྱན》དང༌།  འབྲི་གུང་ཞབས་དྲུང་ཆོས་ཀྱི་གྲགས་པས་མཛད་པ《རྒོལ་ངན་འཇོམས་པའི་ལེགས་བཤད》འབྲུག་པ་སངས་རྒྱས་རྡོ་རྗེས་མཛད་པ《གནས་གསུམ་གསལ་བྱེད་ལེགས་བཤད་ནོར་བུའི་མེ་ལོང》འབྲི་གུང་རྡོ་རྗེ་འཛིན་པ་ངག་དབང་འཕྲིན་ལས་ཀྱིས་མཛད་པ《གནས་ཆེན་གངས་རི་མཚོ་གསུམ་ཆུ་བོ་བཞི་དང་བཅས་པ་གཏན་ལ་དབབ་པ་ལུང་དོན་སྣང་བར་བྱེད་པའི་མེ་ལོང》རྣམས་བརྩམས་ནས་བོད་དུ་ཡོངས་སུ་གྲགས་པའི་གངས་རིན་པོ་ཆེ་འདི་ཉིད་གངས་རི་ཆེན་པོ་ཏི་སེ་དངོས་ཡིན་པ་དང༌། ཕྱོགས་བཞིའི་ཁ་འབབ་ཀྱི་ཆུ་རྣམས་འབབ་པའི་ཆུ་འགོ་གང་དུ་ཡོད་པ། དེ་དག་བོད་ཀྱི་ས་གནས་གང་དང་གང་བརྒྱུད་ནས་འཛམ་གླིང་རྒྱལ་ཁབ་གང་གི་ས་ཆར་འབབ་པ་སོགས་གསལ་བཤད་ཞིབ་ཕྲ་མཛད་ཡོད། དེ་སྔོན་རྒྱ་གར་གྱི་མུ་སྟེགས་ཆོས་ལུགས་པའི་ནང་གསེས་དབང་ཕྱུག་པ་དང་གཅེར་བུ་པ་སོགས་ལྷ་དབང་ཕྱུག་ལ་སྐྱབས་གནས་སུ་འཛིན་པ་རྣམས་ཀྱིས་གངས་ཏི་སི་འདི་བཞིན་ལྷ་ཆེན་དབང་ཕྱུག་ཆེན་པོའི་བཞུགས་གནས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང༌། གཡུང་དྲུང་བོན་གྱི་ཆོས་བརྒྱུད་འཛིན་པ་རྣམས་ཀྱིས་སྟོན་པ་གཤེན་རབས་མི་བོ་མཆོག་ཞབས་ཀྱིས་བཅགས་ནས་བྱིན་གྱིས་བརླབས་པའི་གནས་ཁྱད་པར་ཅན་ཡིན་པར་ངོས་འཛིན་པའི་གནས་བཤད《ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག》ཅེས་པ་ཞིག་ཀྱང་བརྩམས་ཡོད་པ་བཅས། གངས་ཏི་སེ་འདིར་རྒྱ་གར་གྱི་མུ་སྟེགས་རིག་བྱེད་སྨྲ་བ། བོད་ཀྱི་གཡུང་དྲུང་བོན། ནང་པ་སངས་རྒྱས་ཆོས་ལུགས་བཅས་ཚང་མས་རང་རང་སོ་སོའི་སྔོན་བྱུང་ལོ་རྒྱུས་གཞིར་བཟུང་ནས་ཕྱག་མཆོད་བསྐོར་བ་བྱ་སྲོལ་ཞིག་ཆགས་ཡོད། སངས་རྒྱས་ཆོས་ལུགས་ཀྱི་གཞུང་མངོན་པ་མཛོད་དང༌། ཡོངས་གྲགས་ཀྱི་ངག་རྒྱུན་ལ། གངས་རི་ཆེན་པོ་ཏི་སེ་ནི་གངས་རི་རང་བྱུང་གི་མཆོད་རྟེན་དབྱིབས་ཅན་དུ་ཡོད་པ་དང༌། འཛམ་བུ་གླིང་གི་ཆུ་བོ་ཆེན་པོ་བཞིའི་ཆུ་འགོ་ཡིན་པ་སྟེ། ཤར་ཕྱོགས་ཀྱི་བྲག་རྟའི་ཁ་འདྲ་བ་ནས་ཆུ་བོ་གངྒཱ། ལྷོ་ཕྱོགས་ཀྱི་བྲག་རྨ་བྱའི་ཁ་འདྲ་བ་ནས་ཆུ་བོ་པཀྵུ། ནུབ་ཕྱོགས་ཀྱི་བྲག་གླང་པོ་ཆེའི་ཁ་འདྲ་བ་ནས་ཆུ་བོ་སིན་ནྡྷུ། བྱང་ཕྱོགས་ཀྱི་བྲག་སེང་གེའི་ཁ་འདྲ་བ་ནས་ཆུ་བོ་སི་ཏཱ་འབབ་པར་བཤད་པ་ལྟར་དེང་སང་གི་ཀྲུང་གོའི་ས་བཀྲའི་དཔར་རིས་ནང་དུ་ཡང་དེ་དང་མཐུན་པར་བཀོད་ཡོད་པ་སྟེ། ཆུ་བོ་རྟ་མཆོག་ཁ་འབབ་ནི། གངས་རི་ཏི་སེའི་ཤར་ངོས་ནས་འགོ་ཚུགས་ཏེ་སྐྱིད་གྲོང་གི་བྱང་རྒྱུད་ནས་རིམ་བཞིན་ལྷ་རྩེ། གཞིས་རྩེ། ཆུ་ཤུལ། དེ་ནས་ཀོང་སྟོད་བར་འབབ་པའི་མིང་ལ་ཡར་ལུང་གཙང་པོ་ཟེར། ཀོང་སྟོད་ནས་ཀོང་སྨད་རྒྱ་ལ་སེང་གཏམ་བར་དང༌། དེ་ནས་རྒྱ་གར་ཨ་སམ་དུ་སླེབས་མཚམས་མིང་ལ་བྷ་རམ་པུར་རྟ་ཟེར། ཨ་སམ་ནས་ཁ་ནུབ་ཏུ་ཕྱོགས་ཏེ་བྷ་གྷ་ལའི་རྒྱལ་ཁབ་ཀྱི་བྱང་ངོས་ནས་ཁ་ལྷོར་གཏད་དེ་ཀ་ལི་ཀ་ཏའི་ཤར་ཕྱོགས་ཀྱི་མཚོ་འགག་ནས་ཧིན་དྷུ་རྒྱ་མཚོར་འབབ། རྨ་བྱ་ཁ་འབབ་ནི། གངས་རི་ཏི་སེའི་ལྷོ་ཕྱོགས་ནས་ཤར་ལྷོའི་ཕྱོགས་སུ་ཁ་གཏད་དེ་བལ་ཡུལ་གྱི་ནུབ་ཕྱོགས་བར་དང༌། དེ་ནས་ཁ་ལྷོར་ཕྱོགས་ཏེ་རྒྱ་གར་དུ་སླེབས་མཚམས་སླར་ཡང་ཤར་ལྷོའི་ངོས་སུ་གཏད་ནས་ཀ་ལི་ཀ་ཏའི་ཤར་ཕྱོགས་ཀྱི་མཚོ་འགག་ནས་ཧིན་དྷུ་རྒྱ་མཚོ་དང་འདྲེས། གླང་ཆེན་ཁ་འབབ་ནི། གངས་རི་ཏི་སེའི་ནུབ་ཕྱོགས་ནས་ཀསྨིརའི་ཡུལ་གྱི་བར་ཁ་ནུབ་ཏུ་གཏད་ནས་འབབ་ཅིང༌། དེ་ནས་པ་ཅི་སི་ཐན་གྱི་བྱང་ངོས་ནས་ལྷོ་ནུབ་ཕྱོགས་སུ་ཁ་གཏད་དེ་རྒྱལ་ས་ཁ་ར་ཆིའི་མཚོ་འགག་ཏུ་ཨ་ར་པི་རྒྱ་མཚོར་འདྲེས། སེང་གེ་ཁ་འབབ་ནི། གངས་རི་ཏི་སེའི་བྱང་ངོས་ནས་འགོ་ཚུགས་ཏེ་རྩ་བྲང་བཀྲ་ཤིས་སྒང་ལ་མ་སླེབས་བར་ནུབ་བྱང་ངོས་སུ་ཁ་གཏད་ནས་འབབ་ཅིང༌། དེ་ནས་གླང་ཆེན་ཁ་འབབ་ཀྱི་ཆུ་དང་འདྲེས་ནས་ཁ་ཆེའི་ཡུལ་བར་སླེབས། དེ་ནས་སླར་ཡང་གླང་ཆེན་ཁ་འབབ་དང་ཁ་བྲལ་ནས་ཨ་ཧྥུ་ཧན་གྱི་བྱང་ཕྱོགས་བརྒྱུད་དེ་སྔའི་སུའུ་ལེན་གྱི་ནུབ་ཕྱོགས་སུ་ཡོད་པའི་ཞན་ཧེའི་རྒྱ་མཚོར་འདྲེས་པ་བཅས་ཡིན། གངས་ཏི་སེའི་གནས་བཤད་སྐོར་འབྲི་གུང་གདན་རབས་སོ་བཞི་པ་དཀོན་མཆོག་བསྟན་འཛིན་གྱིས་མཛད་པའི《གངས་རིའི་གནས་བཤད་ཤེལ་དཀར་མེ་ལོང》ལྕགས་དཔར་མའི་ཤོག་གྲངས117ཡོད་པ་དང་གངས་རི་བ་ཆོས་དབྱིངས་རྡོ་རྗེས(བོད་ལྗོངས་མངའ་རིས་ཡུལ་སྐོར་ཚན་པའི་ཕྱི་འབྲེལ་ལོ་ཙཱ་བ)རྩོམ་སྒྲིག་གནང་བ《གངས་མཚོ་གནས་གསུམ་གྱི་ལོ་རྒྱུས་སྐལ་ལྡན་ཤིང་རྟ》《བོད་ལྗོངས་ནང་བསྟན》 1990ལོའི་དུས་དེབ་དང་པོའི་ནང་འཁོད་པ་བཅས་ལ་གཟིགས།

3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེངས་རྫོང་དུ་ཡོད་པའི་གངས་རི་ཞིག་གི་མིང་སྟེ། ཡོངས་གྲགས་སུ་སྟོད་གངས་རིན་པོ་ཆེ་ཟེར་ཞིང་། མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་དྲུག་སྟོང་བདུན་བརྒྱ་བཅུ་བཞི་དང་། གངས་རིར་བསྐོར་བ་ཆ་ཚང་གཅིག་ཐེབས་པའི་འཁོར་ཚད་སྤྱི་ལེ་ལྔ་བཅུ་ང་གཉིས་ཡོད། གངས་རིའི་བསྐོར་ལམ་གྱི་གཙོ་གནད་སྒྲོལ་མ་ལ་ཡི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ལྔ་སྟོང་བདུན་བརྒྱ་ཉི་ཤུ་རྩ་གསུམ། གངས་བསྐོར་ཆ་ཚང་གཅིག་ཐེབས་པར་ཉིན་ཁ་ཤས་འགོར་གྱི་ཡོད། མི་ལ་རས་པ་སོགས་བཀའ་བརྒྱུད་གོང་མ་རྣམས་ཀྱིས་འདི་བཅོམ་ལྡན་འདས་ཀྱིས་མདོ་ལས་ལུང་བསྟན་པ་དང་། མངོན་པ་མཛོད་ནས་བཤད་པའི་གངས་རི་ཏི་སེ་དེ་ཡིན་པར་བཞེད། ས་སྐྱ་པཎ་ཆེན་གྱིས་སྡོམ་གསུམ་རབ་དབྱེ་རྩ་འགྲེལ་བཅས་ལས། དེང་སང་བོད་དུ་ཡོངས་གྲགས་པའི་གངས་རི་ཏི་སེ་འདི་བཅོམ་ལྡན་འདས་ཀྱིས་མདོ་རྒྱུད་ནས་གསུངས་པ་དང་མངོན་པ་མཛོད་ནས་བཤད་པའི་གངས་རི་ཏི་སེའི་ཚད་གཞི་དང་མི་མཐུན་པ་དང་།  གྲུབ་པའི་དྲང་སྲོང་དང་།  གླང་པོ་ས་ལ་རབ་བརྟན་སོགས་མེད་པ་རྒྱུ་མཚན་དུ་བཀོད་ནས་མི་ལ་རས་པ་ལ་དགག་པ་གནང་ཡོད་རེད། དེ་ལ་ཞྭ་དམར་བཞི་པ་ཆོས་གྲགས་ཡེ་ཤེས་དང་།  འབྲི་གུང་ཞབས་དྲུང་ཆོས་ཀྱི་གྲགས་པ་སོགས་ཀྱིས་རྗེ་མི་ལ་རས་པ་ལས་སྒྲིབ་ཟད་པའི་མིག་ཡིན་སྟབས་གྲུབ་པའི་དྲང་སྲོང་དང་།  གླང་པོ་ས་ལ་རབ་བརྟན་སོགས་མཐོང་ཐུབ་ལ།  ཁྱོད་རང་ལས་སྒྲིབ་དང་བཅས་པའི་མིག་ཡིན་སྟབས་དེ་དག་མཐོང་མི་ཐུབ་པ་རྒྱུ་མཚན་དུ་བཀོད་ནས་དགག་ལེན་གནང་ཡོད་པ་རེད།

4.བོན་གྱི་ཤེས་རིག་ཚིག་མཛོད་ལས།  གངས་རིན་པོ་ཆེ་ཡང་ཟེར། དེ་ནི་སྟོད་མངའ་རིས་ཁོངས་སུ་ཡོད་པའི་གནས་རི་རྩ་ཆེན་ཞིག་སྟེ། གཡུང་དྲུང་བོན་གྱི་ལོ་རྒྱུས་ཡིག་ཆ་ལྟར་ན་གངས་རི་དེ་ནི་སྲིད་པ་ཆགས་པའི་གངས་རྒན་དང་གཡུང་དྲུང་བོན་འདུ་གནས་དང་དེ་ནི་ལྷོ་འཛམ་བུ་གླིང་གི་དབུས་སུ་ཆུ་བོ་བཞི་འདུས་ཀྱི་འགོ་ཡིན། གངས་ཏི་སེ་ནི་བོན་གྱི་གནས་རི་གྲགས་ཅན་ཞིག་ཀྱང་རེད། དེ་ཡང་ཐོག་མར་ཞང་ཞུང་གི་དུས་སྐབས་སུ་ཏི་སེ་གངས་འདི་ཞང་ཞུང་རྒྱལ་པོ་རྣམས་ཀྱི་བླ་རི་ལ་བསྟེན་པ་དང་ཞང་ཞུང་གི་རྒྱལ་པོ་བྱ་རུ་ཅན་བཅོ་བརྒྱད་ཀྱི་ནང་ཚན་ཁྲི་ལྡེམ་ལྕགས་ཀྱི་བྱ་རུ་ཅན་ལ་སྟོན་པ་གཤེན་རབ་ཀྱིས་གངས་ཏི་སེ་རུ་བོན་གསུངས། ཞང་ཞུང་གི་ལྷ་མགོན་པོ་རྣམ་གསུམ་གྱི་ནང་ཚན་དབལ་ཆེན་གེ་ཁོད་ཀྱི་ཐུགས་རྟེན་ཡང་གངས་ཏི་སེ་ཡིན། གཡུང་དྲུང་བོན་གྱི་བསྟན་པ་ཕྱི་དར་སྐབས་གངས་ཏི་སེ་ནས་བོན་གཏེར་མང་པོ་བཞེས་པས་གཏེར་གནས་རྩ་ཆེན་ཡང་རེད། གནས་རི་འདི་རུ་བོན་གྱི་གྲུབ་ཐོབ་མང་པོ་སྒྲུབ་པ་ཉམས་ལེན་གནང་མྱོང་བ་དཔེར་ན་ཞང་ཞུང་ཨ་ནུ་ཕྲག་ཐག་ལྟ་བུ་དང་དེ་བཞིན་བོན་གྱི་གསང་སྔགས་མ་རྒྱུད་ཀྱི་སྒྲུབ་གནས་ཉེར་བཞིའི་ཡ་གྱལ་ཡང་རེད། 

གནས་ཀྱི་བཀོད་པ་ཅུང་ཙམ་བཤད་ན། གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་གདུགས་ཕུབ་པའི་འོག ས་པད་མ་འདབ་བརྒྱད་ཀྱི་གདན་གཞི་བཀོད་པའི་སྟེང་། གནས་མཆོག་ཉེར་ལྔ་གྲལ་ལྟར་བསྒྲིགས་པའི་གཙོ་བོ། ཕྱི་ལྟར་ན་གངས་ཤེལ་གྱི་མཆོད་རྟེན་ཚངས་པའི་སྲིད་རྩེ་དང་མཚུངས་པ། ནང་ལྟར་ན་ཡི་དམ་གསས་མཁར་མཆོག་ལྔའི་ཕོ་བྲང་གི་གཏོས་དང་མཉམ་པ། གསང་བ་ལྟར་ན་གནས་ལུགས་རིག་པ་མཐོང་གི་གུར་ཁང་ལྟ་བུ་འདི་ལ།  དབུ་རྩེ་ཟླུམ་ལ་འབུར་བ་ལྷ་ཡི་ནོར་བུ་དང་མཉམ་པ། རི་རྩེ་ཟླ་བ་ཚེས་པ་ལྟ་བུ། སྐེད་པ་ལྷུན་ལ་བརྗིད་པའི་རི་རྒྱལ་ལྷུན་པོ་དང་མཚུངས་པ་རི་སྨད་གྲུ་བཞི་ལྡན་ལ་གླིང་བཞི་ཆག་ལ་བཏབ་པ་འདྲ་བའི་ཞང་ཞུང་བོན་གྱི་བླ་རི་ཏི་སེ་ཞེས་པ། གངས་དཀར་ཏི་སེ་ལ་ཡེ་ཤེས་ཀྱི་མེ་རི་དང་མ་པང་ལ་ཐུགས་རྗེ་དུད་པ་རྟག་ཏུ་ལྡན་པའི་བླ་རི་དེ་འབྱུང་བ་ལྔ་ལས་གྲུབ་ཅིང་།  རྒྱུ་ནི་ཤེལ་ལ་རྣམ་པ་གངས་བྲག་གི་ཚུལ་དུ་ཆགས་པས་མཐར་བསྐལ་པའི་མེ་བདུན་ཤར་ཡང་མི་ཞུ་བར་སྣང་བ་ལ་གནས་ཤིང་། ཡས་མར་དཔག་ཚད་ཕྱེད་བརྒྱད་ལ། མཐའ་སྐོར་དུ་རྒྱང་གྲགས་ཕྱེད་དང་བརྒྱད་ཡོད་ལ། དབྱིབས་ནི་གྲུ་བཞི་ལ་སྒོ་བཞི་དོད་པ་ཞི་རྒྱས་དབང་དྲག་རྣམ་པ་བཞི་ཡི་སྒོ་ནས་སྟོན་པས་གཞལ་ཡས་ཆེན་པོ་རུ་བྱིན་གྱིས་བརླབས་ཏེ།  མཚན་ཡང་གངས་དཀར་ཏི་སེ་བཏགས། དེ་ལ་སྐོར་ལམ་གསུམ་དུ་ཡོད་པའི་ཕྱི་སྐོར་དང་། ནང་སྐོར།  གསང་སྐོར་གསུམ་སྟེ་ཕྱིར་སྐོར་གྱི་ཚད་ནི་མ་བརྩེགས་སྲིད་པའི་རི་བོ་ཆེན་པོ་བཞི་ནས།  གོམ་པ་སྤོས་ཆོག་པའི་གླིང་ཆེན་པོ་བཅུ་དྲུག་བར་དུ་ཡིན། ནང་སྐོར་གྱི་ཞེང་ཚད་ཡང་གསང་བའི་སྦས་ཕུག་བཅུ་གསུམ་ནས་མི་འགྱུར་ས་རྟགས་བཅུ་གསུམ་བར་དང་། གསང་སྐོར་ནི་ཏི་སེའི་སྐུ་རྟེན་ལ་ཀ་མ་རུ་པ་ལས་གྲུབ་པའི་རྒྱལ་བ་རིགས་ལྔའི་སྐུ་ཡིས་སྐལ་ལྡན་རྣམས་ལ་ལུང་བསྟན་ཞིང་གསུང་འབྱོན་པ།  གསུང་གི་རྟེན་དུ་གླེག་བམ་གཏེར་ཆ་བཞི་ཡིས་དུས་བཟང་ལ་གསུང་བསྒྲགས་པ། ཐུགས་ཀྱི་རྟེན་ལ་ཏི་སེ་ཤེལ་གྱི་མཆོད་རྟེན་ལ་གང་མཇལ་ཐར་པ་ཐོབ་པའི་རྟེན་གསུམ་གྱི་གནས་འདི་དང་མགོན་པོའི་གནས་གསུམ་ལ་ཟེར། 

ཏི་སེའི་ལྷོ་ཕྱོགས་ཀྱི་སྟག་རི་ཁྲ་བོ་ལ་དེང་སང་སྨན་མོ་ནག་ཉིལ་ཟེར་ཡང་། གནས་འདི་ཐོག་མར་དབལ་ཆེན་གེ་ཁོད་ཀྱི་སྲུང་མ་སྒྲ་བླའི་རྒྱལ་མོས་བྱིན་གྱིས་བརླབས་ནས་གནམ་ཕྱི་གུང་རྒྱལ་དང་། སྲིད་པའི་སྨན་ཚོགས་ཀྱི་བཞུགས་གནས་ཀྱང་གྱུར་ལ། སྟག་ཁྲ་བོ་འགྱིང་པའི་གཟུགས་དབྱིབས་ཡོད་པས་སྟག་རི་ཁྲ་བོ་ཞེས་ཐ་སྙད་ཆགས་སྐད་འདུག ཞང་ཞུང་སྤོས་རི་ངད་ལྡན་ལ་དེང་སང་བོན་རི་ཟེར་ཞིང་། ཕྱོགས་མཚམས་སུ་ཡོད་པའི་སྒྲུབ་ཕུག་རྣམས་ནི།  སྟག་སྣ་སྒྲུབ་ཕུག་ཅེས་བརྗོད་ལ། རི་བོ་འདིའི་རྩར་ཞང་རྒྱལ་བཅོ་བརྒྱད་ཀྱི་ནང་ཚན་སྟག་སྣ་གཟིག་བརྗིད་རྒྱལ་པོའི་རྒྱལ་ས་ཡོད་པར་ངེས། 


དཔྱད་གཞིའི་ཡིག་ཆ།