ཁྱིམ་ཚང་གི་སྒྲིག་གཞི།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2024-04-19 16:22ལ་འགྲུབ།

ཁྱིམ་ཚང་གི་སྒྲིག་གཞི།

ཁྱིམ་ཚང་ནང་གི་ཁོངས་མིའི་གྲུབ་ཚུལ་དང་ཕན་ཚུན་ནུས་པ་འདོན་པ། ཕན་ཚུན་ཤུགས་རྐྱེན་ཐེབས་པའི་རྣམ་པ་དང་རྣམ་པ་དེ་ལས་གྲུབ་པའི་བལྟོས་བཅས་ཀྱི་གཏན་འཇགས་ཀྱི་འབྲེལ་བའི་དཔེ་ཚུལ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
家庭结构
ཕྱི་ཡིག་གི་མིང་།
family structure
1 ​དོན་སྤྱི།

ཁྱིམ་ཚང་གི་སྒྲིག་གཞི་ནི་ཁྱིམ་ཚང་ནང་གི་ཁོངས་མིའི་གྲུབ་ཚུལ་དང་། ཕན་ཚུན་བར་ནུས་པ་འདོན་པ། ཕན་ཚུན་ཤུགས་རྐྱེན་ཐེབས་རེས་བྱེད་པའི་རྣམ་པ་དང་། དེ་བཞིན་རྣམ་པ་དེ་ལས་གྲུབ་པའི་བལྟོས་བཅས་ཀྱི་བརྟན་འཇགས་ཀྱི་འབྲེལ་བ་བྱེད་སྟངས་ལ་ཟེར། ཁྱིམ་ཚང་གི་སྒྲིག་གཞི་ལ་གཞི་རྩའི་ཕྱོགས་གཉིས་ཡོད་དེ། ①ཁྱིམ་ཚང་མི་འབོར་གྱི་རྒྱུ་རྐྱེན། ཁྱིམ་ཚང་ནི་མི་ག་ཚོད་ཀྱིས་གྲུབ་པ་དང་ཁྱིམ་ཚང་གི་གཞི་ཁྱོན་ཆེ་ཆུང་། ②ཁྱིམ་ཚང་གི་དཔེ་ཚུལ་གྱི་རྒྱུ་རྐྱེན། ཁྱིམ་ཚང་གི་ཁོངས་མིའི་བར་ཕན་ཚུན་འབྲེལ་བ་ཇི་ལྟར་ཡོད་པ་དང་། དེ་བཞིན་འབྲེལ་གཏུག་བྱེད་སྟངས་མི་འདྲ་བའི་དབང་གིས་ཁྱིམ་ཚང་གི་དཔེ་ཚུལ་མི་འདྲ་བ་ཆགས་པ་རེད།

ཁྱིམ་ཚང་གི་སྒྲིག་གཞི་ནི་སྤྱི་མཚན་དུ་གྱུར་བའི་དོན་སྤྱི་ཞིག་ཡིན་ལ། དུས་མཚུངས་སུ་དངོས་སུ་གནས་པ་ཞིག་ཀྱང་ཡིན། དེས་ཁྱིམ་ཚང་གི་ཁོངས་མིའི་ལུས་ཁམས་དང་། སེམས་ཁམས། བྱ་སྤྱོད་བཅས་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་པ་རེད། སྤྱི་ཁོག་གི་སྤྱི་ཚོགས་དང་། དཔལ་འབྱོར། རིག་གནས་བཅས་འཕེལ་རྒྱས་བྱུང་ནས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བཞིན་ཡོད།

2 རིགས་གྲས།

ཁྱིམ་ཚང་ལ་རིགས་མི་འདྲ་བའི་དབྱེ་བ་ཡོད་དེ། ཁྱིམ་ཚང་གི་མི་རབས་ནས་མི་རབས་བར་གྱི་གྲངས་འབོར་དང་གཉེན་ཚན་བར་གྱི་འབྲེལ་བའི་ཁྱད་ཆོས་ལ་གཞིགས་ནས་རིགས་དབྱེ་རྒྱུ་ནི་རྒྱུན་མཐོང་གི་ཁྱིམ་ཚང་གི་རིགས་དབྱེ་ཐབས་ཤིག་ཡིན། གཙོ་བོ་གཤམ་གྱི་ཁྱིམ་ཚང་རིགས་འགའ་ཡོད་དེ།

1.བཟའ་ཟླའི་ཁྱིམ་ཚང་། བཟའ་ཟླ་གཉིས་ལས་གྲུབ་པའི་ཁྱིམ་ཚང་སྟེ། དེའི་ནང་ཁྱོ་ཤུག་རང་མོས་ཀྱིས་ཕྲུ་གུ་མི་བཙའ་བའི་ཏིང་ཁེ་ཁྱིམ་ཚང་དང་། ཕྲུ་གུ་གམ་དུ་མེད་པའི་ཁྱིམ་སྟོང་། དེ་བཞིན་ཕྲུ་གུ་མ་སྐྱེས་པའི་ཁྱོ་ཤུག་ཁྱིམ་ཚང་བཅས་ཚུད།

2.ལྟེ་བའི་ཁྱིམ་ཚང་། ཕ་མ་དང་གཉེན་སྒྲིག་བྱས་མེད་པའི་བུ་ཕྲུག་ལས་གྲུབ་པའི་ཁྱིམ་ཚང་།

3.རྐང་འཛིན་ཁྱིམ་ཚང་། མི་རབས་གཉིས་སམ་ཡང་ན་མི་རབས་གཉིས་ཡན་གྱི་ཁྱོ་ཤུག་གིས་གྲུབ་པ་དང་། མི་རབས་རེར་ཆེས་མང་ནའང་ཁྱོ་ཤུག་གཅིག་ལས་མི་བརྒལ་བ་དང་བར་དུ་མི་རབས་བར་ཆད་མེད་པའི་ཁྱིམ་ཚང་དཔེར་ན། ཕ་མ་དང་གཉེན་སྒྲིག་བྱས་ཟིན་པའི་བུ་ཕྲུག་ལས་གྲུབ་པའི་ཁྱིམ་ཚང་ལྟ་བུ།

4.མཉམ་འབྲེལ་ཁྱིམ་ཚང་། ཁྱིམ་ཚང་ནང་གི་མི་རབས་གཅིག་གི་ནང་དུ་ཁྱོ་ཤུག་གཉིས་སམ་གཉིས་ཡན་ཡོད་པའི་ཁྱིམ་ཚང་སྟེ། དཔེར་ན་ཕ་མ་དང་གཉེན་སྒྲིག་བྱས་ཟིན་པའི་ཕྲུ་གུ་གཉིས་ཡན་ལས་གྲུབ་པའི་ཁྱིམ་ཚང་ངམ་གཅེན་གཅུང་མིང་སྲིང་གཉེན་སྒྲིག་བྱས་རྗེས་ཁྱིམ་ཚང་མི་དབྱེ་བའི་ཁྱིམ་ཚང་ལྟ་བུ།

5.རྣམ་པ་གཞན་པའི་ཁྱིམ་ཚང་། དེའི་ནང་གཉེན་ཡའི་ཁྱིམ་ཚང་དང་། རབས་བཅད་ཁྱིམ་ཚང་། མཉམ་སྡོད་ཁྱིམ་ཚང་། མཚན་མཐུན་དགའ་རོགས་ཁྱིམ་ཚང་། མི་རྐྱང་ཁྱིམ་ཚང་བཅས་ཚུད།

3 ཁྱིམ་ཚང་སྒྲིག་གཞིའི་ཁྱད་ཆོས།

1.ཁྱིམ་ཚང་གི་མི་གྲངས་ཀྱི་གྲུབ་ཚུལ།

ཁྱིམ་ཚང་གི་གཞི་ཁྱོན་དང་མི་འབོར་གྱི་གྲུབ་ཚུལ་གྱིས་ཁྱིམ་ཚང་གྲུབ་ཚུལ་གྱི་ཁྱད་ཆོས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱིན་ཡོད་དེ། སྤྱིར་བཏང་དུ་བཤད་ན། ཁྱིམ་ཚང་གི་མི་འབོར་ཇི་ཙམ་མང་བ་དང་། ཁྱིམ་ཚང་གི་གྲུབ་ཚུལ་ཇི་ཙམ་རྙོག་འཛིང་ཆེ་བ། ཁྱིམ་ཚང་གི་འགལ་བ་འབྱུང་སྲིད་པའི་རང་བཞིན་དེ་ཙམ་གྱིས་ཆེ་བ་དང་། ཁྱིམ་ཚང་དོ་དམ་དེ་ཙམ་གྱིས་དཀའ་བ་ཡིན།

2.ཁྱིམ་ཚང་གི་འཁོར་སྐྱོད་དང་ཁྱིམ་ཚང་བརྟན་འཇགས་ཡོང་བའི་ནང་རྐྱེན།

ཁྱིམ་ཚང་གི་ཁོངས་མིའི་གོ་གནས་དང་མི་སྣའི་གཏན་འབེབས། དེ་བཞིན་དེ་དང་འབྲེལ་བ་ཡོད་པའི་འགན་འཁྲི་དང་། ཁེ་དབང་། འོས་འགན་བཅས་ཀྱི་འབྲེལ་བ་ནི་ཁྱིམ་ཚང་གི་སྒྲིག་སྲོལ་ཆགས་ཡོད། རྒྱུན་ལྡན་གཏན་འཇགས་ཀྱི་ཁྱིམ་ཚང་གི་སྒྲིག་སྲོལ་གྲུབ་པ་ནི་རྒྱུན་ཆད་མེད་པར་གདོང་གཏུག་དང་། འཐབ་རྩོད། འོས་མེད་འགྲིག་ཐབས། ལེགས་སྒྲིག་བཅས་བྱེད་པའི་ཁྱིམ་ཚང་གི་གཡོ་འགུལ་གྱི་བརྒྱུད་རིམ་ཞིག་ཡིན།

3.ཁྱིམ་མིས་དུས་རྒྱུན་གྱི་འགྲོ་འོང་ཁྲོད་གྲུབ་པའི་གཏན་འཇགས་ཀྱི་འབྲེལ་བའི་དཔེ་ཚུལ།

སྤྱིར་བཏང་དུ་བཤད་ན། ཁྱིམ་ཚང་ཞིག་གི་སྒྲིག་གཞི་ལ་འཕྲེད་ཕྱོགས་དང་གཞུང་ཕྱོགས་ཀྱི་མི་རབས་གཉིས་ཀྱི་འབྲེལ་བའི་མཉམ་སྡེབ་རིགས་གཉིས་ཚུད་ཡོད་པས། ཁྱིམ་ཚང་གི་སྒྲིག་གཞི་རིགས་མི་འདྲ་བ་མང་པོ་ཆགས་ཐུབ།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཁྱིམ་ཚང་། སྒྲིག་གཞི།