ལྕགས་ཐར་རྒྱལ།སྔ་མའི་པར་གཞི་དེ ལོ་མི་ཆུང་།  ནས 2023-09-19 17:35ལ་འགྲུབ།

ལྕགས་ཐར་རྒྱལ།

ལྕགས་ཐར་རྒྱལ།
ཁོང་ནི1963ལོར་མཚོ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་སྟག་རིག་སྡེ་བར་སྐྱེས། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་། བོད་ལྗོངས་སློབ་གྲྭ་ཆེན་མོ་དང་། ནང་སོག་དགེ་འོས་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན། རྒྱལ་ཁབ་རིམ་པའི་དགེ་རྒན་སྐད་གྲགས་ཅན་དང་།  རྒྱལ་ཡོངས་དགེ་འོས་སློབ་གྲྭ་ཆེན་མོའི་སྤྱོད་ལེགས་དགེ་རྒན། མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་བ་ཕུལ་བྱུང་བ་དང་དགེ་རྒན་ཕུལ་བྱུང་བ། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ཟུར་པ་དང་།  གླིང་སྤྱི་གཞོན་པ་ཟུར་པ། རྒྱལ་ཁབ་ཀྱི་ཆེད་ལས་རིམ་པ་དང་པོ་བོད་ཀྱི་སྐད་ཡིག་རྩོམ་རིག་གི་སྤྱིའི་འགན་འཛིན་པ་བཅས་ཡིན་ནོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
吉太加
མི་རིགས།
བོད་རིགས།
སྐྱེས་ལོ།
སྤྱི་ལོ1963ལོའི་ཟླ4བ།
སྐྱེས་ཡུལ།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་སྟག་རིག་སྡེ་བ།
ལས་ཐོབ།
དགེ་རྒན་ཆེན་མོ།
འཐུས་ཚབ་བརྩམས་ཆོས།
《བོད་སྐད་ཀྱི་ཚིག་གི་རྣམ་གཞག་རིག་འཕྲུལ་རྒྱན་ཕྲེང》《བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད》
1 ངོ་སྤྲོད་མདོར་བསྡུས།

ཁོང་ནི་སྤྱི་ལོ1963ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་སྟག་རིག་སྡེ་བ་རུ་སྐྱེས་ཤིང་།  ཆུང་དུས་སུ་ཕ་མའི་སྐུ་དྲིན་ལ་བརྟེན་ནས་རིམ་པ་བཞིན་སློབ་ཆུང་དང་།  སློབ་འབྲིང་།  འབྲིང་རིམ་དགེ་འོས་སློབ་གྲྭ་སོགས་མཐར་ཐོན་ཏེ།  སྤྱི་ལོ1981ལོའི་ཟླ་བ9པ་བྱ་བར་ཞུགས། ཁོང་ནི་མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་དགེ་རྒན་གྱི་ལས་ཐོབ་དཔྱད་བསྡུར་བ་དང་།  མཚོ་སྔོན་ཞིང་ཆེན་གྱི་ས་གནས་ལོ་རྒྱུས་འབྲི་རྩོམ་ཁང་གི་བློ་འདྲི་ས།  མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་ཆེད་ཞུས་ཞིབ་འཇུག་པ།  ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་ཆེད་ཞུས་དགེ་རྒན་ཆེན་མོ།  སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་དགེ་རྒན་གསོ་སྦྱོང་གི་སློབ་ཁྲིད་དགེ་རྒན།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་གནད་ཆེའི་ལས་གཞིའི་མཛུབ་སྟོན་པ།  བོད་ལྗོངས་སློབ་གྲྭ་ཆེན་མོའི་མུ་མཐུད་སློབ་གསོ་སློབ་གླིང་གི་གསོ་སྦྱོང་དགེ་རྒན།  མཚོ་སྔོན་ཞིང་ཆེན་བོད་ཡིག་ཁྲིམས་སྐྱོང་ཚགས་པར་གྱི་དཔྱད་བརྗོད་པ།  བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་གླིང་གི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན།  ནང་སོག་དགེ་འོས་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན།  མཚོ་སྔོན་ནང་བསྟན་སློབ་གླིང་གི་ཆེད་ཞུས་དགེ་རྒན་ཆེན་མོ་བཅས་ཀྱི་འགན་འཁུར་མང་པོ་གཅིག་ལྕོགས་སུ་བསྐྱངས་དང་སྐྱོང་བཞིན་དུ་གདའ་འོ། །

2 བྱ་བའི་བརྒྱུད་རིམ། 

སྤྱི་ལོ1981ལོའི་ཟླ་བ9པ་ནས་སྤྱི་ལོ1995ལོའི་ཟླ་བ8པའི་བར་དུ།  མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭའི་བོད་ཡིག་དགེ་རྒན་གྱི་ལས་ཀ་བསྒྲུབས་པ་དང་། 

སྤྱི་ལོ1987ལོའི་ཟླ་བ་7པ་ནས་སྤྱི་ལོ1990ལོའི་ཟླ་བ8པའི་བར་དུ་མཚོ་སྔོན་སློབ་གསོ་སློབ་གླིང་དུ་སྦྲག་ཁྲིད་ཀྱི་སློབ་སྲོལ་ལ་བརྟེན་པའི་ཆེད་སྦྱོང་གི་བསླབ་གནས་གཉེར་བ་དང་།  

སྤྱི་ལོ1995ལོའི་ཟླ་བ9པ་ནས་སྤྱི་ལོ1998ལོའི་ཟླ་བ6པའི་བར་དུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་བསླབ་གནས་གཉེར་བ་དང་།  

སྤྱི་ལོ1998ལོའི་ཟླ་བ7པ་ནས་སྤྱི་ལོ2003ལོའི་ཟླ་བ2པའི་ནང་ལ། མཚོ་སྔོན་མི་རིགས་མཐོ་རིམ་དགེ་འོས་ཆེད་སྦྱོང་སློབ་གྲྭ་རུ་དགེ་རྒན་གྱི་ལས་ཀ་གཉེར་བ་དང་།  

སྤྱི་ལོ2003ལོའི་ཟླ་བ3པ་ནས་སྤྱི་ལོ2004ལོའི་ཟླ་བ7པའི་ནང་དུ།  ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་དགེ་རྒན་གྱི་ལས་ཀ་བསྒྲུབས་པ་དང་།  

2004ལོའི་ཟླ་བ7པ་ནས་ད་ལྟའི་བར་དུ།  མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོ་རུ་དགེ་རྒན་གྱི་ལས་ཀ་གཉེར་བཞིན་བགྲང་བྱ་བཞི་བཅུ་ལྷག་གི་རིང་ལ་བོད་ཀྱི་སྐད་ཡིག་ཁྱབ་སྤེལ་གྱི་སྤྱི་ཚོགས་སློབ་གསོ་དང་།  སྐད་ཡིག་སློབ་ཁྲིད་དང་ཞིབ་འཇུག་གི་ལས་ཀ་ལ་འབད་དེ།  བོད་ཀྱི་བརྡ་སྤྲོད་རིག་པའི་སྔར་མེད་ཀྱི་མ་ལག་གསར་འཛུགས་དང་།  སྔར་ཡོད་ཀྱི་ཆ་ལག་ཇེ་རྒྱས་སུ་གཏོང་བ་དང་།  བོད་ཀྱི་ཡི་གེ་རིག་པ་དང་།  མིང་བརྡ་རིག་པའི་གཞུང་ལུགས་གསར་སྐྲུན་སོགས་ཀྱི་སྟོང་ཆ་བསྐང་སླད་དུ།  བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ཏེ།  མི་ཚེ་གང་པོ་བོད་ཀྱི་སྐད་ཡིག་སློབ་གསོ་ལ་ཕུལ་ཅིང་འབུལ་བཞིན་ཡོད་དོ། །

3 འགན་འཁུར་གཙོ་བོ།

སྤྱི་ལོ1989ནས་སྤྱི་ལོ1995ལོའི་བར་དུ་མཚོ་ལྷོ་མི་རིགས་དགེ་འོས་འབྲིང་རིམ་སློབ་གྲྭའི་སློབ་གཉེར་ཁང་གི་མགོ་པ་གཞོན་པ་དང་།  མགོ་པ་རྒན་པའི་འགན་བསྐྱངས།

སྤྱི་ལོ1999ནས་སྤྱི་ལོ2005ལོའི་ནང་ལ།   མཚོ་སྔོན་མི་རིགས་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་བོད་ཡིག་སྡེ་ཁག་གི་མགོ་པ་གཞོན་པའི་འགན་བསྐྱངས།

སྤྱི་ལོ2000ལོའི་ཟླ་བ3པར་མཚོ་སྔོན་མི་རིགས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་གཞི་ནས་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོ་རུ་བསྡུས་རྗེས།  དེ་སྔའི་འགན་འཁུར་དག་སྐྱོང་བའི་མུ་ལ།  སློབ་གྲྭའི་དངོས་གཞིའི་སློབ་ཁྲིད་དཔྱད་འཇོག་གཞུང་ལས་ཁང་གི་མགོ་པ་གཞོན་པའི་འགན་འཁུར་གཅིག་ལྕོགས་སུ་བསྐྱངས།

སྤྱི་ལོ2005ནས་སྤྱི་ལོ2010ལོའི་ནང་དུ།  མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་མི་རིགས་དགེ་འོས་སློབ་གླིང་གི་གླིང་སྤྱི་གཞོན་པའི་འགན་འཁུར་བསྐྱངས།

སྤྱི་ལོ2011ནས་སྤྱི་ལོ2021ལོའི་བར་དུ། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་མི་རིགས་དགེ་འོས་སློབ་གླིང་གི་གླིང་སྤྱི་གཞོན་པ་དང་།  ཏང་གཙོ་གཞོན་པའི་འགན་འཁུར་བསྐྱངས།

སྤྱི་ལོ2021ནས་སྤྱི་ལོ2023ལོའི་ནང་ལ། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་མི་རིགས་དགེ་འོས་སློབ་གླིང་གི་ཏང་ཨུའི་ཏང་གཙོ་དང་།  གླིང་སྤྱི་གཞོན་པའི་འགན་འཁུར་གཅིག་ལྕོགས་སུ་བསྐྱངས་སོ། །

4 ཞོར་འགན་བསྐྱངས་ལུགས།

མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་དགེ་རྒན་གྱི་ལས་ཐོབ་དཔྱད་བསྡུར་བ་དང་།  མཚོ་སྔོན་ཞིང་ཆེན་གྱི་ས་གནས་ལོ་རྒྱུས་འབྲི་རྩོམ་ཁང་གི་བློ་འདྲི་ས།  མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་ཆེད་ཞུས་ཞིབ་འཇུག་པ།  ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་ཆེད་ཞུས་དགེ་རྒན་ཆེན་མོ།  སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་དགེ་རྒན་གསོ་སྦྱོང་གི་སློབ་ཁྲིད་དགེ་རྒན།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་གནད་ཆེའི་ལས་གཞིའི་མཛུབ་སྟོན་པ།  བོད་ལྗོངས་སློབ་གྲྭ་ཆེན་མོའི་མུ་མཐུད་སློབ་གསོ་སློབ་གླིང་གི་གསོ་སྦྱོང་དགེ་རྒན།  མཚོ་སྔོན་ཞིང་ཆེན་བོད་ཡིག་ཁྲིམས་སྐྱོང་ཚགས་པར་གྱི་དཔྱད་བརྗོད་པ།  བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་གླིང་གི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན།  ནང་སོག་དགེ་འོས་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན།  མཚོ་སྔོན་ནང་བསྟན་སློབ་གླིང་གི་ཆེད་ཞུས་དགེ་རྒན་ཆེན་མོ་བཅས་ཀྱི་འགན་འཁུར་མང་པོ་གཅིག་ལྕོགས་སུ་བསྐྱངས་དང་སྐྱོང་བཞིན་དུ་གདའ་འོ། །

5 རིག་གཞུང་བརྩམས་ཆོས།

1. 《སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་དཀའ་གནས་ལས་བཏོན་པའི་དྲིས་ལན་གཞོན་ནུ་དགའ་བྱེད》དང་།

2.《བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད》དང་།  

3.《བོད་གངས་ཅན་གྱི་ཡུལ་དུ་ཡི་གེ་བྱུང་འཕེལ་གྱི་རིམ་པ་བརྗོད་པ་རིག་པའི་སྒྲོན་མེ》དང་།

4.《བོད་ཀྱི་སྐད་ཡིག་ལ་འཇུག་པའི་སྒོ》1-2དང་།

5.《སྐད་ཆ་དང་ལོ་རྒྱུས་ཞིབ་འཇུག་དཔྱོད་ལྡན་རིག་པའི་སྒོ་འབྱེད》དང་།

6.《བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རིག་འཕྲུལ་མེ་ལོང》དང་།

7.《བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་ལམ་ལུགས་ཀྱི་འཕེལ་འགྱུར་ལ་དཔྱད་པ་ཟླ་ཤེལ་མེ་ལོང》དང་།

8.《བོད་སྐད་ཀྱི་ཚིག་གི་རྣམ་གཞག་རིག་འཕྲུལ་རྒྱན་ཕྲེང》དང་།

9.《བོད་ཡིག་གི་ཆུ་ཚད་འཇལ་རྒྱུགས་ཀྱི་རྒྱུགས་ལེན་རྩ་གནད》དེབ1-4དང་།

10.《བརྡ་སྤྲོད་རིག་པའི་དཀའ་གནས་གསལ་བཀྲོལ་རིག་འཕྲུལ་ལྡེ་མིག》དང་།

11.《བོད་ཀྱི་ཡི་གེ་རིག་པའི་རྣམ་གཞག་རིག་འཕྲུལ་འོད་ཕུང》དང་།

12.《བོད་ཀྱི་ཡི་གེ་རིག་པའི་ཁྲིད་ཡིག་རིག་འཕྲུལ་མིག་རྒྱན》དང་།

13.《འཛམ་གླིང་དུ་ཡི་གེ་བྱུང་འཕེལ་གྱི་ལོ་རྒྱུས་མདོར་བསྡུས་སྟོང་ཐུན་གོ་ཐུབ》དང་།

14.《བོད་ཀྱི་སྐད་ཡིག་གི་ཁྱད་ཆོས་མདོར་བསྡུས་བློ་ལྡན་སྐུལ་བའི་ཅོང་སྒྲ》དང་།

15.《བོད་སྐད་ནི་སྔ་རྒྱུ་ཕྱི་འབྲས་ཀྱི་སྦྱོར་བ་ཅན་ཡིན་ཚུལ་བཤད་པ་རིགས་པའི་ཐིགས་པ》དང་།

16.《བོད་ཀྱི་བཀའ་གཙིགས་ཡིག་རྙིང་གི་བརྡ་སྤྲོད་ཁྱད་ཆོས་ལུང་སྒྲུབ་རིགས་ཐུར》དང་།

17.《བརྡ་སྤྲོད་བསྟན་བཅོས་སུ་ཉར་བའི་སྐད་ཆའི་ལོ་རྒྱུས་མངོན་ཕྱུང་རིགས་པའི་ཐུར་མ》དང་།

18.《བོད་སྐད་ཀྱི་བརྡ་སྤྲོད་རིག་པའི་འཕེལ་འགྱུར་ཉུང་གསལ་ལོ་རྒྱུས་ཁོག་འབུགས》དང་།

19.《བོད་སྐད་ཀྱི་བརྡ་སྤྲོད་བསྟན་བཅོས་དག་གི་འབྲེལ་བ་མཐོང་བ་རྟོགས་གྲོལ》དང་།

20.《བོད་སྐད་ཀྱི་རྣམ་དབྱེའི་རྣམ་གཞག་བློ་འབྱེད་དུངས་སྐྱེད》དང་།

21.《བོད་སྐད་ཀྱི་ཚིག་ཕྲད་ཕལ་པའི་སྦྱོར་ཚུལ་བློ་གསལ་འཇུག་སྒོ》དང་།

22.《བོད་སྐད་ཀྱི་མིང་བརྡ་རིག་པའི་རྣམ་གཞག་ཉུང་བསྡུས་གསང་གནད་བདེ་གྲོལ》དང་།

23.《ཡན་ལག་གི་ཡི་གེ་དང་མིང་གི་གྲུབ་ལུགས་བསྡུས་བཤད་གནད་གསལ་སྒྲོན་མེ》དང་།

24.《བོད་སྐད་ཀྱི་བྱ་བ་བརྗོད་པའི་མིང་གི་རྣམ་གཞག་ཉུང་བསྡུས་གསལ་མཐོང་མེ་ལོང་》དང་།

13.《མིང་གི་སྦྱོར་ཚུལ་དང་ཚིག་རྒྱན་གྱི་ནུས་པ་སྙན་དབང་གསོ་བའི་བདུད་རྩི》དང་།

25.《བོད་སྐད་ཀྱི་ཚིག་ལྷུག་གི་རྣམ་གཞག་མདོར་བསྡུས་ཟླ་ཤེལ་ཞུན་ཐིགས》དང་།

26.《མིང་གི་ཆ་ཤས་པ་བ་སོགས་ཀྱི་གནད་དོན་དཔྱད་བཅད་ཚངས་ཐིག》དང་།

27.《བོད་སྐད་ཀྱི་ཞེ་སའི་མིང་གི་རྣམ་གཞག་མེས་པོའི་ཞབས་འདེགས》དང་།

28.《མངོན་བརྗོད་ཀྱི་མིང་གི་ཤེས་བྱ་མདོར་བསྡུས་རིན་ཆེན་འོད་ཚོམ》དང་།

29.《རིག་གནས་བརྗེ་རེས་དང་བོད་སྐད་ཀྱི་འཕེལ་འགྱུར་གངྒཱའི་རྒྱུན་བཟང》དང་།

30.《བོད་སྐད་ཀྱི་སྦྱོར་བ་ལ་གྲུབ་པའི་རིག་གནས་བསྟན་དོན་གབ་པ་གཏེར་གྱི་གང་བུ》དང་།

31.《མིང་བརྡ་གསར་པ་དང་སྤྱི་ཚོགས་ཀྱི་འཕེལ་འགྱུར་དུས་འགྱུར་གསལ་བའི་མེ་ལོང》དང་།

32.《ཇུ་ཐིག་གི་ཡི་གེའི་རང་བཞིན་ལ་དཔྱད་པ་ཏི་སེའི་འོད་སྣང》དང་།

33.《བྲིས་རིས་ནས་བརྐོས་རིས་སུ་འཕེལ་བའི་ཆོ་གའི་ཡི་གེ་མེས་པོའི་ཕྱག་ནོར》དང་།

34.《བོད་ཀྱི་བརྡ་སྤྲོད་ཚད་ལྡན་དུ་གཏོང་ཐབས་ངག་གྲུབ་རིགས་གཏེར》དང་།

35.《བོད་ཀྱི་སྐད་ཡིག་གི་ཞིབ་འཇུག་ཐབས་ལམ་བློ་གསལ་མིག་སྒྲོན》དང་།

36.《ཀུན་སྤྱོད་ཀྱི་མ་ལག་རྣམ་བཤད》(བསྒྱུར་བ)བཅས་ཀྱིས་མཚོན་པའི་བོད་ཀྱི་སྐད་ཆ་དང་། ཡི་གེ་དང་།  བརྡ་སྤྲོད་དང་།  མིང་བརྡའི་སྐོར་གྱི་རིག་གཞུང་བརྩམས་དེབ33དང་།  སློབ་དེབ་དང་བསྒྱུར་ཡིག7སྟེ།  ཁྱོན་བསྡོམས་དེབ་གྲངས40ཙམ་པར་དུ་བསྐྲུན་ཏོ། །

6 བྱ་དགའ་གཙོ་གྲས།

1.སྤྱི་ལོ1989ལོར་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས“ན་གཞོན་སློབ་གསོ་ཚན་རྩལ་མྱུག་གསར”ཞེས་པའི་མཚན་སྙན་གནངས་པ་དང་།

2.སྤྱི་ལོ1991ལོར་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས“མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་བ་ཕུལ་བྱུང་བ”ཞེས་པའི་བྱ་དགའ་བསྩལ་པ་དང་།

3.སྤྱི་ལོ1995ལོར་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས“མཚོ་སྔོན་ཞིང་ཆེན་གྱི་དགེ་རྒན་ཕུལ་བྱུང་བ”ཞེས་པའི་བྱ་དགའ་བསྩལ་པ་དང་།

4.སྤྱི་ལོ2004ལོར《བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད》ཅེས་པ་ལ་མཐོ་རིམ་སློབ་ཆེན་གྱི་བོད་ཡིག་སློབ་དེབ་ཕུལ་བྱུང་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་།

5.སྤྱི་ལོ2006ལོར《བོད་གངས་ཅན་གྱི་ཡུལ་དུ་ཡི་གེ་བྱུང་འཕེལ་གྱི་རིམ་པ་བརྗོད་པ་རིག་པའི་སྒྲོན་མེ》ཞེས་པ་ལ་མཚོ་སྔོན་ཞིང་ཆེན་གྱི་སྐབས་བདུན་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་རིག་པའི་གྲུབ་འབྲས་ཕུལ་བྱུང་བའི་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་།

6.སྤྱི་ལོ2008ལོར“མཚོ་སྔོན་ཞིང་ཆེན་གྱི་སློབ་རའི་བདེ་སྲུང་སྔོན་ཐོན་པ”ཞེས་པའི་བྱ་དགའ་གནངས་པ་དང་།

7.སྤྱི་ལོ2009ལོར 《བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རིག་འཕྲུལ་མེ་ལོང》ཞེས་པ་ལ་མཚོ་སྔོན་ཞིང་ཆེན་གྱི་སྐབས་བརྒྱད་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་རིག་པའི་གྲུབ་འབྲས་ཕུལ་བྱུང་བའི་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་།

8.སྤྱི་ལོ2014ལོར《བོད་སྐད་ཀྱི་ཚིག་གི་རྣམ་གཞག་རིག་འཕྲུལ་རྒྱན་ཕྲེང》ཞེས་པ་ལ་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་རིག་པའི་གྲུབ་འབྲས་ཕུལ་བྱུང་བའི་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་།

9.སྤྱི་ལོ2014ལོར་རྒྱལ་ཡོངས་དགེ་འོས་སློབ་གྲྭ་ཆེན་མོའི“ཀུན་སྤྱོད་ལེགས་པའི་དགེ་རྒན”ཞེས་པའི་བྱ་དགའ་བསྩལ་པ་དང་།

10.སྤྱི་ལོ2017ལོར《བོད་སྐད་ཀྱི་ཚིག་གི་རྣམ་གཞག་རིག་འཕྲུལ་རྒྱན་ཕྲེང》ཞེས་པ་ལ་སྐབས་བཞི་པའི་ཀྲུང་གོའི་བོད་རིག་ཞིབ་འཇུག་གི་ཇོ་མོ་གླང་མའི་བོད་ཡིག་གི་ཞིབ་འཇུག་ཆེད་རྩོམ་རིགས་ཀྱི་བྱ་དགའ་རིམ་པ་དང་པོ་ཐོབ་པ་དང་།

11.སྤྱི་ལོ2019ལོར་རྒྱལ་ཁབ་རིམ་པའི་ཤེས་ལྡན་མི་སྣ་ཁྲི་ཕྲག་གྲས་ཀྱི“རྒྱལ་ཡོངས་ཀྱི་དགེ་རྒན་སྐད་གྲགས་ཅན”གྱི་གྲས་སུ་བདམས་ཏེ་བྱ་དགའ་གྱ་ནོམ་པ་བསྩལ་པ་དང་།

12.སྤྱི་ལོ2021ལོར་ཀྲུང་གོའི་གུང་ཁྲན་ཏང་ཚུགས་ནས་ལོ་འཁོར་བརྒྱ་ཕྲག་གཅིག་ལོན་པའི་དུས་སུ་“མཚོ་སྔོན་ཞིང་ཆེན་གྱི་ཏང་གི་ལས་ཀ་སྒྲྲུང་མཁན་ཕུལ་བྱུང་བ”ཞེས་པའི་མཚན་སྙན་གནངས་པ་དང་།

13.སྤྱི་ལོ2023ལོར《བོད་ཀྱི་སྐད་ཡིག་གི་ཤེས་བྱ་བསྡུས་གསལ་རིག་འཕྲུལ་བུམ་བཟང》ཞེས་པ་ལ་མཚོ་སྔོན་ཞིང་ཆེན་གྱི་སྐབས་གཉིས་པའི་ཚན་རིག་གྲུབ་འབྲས་ཕུལ་བྱུང་བའི་བྱ་དགའ་རིམ་པ་གཉིས་པ་ཐོབ་པའོ། །

7 རིག་གཞུང་གི་བྱས་རྗེས།
7_1 གཞུང་ལུགས་ཐད་ཀྱི་བྱས་རྗེས།

གཅིག་ཏུ་ན་བརྡ་སྤྲོད་སྤྱི་དོན་གྱི་སྐོར་ལ《བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད》དང་།  《བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རིག་འཕྲུལ་མེ་ལོང》དང་།  《བརྡ་སྤྲོད་རིག་པའི་དཀའ་གནས་གསལ་བཀྲོལ་རིག་འཕྲུལ་ལྡེ་མིག》སོགས་ཀྱིས་གཙོས་པའི་བརྩམས་དེབ་བཅུ་གཅིག་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་སྒོ་ནས་བོད་ཀྱི་དེང་རབས་བརྡ་སྤྲོད་རིག་པའི་གཞུང་ལུགས་ཀྱི་སྒྲོམ་གཞི་རྨང་ནས་བསླངས་ཤིང་།  བོད་ཀྱི་བརྡ་སྤྲོད་རིག་པའི་འཕེལ་རིམ་གསར་པ་ཞིག་གི་གཞི་ཚུགས་པ་དང་།  གཉིས་སུ་ན《བོད་སྐད་ཀྱི་ཚིག་གི་རྣམ་གཞག་རིག་འཕྲུལ་རྒྱན་ཕྲེང》དང་།《བོད་སྐད་གི་ཚིག་ལྷུག་གི་རྣམ་གཞག་མདོར་བསྡུས་ཟླ་ཤེལ་ཞུན་ཐིགས》དང་། 《བོད་སྐད་ནི་སྔ་རྒྱུ་ཕྱི་འབྲས་ཀྱི་སྦྱོར་བ་ཅན་ཡིན་ཚུལ་བཤད་པ་རིགས་པའི་ཐིགས་པ》 ལ་སོགས་པའི་བོད་སྐད་ཀྱི་ཚིག་གི་གནད་དོན་ཆེད་དུ་བཏོན་པའི་བརྩམས་དེབ་འགའ་ཞིག་བསྐྲན་ཏེ།  གནའ་ནས་ད་ལྟའི་བར་དུ་བོད་སྐད་ཀྱི་ཚིག་གི་རྣམ་གཞག་བཏང་སྙོམས་སུ་བཞག་པའི་གནས་ཚུལ་རྩ་བ་ནས་བསྒྱུར་ཅིང་།  བོད་སྐད་དང་བོད་མིའི་བསམ་བློའི་འབྲེལ་བ་ལ་ཇི་ལྟར་དཔྱད་པའི་གཞུང་ལུགས་ཀྱི་མ་ལག་གཏན་ཚིགས་གསལ་བ་ཅན་ལེགས་པར་བསྐྲུན་པ་དང་།  གསུམ་དུ་ན《བོད་གངས་ཅན་གྱི་ཡུལ་དུ་ཡི་གེ་བྱུང་འཕེལ་གྱི་རིམ་པ་བརྗོད་པ་རིག་པའི་སྒྲོན་མེ》དང་།《བོད་ཀྱི་ཡི་གེ་རིག་པའི་རྣམ་གཞག་རིག་འཕྲུལ་འོད་ཕུང》དང་།  《ཇུ་ཐིག་གི་ཡི་གེའི་རང་བཞིན་ལ་དཔྱད་པ་ཏི་སེའི་འོད་སྣང》དང་།《བྲིས་རིས་ནས་བརྐོས་རིས་སུ་འཕེལ་བའི་ཆོ་གའི་ཡི་གེ་མེས་པོའི་ཕྱག་ནོར》སོགས་བརྩམས་དེབ་དྲུག་ཏུ།  བོད་ཀྱི་ལོ་རྒྱུས་སུ་སྐད་ཆའི་རམ་འདེགས་སུ་ཇུ་ཐིག་ཐ་གུའི་ཡི་གེ་དང་།  འདྲ་གཟུགས་ཚིག་སྦྱོར་གྱི་ཡི་གེ་བྱུང་ཞིང་སྤྱད་པ་རྨང་དུ་བསྟེན་པའི་ཐོན་མིའི་དབྱངས་གསལ་སྒྲ་སྦྱོར་ཡི་གེའི་བྱུང་ལུགས་དང་།  ཁྱད་ཆོས།  སྤྱོད་སྒོ།  ཕན་ནུས་སོགས་གསལ་བར་བརྗོད་དེ།  བོད་ཀྱི་ཡི་གེ་རིག་པ་མ་ལག་ཅན་དང་།  གཞུང་ལུགས་ཅན་དུ་བསྐྲུན་པ་དང་།  བཞི་རུ་ན་མིང་བརྡ་རིག་པའི་སྐོར་ལ《 བོད་སྐད་ཀྱི་མིང་བརྡ་རིག་པའི་རྣམ་གཞག་ཉུང་བསྡུས་གསང་གནད་བདེ་གྲོལ》དང་།《ཡན་ལག་གི་ཡི་གེ་དང་མིང་གི་གྲུབ་ལུགས་བསྡུས་བཤད་གནད་གསལ་སྒྲོན་མེ》སོགས་དེབ་བདུན་གསར་དུ་བརྩམས་ཏེ། བྱ་བ་བརྗོད་པའི་མིང་དང་། མངོན་བརྗོད་ཀྱི་མིང་དང་།  ཞེ་སའི་མིང་གི་རྣམ་གཞག་དང་བཅས་པའི་བོད་སྐད་ཀྱི་མིང་གི་རྣམ་གཞག་གསལ་བར་བྱས་ཏེ།  མ་གཞི་ནས་བརྡ་སྤྲོད་ཀྱི་གཏན་སྲོལ་ཤིན་ཏུ་གསལ་བའི་བོད་ཡིག་འདི་ཡི་མིང་གི་རྣམ་གཞག་དང་།  མིང་དང་རིག་གནས་ཀྱི་འབྲེལ་བ་སོགས་རྣམ་པར་བཤད་པས་མཚོན་ཏེ།  གཞན་ཡང་བོད་ཀྱི་བརྡ་སྤྲོད་རིག་པའི་བྱུང་འཕེལ་དང་།  སྐད་ཆ་དང་ཡི་གེ  རིག་གནས་དང་མི་རིགས་ཀྱི་འབྲེལ་བ་སོགས་ཕྱོགས་མང་པོ་ཞིག་ལ་དཔྱད་པའི་སྒོ་གསར་དུ་ཕྱེ་བའོ། །

7_2 ལག་ལེན་ཐད་ཀྱི་བྱས་རྗེས།

གཅིག་ཏུ་ན་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་ཐོབ་པ་ལྟར།  རྒྱལ་ཡོངས་སུ་ད་ལྟར་སྤྱོད་མུས་ཀྱི་ཡི་གེ་དག་ལས་བོད་ཡིག་གི་ཆུ་ཚད་འཇལ་བྱེད་ཀྱི་ཚད་གཞི་དང་རྒྱུགས་ལེན་རྩ་གནད་སོགས་གཏན་ལ་ཕབ་སྟེ།  རྒྱལ་ཡོངས་ཀྱི་མི་རིགས་གྲངས་ཉུང་གི་སྐད་ཡིག་ཀུན་གྱི་གྲས་ལས་བོད་ཡིག་ནི་ཆུ་ཚད་འཇལ་རྒྱུགས་ཀྱི་ཚད་གཞི་ཡོད་པ་ཆེས་ཐོག་མར་གྱུར་པ་དང་།  གཉིས་སུ་ན་མཚོ་སྔོན་ཨ་མདོའི་བརྙན་འཕྲིན་ཁང་གི་རེ་བཅོལ་ལྟར།  2012ལོར《བོད་ཀྱི་བརྡ་སྤྲོད་རིག་པའི་སྤྱི་དོན་སྐོར》གྱི་སློབ་ཐུན54བརྙན་དུ་ཕབ་ཅིང་ཤར་གཏོང་བྱས་པའི་རྨང་གཞིའི་སྟེང་དུ།  མཚོ་སྔོན་བརྙན་འཕྲིན་སློབ་གྲྭ་ཆེན་མོའི་རེ་བཅོལ་བཞིན་དུ།  བོད་ཀྱི་བརྡ་སྤྲོད་རིག་པའི་སློབ་ཁྲིད་ལ།  གོང་གི་ཨ་མདོའི་བརྙན་འཕྲིན་ཁང་གི་སློབ་ཁྲིད་དེའི་ལྷན་ཐབས་ལྟ་བུར་སློབ་ཐུན54བརྙན་དུ་ཕབ་སྟེ།  བོད་ཀྱི་སྐད་ཡིག་རྩོམ་རིག་ཆེད་གཉེར་གྱི་ཆེད་སྦྱོང་རིམ་པ་དང་དངོས་གཞི་རིམ་པའི་སློབ་ཁྲིད་དུ་ཤར་གཏོང་བྱས་པས་མཚོན་ཏེ། དེང་རབས་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཁྱོན་ཡོངས་ནས་ཁྱབ་སྤེལ་བཏང་བ་དང་།  གསུམ་དུ་ན་འཁོར་སྐར་དྲྭ་ལམ་གྱི་བོད་སྐད་ཀྱི་སློབ་ཁྲིད་ཐོག་མ《བོད་ཀྱི་ཡི་གེ་རིག་པའི་རྣམ་གཞག》ཅེས་པ་ཆིན་ཧྭ་སློབ་གྲྭ་ཆེན་མོའི་མུ་འབྱམས་སློབ་ཁྲིད་ཀྱི་མ་ལག་ལས་ཤར་གཏོང་བྱས་པ་དང་ཆབས་ཅིག  ཀན་ལྷོའི་བརྙན་འཕྲིན་ཁང་དུ་སྔ་ཕྱི་ཐེངས་འགར་བོད་ཀྱི་ཡི་གེ་རིག་པའི་སྤྱི་དོན་དང་།  ཡི་གེ་རིག་པའི་ཤེས་བྱའི་ལེ་ཚན་དུ་མ་ཤར་གཏོང་བྱས་ཏེ།  གསར་དུ་བསྐྲུན་པའི་དེང་རབས་བོད་ཀྱི་ཡི་གེ་རིག་པའི་གཞུང་ལུགས་ཁྱབ་སྤེལ་བྱས་པ་དང་།   བཞི་རུ་ན་གོང་རིམ་འབྲེལ་ཡོད་དོ་དམ་ལས་ཁུངས་ཀྱི་ཆོག་མཆན་ཐོབ་པ་གཞིར་བྱས་ཏེ།  བོད་ཀྱི་ས་གནས་སོ་སོའི་སློབ་གྲྭ་ཆེ་འབྲིང་ཆུང་བ་དང་།  རིག་གནས་མཐུན་ཚོགས།  སློབ་གསོ་ཡར་སྐུལ་ཚོགས་པས་གདན་འབོད་ལྟར།  2004ལོ་ནས་ད་ལྟའི་བར་དུ་སྔ་ཕྱིར་སློབ་གསོ་མྱང་བའི་དགོས་པ་དང་།  དྲིན་ཅན་ལ་དྲིན་གཟོ།  རིག་གནས་ཀྱི་ཕན་ནུས།  ཁྱིམ་བདག་གི་འགན་འཁྲི།  ཡི་གེའི་རིན་ཐང་།  བུ་ཕྲུག་གི་ཀུན་སྤྱོད་སོགས་ལས་འཕྲོས་པའི་འཆད་ཁྲིད་ལན་གྲངས140ལྷག་སྤེལ་ཏེ།  སྤྱི་ཚོགས་འཆམ་མཐུན་དང་།  རྒྱལ་ཞེན་ཆོས་གཅེས།  རིག་གནས་དར་རྒྱས།  རྒན་བཀུར་ཆུང་བྱམས་བཅས་ཀྱི་ཐད་ལ་བོད་ཡིག་དགེ་རྒན་ཞིག་ལ་དགོས་ངེས་ཀྱི་ནུས་པ་བཏོན་ཅིང་འདོན་བཞིན་འདུག་པའོ། །