བ་ཝོའི་ལུང་བ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་ཉིན་མཐའ་གྲོང་རྡལ་གྱི་ནུབ་ཕྱོགས་སུ་སྤྱི་ལེ21ཆོད་པའི་མཚམས་སུ་ཡོད། མཚོ་ངོས་ལས་མཐོ་ཚད་ལ་སྨི3541ཡོད། སའི་གོ་ལའི་འཕྲེད་ཐིག34°29′དང་གཞུང་ཐིག101°09′སྟེང་ན་ཡོད། རིང་ཚད་ལ་སྤྱི་ལེ13.5དང་ཞེང་ཚད་ལ་སྤྱི་ལེ2.70ཡོད། སྤྱིའི་རྒྱ་ཁྱོན་ལ་གྲུ་བཞི་མ36.45ཡོད། བ་ལྦོའུ་ནི་སོག་སྐད་དེ་ཤིང་འོམ་བུའི་དོན། ལུང་བའི་ནང་དུ་ཤིང་འོམ་བུ་མང་པོ་སྐྱེས་ཡོད་པས་མིང་ཡང་དེ་ལྟར་ཐོགས་པར་བཤད། ལུང་བ་འདིའི་སྐྱེ་དངོས་གཙོ་བོ་རི་སུལ་སྤང་ལྗོངས་རྩྭ་རིགས་ཏེ། རྩི་ནག་སྙེ་མ་ཅན། སྔོ་རྩྭ་རྐང་ཐུང་། སྤང་རྩྭ། རམ་རྩྭ། སྤང་རྒྱན་དཀར་སྔོན། ཀྱི་ལྕེ་དཀར་པོ། འཇིབ་རྩི་དཀར་དམར། མཁན་པ། རྩྭ་མཁྲིས། ཨུག་མོ། མེ་ཏོག་སེར་ཆེན། ཁུར་མོང་། སྨན་ཆེན་ལྕུམ་རྩྭ། ལུག་མིག་སོགས་ཡོད། རི་སྐྱེས་སྲོག་ཆགས་ཤྭ་དང་གནའ། གླ། སྤྱང་ཀི་དང་ལྦ། འཕྱི་བ། རི་བོང་སོགས་ཡོད། ལུང་བ་འདིའི་ནང་གསེར་གཞོང་སྡེ་བ་ཡོད། ལོ་རྒྱུས་སྟེང་སྡེ་བ་འདི་ཨ་རིག་བཀའ་བཅུ་མ་ཚོ་བའི་ཁོངས་སུ་གཏོགས།