སྡེ་བ་འདི་ནི་ཆོས་འཁོར་གྲོང་རྡལ་ནས་སྤྱི་ལེ2ཙམ་གྱི་མཚམས་སུ་ཡོད་པ་དང་། མཚོ་འཕགས་སྨི2128ཡོད་ལ། སའི་གོ་ལའི་ཤར་གྱི་གཞུང་ཐིག101.59.28དང་། བྱང་གི་འཕྲེད་ཐིག36.2.02སྟེང་དུ་གནས། རི་བོ་ཨ་མྱེས་རྒོད་པོའི་འདབས་རོལ་དུ་ཆགས། སྡེ་འདིར་བོད་པ་ཁྱིམ་ཚང46ཡོད་པ་དེ་དེང་ཐོག་རུ་ཡོང་སྤུན་གསུམ་ནས་དར་བར་གྲགས། རྒྱ་རིགས་ཁྱིམ་ཚང54ཡོད་པ་ནན་ཅིན་ཀྲུའུ་ཙི་ཧང་ནས་མཆེད་པ་དང་། ཧོས་རིགས་ཁྱིམ་ཚང146ཡོད་པ་ཀན་སུའུ་ཧི་ཀྲུའུ་ནས་མཆེད་པར་བཤད། ད་ལྟ་ཡོད་པའི་བོད་ཁྱིམ46དང་། མི་གྲངས230ལྷག་ཡོད་པའི་མེས་པོ་གོང་མ་ནི་ཡུལ་དེའི་གཞི་འཛིན་གྱི་སྔ་བ་ཡིན། དེ་ཡང་སྡེ་འདི་ནས་ཤེས་བཞིན་བསམ་གཏན་ཞེས་བོད་ཀྱི་བརྡ་དག་རིག་གནས་ཕྱོགས་ལ་བྱས་རྗེས་བླ་མེད་འཇོག་མཁན་དང་། ཤེས་བཞིན་དཔོན་ཕྲུག་གམ་མིང་གཞན་ལ་སྔགས་འཆང་ཚེ་དབང་ཞེས་པ་དང་། གཞན་ད་དུང་ཤེས་བཞིན་དཔོན་པོ་སྟོབས་ལྡན་ཟེར་བ་སོགས་འཁྲུངས་མྱོང་ལ་དཔོན་ཚང་གི་གཞིས་མཁར་དང་རིགས་རྒྱུད་ཕྱི་མ་ད་ལྟ་ད་དུང་ཡོད། དེ་མིན་དམངས་ཁྲོད་དུའང་སྡེ་འདི་དང་དེ་འབྲེལ་གྱི་སྡེ་བ་དག་གི་ཁྱད་ཆོས་མཚོན་པའི་གཏམ་དུ“ཤེས་བཞིན་ལྕགས་ཀྱི་སེར་བ་རེད། བོན་པོ་རྒྱུད་ཚེར་མ་ར་མགོ་རེད། ཞོ་གསར་ཕ་བོང་སྒུལ་མེད་རེད།”ཞེས་སྡེ་རེ་རེའི་བྱུང་བའི་རིམ་པ་དང་། བཙན་གཉོམ། དྲག་ཞན། འབྲེལ་འདྲིས་བྱ་ཚུལ་སོགས་དཔེ་དོན་གཉི་གའི་སྒོ་ནས་བསྟན་པའི་གཞས་ལེན་སྲོལ་ཡོད་ལ། སྡེ་འདིའི་གཞི་བདག་དང་ལབ་ཙེ་ནི་རྒྱབ་རི་རྒོད་པོ་དང་རྒོད་པོའི་རྐེད་དུ་བསྟད་པའི་རྒོད་པོ་ལབ་ཙེ་ཞེས་པ་དེའོ།།