སྡེ་བ་འདི་ནི་ཆོས་འཁོར་གྲོང་རྡལ་ནས་སྤྱི་ལེ1ཙམ་གྱི་མཚམས་སུ་ཡོད་ལ། མཚོ་འཕགས་སྨི2071ཡོད། སའི་གོ་ལའི་ཤར་གྱི་གཞུང་ཐིག102.1.59དང་བྱང་གི་འཕྲེད་ཐིག36.0.91སྟེང་དུ་གནས། སྡེ་འདིའི་རྒྱབ་རི་རྒོད་པོ་རི་བོའི་འདབས་རོལ་དུ་ཆགས་ཤིང་། གནའ་དུས་ཤེས་བཞིན་དཔོན་པོའི་ཁོངས་གཏོགས་ཡིན། ད་ལྟ་གཅན་ཚ་སོགས་ས་ཆ་གཞན་ནས་འོངས་པའི་མཆོད་རྟེན་དང་མ་ཎི་ཁང་གི་དཀོར་གཉེར་གྲྭ་པ་གཅིག་གཉིས་ཙམ་ལས་གཞན་བོད་རིགས་གཅིག་ཀྱང་མེད་པར་རྒྱ་རིགས་ཁྱིམ་ཚང179ཙམ་དང་མི་གྲངས760ལྷག་ཡོད། དེ་དག་གི་མཆེད་ཁུངས་ནི་ནན་ཅིན་ཀྲུའུ་ཙི་ཧང་ཡིན་ཟེར་སྲོལ་ཡོད། ད་ལྟའི་སློབ་གྲྭ་ཡོད་ས་འདི་ནི་མིང་དུ་གྲགས་པའི་ཨ་མདོའི་མཆོད་རྟེན་རིང་མོ་ཞེས་པ་དེ་ཤུལ་ཡིན་ཟེར། དེང་སྐབས་རྒྱ་རིགས་རྣམས་ཀྱིས་ཀྱང་ས་ཆ་དེར་མཆོད་རྟེན་འོག(塔尔艮)ཞེས་འབོད་པ་དང་། སྤྱི་ལོ1987ལོར་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ཡུལ་འདི་བརྒྱུད་ནས་ཕ་ཡུལ་ཞིན་ཧྭ་ཕྱོགས་ལ་ཕེབས་སྐབས་ཨ་མདོའི་མཆོད་རྟེན་རིང་མོ་བཞེངས་ཤུལ་འདི་ཡིན་ཞེས་ཀུན་ལ་བསྒྲགས་ཤིང་རབ་གནས་མཛད་པ་རེད་ཟེར། དེང་སྐབས་ཨ་མདོའི་མཆོད་རྟེན་རིང་མོ་ནི་སྡེ་དཀྱིལ་དུ་བཞེངས་ཡོད་པའི་མཆོད་རྟེན་དེར་ངོས་འཛིན་གྱི་ཡོད་མོད་ཤུལ་དངོས་ནི་གོང་དུ་བཤད་པའི་སློབ་གྲྭའི་ར་སྐོར་དུ་ཡོད་ཟེར། དེང་གི་མཆོད་རྟེན་དེ་ནི་སྤྱི་ལོ2012ལོར་ཨ་ལགས་ཁ་སྒང་གིས་བཞེངས། གསར་བཞེངས་མཆོད་རྟེན་གྱི་གཡས་ལོགས་སུ་མ་ཎི་ཁང་གྱན་ལྔ་ཅན་ཞིག་ཡོད། དེ་དུས་ནམ་ཞིག་ལ་བཞེངས་པ་སོགས་མི་གསལ་ཡང་གཞི་ཁྱོན་དང་འཛུགས་སྐྲུན་ལ་བརྟགས་ན་བོད་སྡེ་ཅུང་ཆེན་པོ་ཞིག་གི་མ་ཎི་ཁང་ཡིན་པ་ར་འཕྲོད་ལ། ད་དུང་ཡུལ་དེའི་རྒྱ་མི་རྒན་གྲས་རྣམས་ཀྱི་ངག་རྒྱུན་ལྟར་ན་ཁོ་ཚོའི་སྡེ་འདི་ནས་སྔོན་ཆད་བྱ་ཁྱུང་ཁྲི་བ་བསམ་བློ་ངག་དབང་སྦྱིན་པ་ལ་སོགས་པའི་སྐྱེས་ཆེན་དམ་པ་འཁྲུངས་མྱོང་བ་སོགས་བཤད་རྒྱུན་མང་དུ་མཆིས། གཞན་སྡེ་འདིའི་གཞི་བདག་དང་ལབ་ཙེ་ནི་རྒྱབ་རིའི་རྐེད་དུ་བསྟད་པའི་རྒོད་པོ་ལབ་ཙེ་དང་དེར་གནས་པའི་གཞི་བདག་རྒོད་པོ་གཉིས་ཡིན་ལ་བསྟོད་མཁན་གཡས་གཡོན་གྱི་བོད་སྡེ་དག་རེད།