སྡེ་བ་འདི་ནི་ནང་སྟོད་གྲོང་རྡལ་ནས་སྤྱི་ལེ5ཙམ་གྱིས་ཆོད་པའི་ས་ན་རྒྱབ་རི་ཨ་མྱེས་བསྭོ་ཞེས་པའི་འདབས་རོལ་དུ་ཆགས་ཡོད་ལ། ཙོང་ལ་རིང་མོའི་རི་རྒྱུད་དུ་གཏོགས། མཚོ་འཕགས་སྨི2937ཡོད། སའི་གོ་ལའི་ཤར་གྱི་གཞུང་ཐིག102.28.54དང་བྱང་གི་འཕྲེད་ཐིག36.5.53སྟེང་དུ་གནས། སྡེ་བ་འདི་ནི་རྨ་ཕ་རོལ་གཅན་ཚ་ཐང་ཞེས་པའི་འབྲོག་སྡེ་ཞིག་ཡོད་པ་ལས་དུས་ནམ་ཡིན་གསལ་ཁ་མ་ཐོན་ཡང་གནའ་སྔ་མོའི་དུས་ཤིག་ལ་ཡུལ་འདིའི་མེས་པོ་དག་རྩྭ་ཆུ་ནགས་གསུམ་འཛོམས་པའི་གནས་འདིར་འབྱོར་ཏེ་གཞི་ཆགས་ལ། ཐོག་མའི་དུས་སུ་འབྲོག་སྡེ་ཡིན་པ་དང་། སྦྲ་ཆེན་པོ་ཞིག་ཕུབ་སྟེ་གཞི་བཟུང་བས་སྦྲ་རྒན་ནམ་ར་རྒན་དང་རི་རྒན་ཞེས་བོས་ཤིང་སྡེ་མིང་དེ་ལྟར་ཐོགས་པར་བཤད། ཡང་སྡེ་འདིའི་གཡས་གཡོན་དང་ཕྱོགས་བཞིར་རི་དང་རི་ཕྲན་མང་པོས་བསྐོར་བའི་སྒམ་དང་འདྲ་བའི་ལུང་ཁུག་ཅིག་ན་ཆགས་ཡོད་པས་རི་སྒམ་ནང་ཞེས་མིང་ཐོགས་པའི་བཤད་ཚུལ་ཞིག་ཀྱང་ཡོད་མོད་བཤད་ཚུལ་སྔ་མ་དེ་གྲགས་ཆེ། ད་ལྟ་སྡེ་འདིར་རྒྱ་བོད་བསྡོམས་པས་ཁྱིམ་ཚང400ལྷག་ཡོད། དེའི་ནང་རྒྱ་རིགས་ཁྱིམ་ཚང200དང་བོད་རིགས་ཁྱིམ་ཚང200ལྷག་དང་། མི་གྲངས860ཡོད་པར་ཚོ་བ་ནི་གཅན་ཚ་ཚང་དང་། ཡར་ཁ་ཚང་། མིན་རྒྱ་ཚང་བཅས་ཚོ་བ་ཆེན་པོ་གསུམ་གྱིས་གྲུབ། དེ་ནང་ནས་ས་འཛིན་གྱི་དང་པོ་གཅན་ཚ་ཚང་ལས་གཞན་གཉིས་ནི་གཞི་འཛིན་གྱི་ཐོག་མའི་གྲས་ཡིན་པའི་བཤད་རྒྱུན་ཙམ་ལས་རིགས་རུས་ཀྱི་མཆེད་ཁུངས་ལ་སོགས་གསལ་བོ་ཞིག་བརྗོད་རྒྱུ་མི་འདུག །མིན་རྒྱ་ཚང་ནས་དགེ་བའི་བཤེས་གཉེན་ཆེན་པོ་ཁྲི་ཆེན་ངག་དབང་མཆོག་ལྡན་ཚང་དང་། ཨ་ཁུ་ཡེ་ཤེས་ཚང་། དཀར་སྨུག་ཨ་ལགས་ཚང་བཅས་བསམ་གྱིས་མི་ཁྱབ་པའི་མཁས་པའི་དབང་བོ་མང་པོ་འཁྲུངས་པའི་ལོ་རྒྱུས་ཡོད་པར་མ་ཟད། ད་དུང་སྡེ་འདི་ནས་སྟོང་དཔོན་དཀོན་མཆོག་དོན་གྲུབ་དང་བརྒྱ་དཔོན་མགོན་པོ་ཚེ་རིང་སོགས་དྲང་བདེན་གྱི་དཔོན་ཆེན་ཡང་འགའ་རེ་འཁྲུངས་མྱོང་། སྐུ་རྟེན་བཞུགས་སའི་མ་ཎི་ཁང་ངམ་སྔགས་ཁང་གྱན་ལྔ་ཅན་ཞིག་ཡོད་པ་དང་། དེའི་ནང་རྟེན་གཙོ་བོ་ཆོས་ཀྱི་འཁོར་ལོ་ཞིག་དང་སངས་རྒྱས་སྨན་བླ་དང་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐུ་ཐང་སོགས་རྟེན་བྱིན་ཅན་གང་མང་བཞུགས། གསུམ་པའི་བཅོ་ལྔར་སྟོང་མཆོད་དང་། བཞི་བའི་བཅུ་གསུམ་ལ་ཨ་ཁུ་ཡེ་ཤེས་ཚང་གི་གདུང་རྫོགས་སྟོང་མཆོད། དགུ་བའི་ཉེར་གཉིས་ལ་ཕ་མའི་དྲིན་ལན་གྱི་སྟོང་མཆོད་བཅས་གནའ་ནས་ད་བར་ཆག་མེད་དུ་སྤེལ་གྱི་ཡོད། སྡེ་འདིའི་རྒྱ་བོད་ཚང་མ་བྲག་ལུང་དགོན་པའི་ལྷ་སྡེ་ཡིན་ལ། སྔོན་ཆད་རི་རྒན་ནང་སྟོང་དཔོན་གྱི་ཁོངས་གཏོགས་རེད། དེ་ཡང་ཡོངས་གྲགས་སུ་རི་རྒན་ནང་སྟོང་དཔོན་ཞེས་འབོད་ཀྱི་ཡོད་མོད། ང་ཚོས་རྩད་ཆོད་བྱུང་བ་ནི་གཅན་ཚའི་ནང་སོ་ཞེས་པའི་མིང་བྱང་བཏགས་ཤིང་ཁོང་རང་ཚང་གིས་བྲིས་པའི་《གཅན་ཚའི་ནང་སོའི་ལོ་རྒྱུས་དཀར་པོ》ཞེས་པ་དང《རི་རྒན་དཔོན་ཚང་གི་ལོ་རྒྱུས་མུ་ཏིག་ཕྲེང་བ》ཞེས་པའི་ལག་བྲིས་མ་གཉིས་ཡོད་པ་དང་། དེའི་ནང་ལྟར་ན་ནང་སོའི་སྐུ་རིང་ལ་ཐམ་ག་གཉིས་ཡོད་པ་དང་། གཅིག་ནི་དབྱིབས་གྲུ་བཞི་མ་དང་གཅིག་ནི་དབྱིབས་གོར་མོ་ཡིན་པར་བཀོད་ཡོད་ལ། དེང་སང་མཐོང་དུ་ཡོད་པ་ནི་ལྕགས་སྒམ་ཆུང་ཆུང་དབྱིབས་གྲུ་བཞི་མ་མདོག་དམར་པོ་སྟེང་ན་སེང་གེའི་རྟགས་ཅན་དེ་ནང་སོ་གོང་མའི་སྐུ་རིང་གི་ཐམ་ག་ཡི་ཚ་སྣོད་ཡིན་ཟེར་བ་དེ་ཁོ་ནའོ། །