མཚམས་རིང་བར་ལྟ།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2023-05-29 08:55ལ་འགྲུབ།

མཚམས་རིང་བར་ལྟ།

མཚམས་རིང་སྡེ་བ་ལྔ་ཡོད་པའི་ནང་ཚན་མཚམས་རིང་བར་ལྟ་སྡེ་བ་ནི་ཁོང་ཚོའི་གཞི་བདག་ཨ་མྱེས་རི་བོ་ཆེའི་རི་སྐེད་མཚམས་རིང་ལ་ཁ་སྡེ་བའི་ཞོལ་དུ་ཆགས་ཡོད། ཚེར་ཕུག་ཡུལ་ཚོ་ནས་ནུབ་ཕྱོགས་སུ་སྤྱི་ལེ17ཙམ་གྱི་མཚམས་སུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
查让村
སྲིད་འཛིན་ཁོངས་གཏོགས།
མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར།
1 ངོ་སྤྲོད།

མཚམས་རིང་སྡེ་བ་ལྔ་ཡོད་པའི་ནང་ཚན་མཚམས་རིང་བར་ལྟ་སྡེ་བ་ནི་ཁོང་ཚོའི་གཞི་བདག་ཨ་མྱེས་རི་བོ་ཆེའི་རི་སྐེད་མཚམས་རིང་ལ་ཁ་སྡེ་བའི་ཞོལ་དུ་ཆགས་ཡོད། ཚེར་ཕུག་ཡུལ་ཚོ་ནས་ནུབ་ཕྱོགས་སུ་སྤྱི་ལེ17ཙམ་གྱི་མཚམས་སུ་ཡོད། བར་ལྟ་ཞེས་པའི་མིང་གི་ཐོགས་དོན་གསལ་བོ་མི་ཤེས་མོད་མཚམས་རིང་སྡེ་བ་ལྔ་བོ་ལས་ས་འཛིན་གྱི་སྔ་བ་སྡེ་བ་འདི་ཡིན་ལ་ད་ལྟའི་ཆགས་རིམ་ལྟར་ན་སྡེ་བོ་ལྔ་བོའི་དཀྱིལ་ལམ་བར་ན་ཡོད་པས་ལོས་ཡིན་སྙམ། སྡེ་བ་འདིར་ཁྱིམ་ཚང40ལྷག་ཙམ་དང་མི་གྲངས210ཡོད་པར་ཐང་མགར་ཚོ་བ་དང་། ཨ་རྫི་ཚོ་བ། ཧ་འབོད་རྒྱ་ཚོ་བ། འབན་ཡག་ཚོ་བ་བཅས་ཚོ་བ་བཞི་རུ་བཀར་ཡོད་པའི་ནང་དུ་མི་རིགས་གཞན་པའི་ཁྱིམ་ཚང་གཅིག་ཀྱང་མེད། སྡེ་དེ་ནས་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་དངོས་སློབ་སྔགས་འཆང་མཚམས་རིང་རྟོགས་ལྡན་པ་དང་། བྱ་ཁྱུང་དགོན་པའི་མཁན་རབས་བརྒྱ་དང་བདུན་པ་མཁན་པོ་ཧོ་ཐོག་ཐུའི་སྐུ་ཕྲེང་དྲུག་པ་དགེ་འདུན་ལུང་རྟོགས་རབ་རྒྱས་མཆོག་གི་ཡོངས་འཛིན་དགེ་བཤེས་བསྐལ་བཟང་ཚང་དང་། དགེ་བཤེས་ཆོས་གྲགས་ཚང་། སྔགས་འཆང་དབང་ཆེན་འབུམ་ལ་སོགས་པ་སྐྱེས་ཆེན་དམ་པ་མང་པོ་ཞིག་ཀྱང་སྡེ་འདི་ནས་འཁྲུངས་ལ། སྡེ་འདིའི་ཡུལ་མི་རྒན་གཞོན་ཚང་མ་ཆོས་ལ་དད་ཅིང་ངང་རྒྱུད་འཇམ་པ། རྒན་བཀུར་ཆུང་བྱམས་ཡ་རབས་ཚུལ་མཐུན་གྱི་སྤྱོད་པ་ལ་གོམས་པ་ཆེ་ཞེས་ཡུལ་ཉེ་མཚེས་རྣམས་ལ་གྲགས་ཆེ། མཚམས་རིང་སྡེ་བའི་གཞི་བདག་ཨ་མྱེས་རི་བོ་ཆེ་ནི་ཙོང་ཁའི་སྐྱེས་རིའི་འདབས་སུ་གླང་ཆེན་ཉལ་བའི་དབྱིབས་དང་མཚུངས་པའི་ནགས་ཆུ་གཉིས་འཛོམས་ཀྱི་རི་བོ་དེར་ངོས་འཛིན་གྱི་ཡོད་ལ། མདུན་ཕྱོགས་ཀྱི་རི་སྐེད་དུ་ཕྱི་ར་དང་བཅས་པའི་ལྷ་ཁང་ཆུང་ཆུང་ཞིག་བཞེངས་ཡོད་པ་དེར་རི་བོ་ཆེའི་ལྷ་ཁང་ཟེར། སྒྲུབ་གནས་དེར་དུས་སྔ་ཕྱིར་སྐྱེས་ཆེན་དམ་པ་བདེ་ཁང་ཚང་དང་། བདེ་ཡངས་པནྟི་ཏ་སྐུ་ཕྲེང་སྔ་ཕྱི་གཉིས། བསེ་རྭའི་མཁན་ཆེན་ཚང་། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་ཚང་། རྭ་སྒྲེང་རིན་པོ་ཆེ་ཚང་། སྐྱབས་རྗེ་དམ་པ་ཤར་གདོང་རིན་པོ་ཆེ་ཚང་། སྐྱབས་རྗེ་དམ་པ་མདོ་བ་མཁས་གྲུབ་རྒྱ་མཚོ་ཚང་སོགས་མཁས་གྲུབ་མང་པོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ལ། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ཀྱང་སྤྱི་ལོ1980ལོར་བྱ་ཁྱུང་དགོན་དུ་ཆིབས་ཞབས་སྒྱུར་སྐབས་ལྕགས་སྟག་ཁ་སྒང་ནས་ཁྲི་ཆེན་རྣམ་གཉིས་ཀྱི་ཕ་ཡུལ་མཚམས་རིང་སྡེ་བར་ཞབས་ཀྱི་རི་མོ་བཀོད་དེ་ཡུལ་དེའི་ལྷ་ཁང་དང་བཅས་པར་སྟབས་གཅིག་ཏུ་རབ་གནས་མཛད་པ་སོགས་སྐྱེས་ཆེན་དམ་པ་མང་པོས་སྤྱི་ཚོགས་གསར་རྙིང་ཀུན་ལ་བྱོན་བཞུགས་ཀྱི་མཛད་པ་བསྐྱངས་མྱོང་།