གླེ་ཐུང་སྡེ་བ།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2023-05-29 08:54ལ་འགྲུབ།

གླེ་ཐུང་སྡེ་བ།

སྡེ་བ་འདི་ནི་བྱ་ཁྱུང་དགོན་པ་ནས་ཤར་ཕྱོགས་སུ་སྤྱི་ལེ5ཙམ་གྱི་མཚམས་ཏེ། ཚེར་ཕུག་ཡུལ་ཚོ་ནས་མར་ནང་གྲམ་པར་ཁ་ཕྱོགས་ཏེ་སོང་ན་སྤྱི་ལེ14ཡས་མས་ཙམ་གྱི་ཉིན་ཕྱོགས་སུ་ཆགས་ཡོད། རྒྱབ་རི་ནི་གླིང་ཆེན་འགྱིང་སྟབས་སུ་ཡོད་ལ། གནའ་སྔ་མོའི་དུས་སུ་ས་དེའི་ཡུལ་གྲུ་ཀུན་ཏུ་ནགས་ཚལ་ཆེན་པོས་ཡོངས་སུ་ཁེབས་ཡོད་པ་དང་། དེའི་ནང་དུ་རི་དྭགས་དང་གཅན་གཟན་སྣ་ཚོགས་ཀྱང་བག་ཡངས་སུ་རྒྱུ་བཞིན་ཡོད་པར་གྲགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
来洞村
སྲིད་འཛིན་ཁོངས་གཏོགས།
མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར།
1 ངོ་སྤྲོད།

སྡེ་བ་འདི་ནི་བྱ་ཁྱུང་དགོན་པ་ནས་ཤར་ཕྱོགས་སུ་སྤྱི་ལེ5ཙམ་གྱི་མཚམས་ཏེ། ཚེར་ཕུག་ཡུལ་ཚོ་ནས་མར་ནང་གྲམ་པར་ཁ་ཕྱོགས་ཏེ་སོང་ན་སྤྱི་ལེ14ཡས་མས་ཙམ་གྱི་ཉིན་ཕྱོགས་སུ་ཆགས་ཡོད། རྒྱབ་རི་ནི་གླིང་ཆེན་འགྱིང་སྟབས་སུ་ཡོད་ལ། གནའ་སྔ་མོའི་དུས་སུ་ས་དེའི་ཡུལ་གྲུ་ཀུན་ཏུ་ནགས་ཚལ་ཆེན་པོས་ཡོངས་སུ་ཁེབས་ཡོད་པ་དང་། དེའི་ནང་དུ་རི་དྭགས་དང་གཅན་གཟན་སྣ་ཚོགས་ཀྱང་བག་ཡངས་སུ་རྒྱུ་བཞིན་ཡོད་པར་གྲགས། ཡིན་ནའང་རིམ་བཞིན་ས་བཅུད་ཉམས་ཏེ་ད་ལྟ་རི་བོ་དེའི་རྒྱབ་ལོགས་ན་མ་གཏོགས་ནགས་མེད། སྡེ་བ་འདི་ནི་གནའ་ནས་བྱ་ཁྱུང་དགོན་པའི་སྐྱབས་རུང་སྟོད་སྨད་གཉིས་ཀྱི་གྲས་ཡིན་ལ། ད་ལྟ་སྨད་ཉིན་ཐུབ་ཀྱི་གྲས་ཡིན། སྤྱི་ལོ1928ལོ་སྟེ་མེ་འབྲུག་གི་ལོར་ཁྱིམ་གྲངས15ཙམ་ལས་མེད་པའི་སྡེ་དེ་ལ་མུ་གེའི་ལོ་ཉེས་ཚབས་ཆེན་བྱུང་བས་ཡུལ་དེ་ནས་འཚོ་དཀའ་བར་གྱུར་ཏེ་འཐོར་ལ་ཉེ་སྐབས་སྡེ་མི་བསམ་ཤེས་ཐུན་མོང་ནས། སེམས་དཔའ་ཆེན་པོ་ཁ་གྱ་འཇམ་དབྱངས་དཔལ་ལྡན་རིན་པོ་ཆེ་ལ་གདུང་ཞུ་ནན་ཏན་བགྱིས་པས། ཁོང་དངོས་སུ་ཡུལ་དེར་ཕེབས་ནས་ལོ་རེར་མ་ཎི་བྱེ་ཆེན་གཅིག་རེ་འདོན་ཐུབ་ན་མི་ཕྱུགས་ལོ་ཏོག་གི་གནོད་པ་ཟློག་པར་ཁག་ཐེག་བྱས་ཤིང་། ས་བརྗེ་ན་ཆོག་མོད། ལས་དབང་བརྗེ་ས་མི་འགྲོ་བས། དེ་ནས་མུ་མཐུད་དུ་བརྟན་གཞི་ཚུགས་དང་རྗེས་མར་ལྷོད་ལ་འབབ་ངེས་ཀྱི་གསུང་གནང་བས། ཡུལ་མི་རྣམས་ཀྱིས་ཀྱང་རྟེན་སྣ་མང་པོ་བསྡུས་ཏེ་མ་ཎི་འཁོར་ལོ་བྱེ་ཆེན་ཞིག་བཞེངས་ཤིང་། ལོ་རེ་བཞིན་མ་ཎི་བྱེ་ཆེན་གཅིག་རེ་གསོག་པའི་སྲོལ་བཙུགས་ཏེ། རིམ་གྱིས་ཡུལ་དེ་སྡུག་བསྔལ་ལས་དབུགས་དབྱུང་པར་བྱས་སོ། །  སྤྱི་ལོ1958ལོའི་དུས་འགྱུར་གྱི་སྐབས་མ་ཎི་འཁོར་ལོ་དེར་ཆག་འཇིག་བྱུང་། སྤྱི་ལོ1973ལོར་སྡེ་འདིའི་མ་ཎི་བྱེ་ཆེན་གཅིག་དང་ཉིས་འབུམ་སུམ་ཁྲི་བདུན་སྟོང་བདུན་བརྒྱ་དང་ལྔ་བཅས་ཁར་སྣོན་དུ་པར་ཞིང་བཞེངས་པ་དང་། ནང་རྟེན་དུ་རྗེ་ཙོང་ཁ་པའི་དབུ་ལོ། ཆོས་རྗེ་དོན་རིན་པའི་གདུང་རུས། པཎ་ཆེན་ཆོས་ཀྱི་ཉི་མའི་དབུ་ལོ། སངས་རྒྱས་འོད་སྲུངས་ཀྱི་འཕེལ་གདུང་སོགས་རྟེན་སྣ་མང་པོ་བསྡུས་ཏེ་སྔར་གྱི་མ་ཎི་འཁོར་ལོ་དེ་བསྐྱར་བཞེངས་བྱས་པ་ད་ལྟ་བཞུགས་པ་དེའོ། ། སྡེ་བ་དེ་ནས་ཤར་བླ་མ་རིན་པོ་ཆེ་བཞུགས་པའི་སྐབས་སུ། ལོ་མང་པོར་སེར་སྐྱ་གཉིས་ཀའི་སློབ་བུ་མང་པོ་པདྨའི་ཚལ་དུ་བུང་བས་འདུ་འགོད་ཇི་བཞིན་ཉིན་མཚན་ཁོར་མོ་ཡུག་ཏུ་བཤད་སྒྲུབ་བསྟན་པའི་དགའ་སྟོན་གྱི་ཡོ་ལང་ཆེ་བའི་ལོ་རྒྱུས་མང་པོའི་བཤད་རྒྱུན་ཡོད། དེ་མིན་སྡེ་འདིའི་རྒྱབ་རི་གླང་ཆེན་གཟན་ལ་ཆས་འདྲའི་རྩེ་མོ་ན་ཡུལ་ལྷ་ཞིག་ཡོད་པ་དེའི་མིང་ལ་ཨ་མ་བསེ་རི་ཟེར་ཞིང་། རྟེན་མོ་ལྷ་ཞིག་ཡོད་པ་དེར་སྤྱི་ལོ1882ལོའི་ཟླ4པའི་ཚེས13ལ་རྗེ་ཤར་བླ་མ་རྡོ་རྗེ་འཆང་དང་ཨ་ལགས་ཇོ་གནས་ཁོང་རྣམ་པ་གཉིས་གཙོས་རང་ས་གནས་ཀྱི་དགེ་འདུན་པ་དུ་མ་དང་བཅས་ཀྱིས་དེང་གི་ལབ་ཙེ་དེའི་ཐོག་མའི་གཞི་བསྟད། བླ་མ་རིན་པོ་ཆེས་གཞི་བདག་དེར་བསང་ཡིག་ཀྱང་མཛད་ཡོད་ལ། ད་དུང་མཁས་པའི་དབང་པོ་མདོ་བ་རྗེ་བློ་བཟང་མཁས་གྲུབ་རྒྱ་མཚོ་དང་གྲུབ་པའི་དབང་ཕྱུག་ཆེན་པོ་མདོ་བ་རྒན་པ་ཚང་གཉིས་ནས་ཀྱང་བསང་ཡིག་མཛད་ཡོད། སྡེ་བ་འདིར་ཁྱིམ་ཚང55ཙམ་དང་མི་གྲངས260ལྷག་ཡོད་ཅིང་སྤྱིའི་ཆ་ནས་བཤད་ན་བོད་ཀྱི་རིག་གནས་དང་ཆོས་ལུགས་དད་མོས་ཀྱི་རྫོང་ཅུང་མཐུག་པའི་སྡེ་བ་ཞིག་གོ།