སྡེ་བ་འདི་ནི་ཙོང་ཁའི་སྐྱེས་རིའི་འདབས་རོལ་དུ་ཆགས་ཡོད་ལ། གཤོང་ཤན་ཡུལ་ཚོ་ནས་སྤྱི་ལེ3ཙམ་གྱི་མཚམས་སུ་ཡོད། མཚོ་འཕགས་སྨི2773ཡོད། སའི་གོ་ལའི་གཞུང་ཐིག101.46.46དང་བྱང་གི་འཕྲེད་ཐིག36.15.33སྟེང་དུ་གནས་ཡོད། དེ་ཡང་། ཡུལ་སྡེ་འདིའི་ཕྱོགས་བཞིའི་ས་དབྱིབས་ཀྱི་ཆགས་ཚུལ་ནི་མེ་ཏོག་པད་མའི་འདབ་མ་གྲོལ་བ་ལྟར་ཤར་ན་ཙོང་ཁའི་སྐྱེས་རི་དང་། ལྷོ་ན་བདེ་ལྡན་ལྷུན་པོ། ནུབ་ན་མགོན་པོ་བྲག་ནག བྱང་ན་གསེར་ཁང་རི་རྩེ། བར་ན་རི་བག་མ་སོགས་ཡོད་ཅིང་དཀྱིལ་དབུས་ཀྱི་པད་མོ་སྟེང་སྡེ་བ་རང་ནི་པད་མའི་ཟེའུ་འབྲུ་ལྟར་ཆགས་ཡོད་པས་ན་སྡེ་མིང་ཡང་དེ་ལྟར་དུ་ཐོགས་པར་གྲགས་ལ། འགྲེལ་ཚུལ་གཞན་ཞིག་ལ་བ་མོ་སྟེང་ཡང་ཟེར། སྡེ་འདིར་ད་ལྟ་ཁྱིམ་གྲངས57དང་། མི་གྲངས270ལྷག་ཡོད་པར་རྩ་སྟོད་ཚོ་བ་དང་། ནགས་ཁ་ཚོ་བ། རུ་བར་ཚོ་བ་བཅས་བོད་པ་རྐྱང་རྐྱང་གི་ཚོ་བ་གསུམ་གྱིས་གྲུབ་ལ། གནའ་དུས་སུ་ལྡེ་ཚ་ནང་སོའི་ཁོངས་སུ་གཏོགས། རྒྱ་རིགས་ཁྱིམ་ཚང6ཡོད་པའི་མཆེད་ཁུངས་མི་གསལ་ལ་དད་མོས་སོགས་སྤྱིའི་ཆ་ནས་བོད་པ་དང་འདྲ། སྡེ་དེ་ནས་ནགས་ཁ་ཞབས་དྲུང་དང་། གདོང་ཞབས་དྲུང་། གཞི་མར་ནང་ཞབས་དྲུང་བཅས་བྱ་ཁྱུང་དགོན་གྱི་ཁྲི་བ་གསུམ་འཁྲུངས་མྱོང་བ་སོགས་ཡུལ་དང་གནས་ཁྱད་པར་བའི་མིང་གནའ་ནས་ཆགས་ཡོད། ཡུལ་དེའི་ས་གཤིས་གཤིན་ལ་ཆར་ཆུ་མོད་པས་དཔའ་ལུང་གི་ཡུལ་གྲུ་མང་པོ་ནས་ཐོང་སྐར་ཕྱེ་ཞིང་ས་བོན་གཏོར་བའི་རྨོ་གཞས་སྐབས་སུ་སྟོད་དབུས་གཙང་གི་ལོ་ཡག་ཤོག སྨད་རྒྱ་ནག་གི་ལོ་ཡག་ཤོག ཡུལ་གཤོང་ཤན་པདྨོ་སྟེང་གི་ལོ་ཡག་ཤོག ཅེས་ཡུལ་ཕྱོགས་ཀུན་ནས་ཞིང་ལ་ལོ་ཡག་ཡོང་བའི་ཡིད་སྨོན་བྱ་ཡུལ་ཞིག་ཏུ་གྱུར་ཡོད། གཞན་ད་དུང་སྡེ་བའི་ལྷོ་གནས་ཀྱི་སར་རང་བྱུང་ནགས་ཚལ་ཞིག་ཡོད་པར་ལྷ་མོ་གནས་པར་བཤད་ཅིང་། ཤར་ན་རི་ཞིག་ཡོད་པར་ཤ་གཟའ་ཧོར་མོ་གནས་ཞེས་ཟེར་ཚུལ་ཡོད། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སའི་མ་ཎི་ཁང་ཡང་གྱན་ལྔ་ཅན་ཞིག་ཡོད་ཀྱང་ནང་རྟེན་རྙིང་བ་དག་ཁ་ཤ་མཐིལ་ཡུལ་ལྷ་ཁང་དུ་བསྐྱལ་བས་རྟེན་རྙིང་བའི་རིགས་མེད་པར་བཤད།