སྡེ་བ་འདི་ནི་མགོན་པོ་བྲག་ནག་གི་འདབས་རོལ་དུ་ཆགས་ཡོད་ལ། གཤོང་ཤན་ཡུལ་ཚོ་ནས་སྤྱི་ལེ6ཙམ་གྱི་མཚམས་སུ་ཡོད་པ་དང་། མཚོ་འཕགས་སྨི2842ཡོད། སའི་གོ་ལའི་ཤར་གྱི་གཞུང་ཐིག101.45.85དང་། བྱང་གི་འཕྲེད་ཐིག36.15.72ཀྱི་སྟེང་དུ་གནས་ཡོད། སྡེ་དེར་ཇོ་ཤར་ཞེས་པ་ནི་ཡུལ་དེའི་ཤར་ཕྱོགས་ཏེ། ཙོང་ཁའི་སྐྱེས་རིའི་འདབས་རོལ་དུ་ཡོད་པ་ཡོངས་གྲགས་སུ་གཤོང་ཤན་ཇོ་བོ་ཞེས་བྱིན་རླབས་ཅན་གྱི་རྟེན་གང་སྣོད་ཀྱི་དཔལ་དུ་བཞུགས་པས་ན་དེ་ལྟར་ཐོགས། ཤོད་སྲོལ་གཞན་ཞིག་ནི་ཤར་གྱི་ཇོ་བོ་རིན་པོ་ཆེའི་གཟི་འོད་ཁ་གཏད་ཀྱི་ཡུལ་སྡེ་འདིར་འཕྲོས་པས་ན་ཇོ་ཤར་ཞེས་ཐོགས་པའི་བཤད་ཚུལ་ཞིག་ཀྱང་ཡོད། སྡེ་བ་འདི་ནི་སྔོན་ཆད་པད་མོ་སྟེང་སྡེ་བའི་འབྲོག་ས་ཡིན་པར་བཤད་ལ། ད་ལྟ་ཁྱིམ་གྲངས39ཙམ་དང་མི་གྲངས190ལྷག་ལས་མེད་པའི་བོད་རིགས་རྐྱང་རྐྱང་གི་སྡེ་བ་ཞིག་རེད། ཚོ་བའི་ཐད་ནས་གཤམ་དུ་བཀོད་རྒྱུའི་པད་མོ་སྟེང་སྡེ་བ་དང་གཅིག་མཚུངས་སུ་ཡོད་ལ། ཅུང་མི་འདྲ་བའི་ཆ་ནི་སྐུ་འབུམ་ཚང་ཞེས་སྔོན་ཆད་སྐུ་འབུམ་ཕྱོགས་ནས་ཚོ་སྐོར་ཞིག་མཆེད་འོང་བའི་བཤད་རྒྱུན་ཞིག་ཡོད་པ་དེ་རེད། གཞན་ཡུལ་དེ་ནི་གཤོང་ཤན་ཚོ་བ་ལྔའི་གྲས་ཡིན་ཞིང་གནའ་ལྡེ་ཚའི་ནང་སོའི་ཁོངས་སུ་གཏོགས་ལ། སྡེ་འདིར་དགེ་བསྙེན་ཐོག་རྒོད་ཅེས་པའི་སྔགས་འཆང་གཉན་པོ་ཞིག་དང་། ལོ་མཚམས་གྲངས་མང་བཞུགས་ནས་འཇིགས་བྱེད་བསྙེན་ཆེན་གྲུབ་པར་གྲགས་པའི་གསེར་ཁང་ཨ་ཁུ་རྒྱ་མཚོ་དང་བཅས་པའི་སྐྱེས་ཆེན་དམ་པའང་འགའ་རེ་འཁྲུངས་མྱོང་བར་བཤད།