ཀན་ཆུང་དགོན་ཐུབ་བསྟན་བཤད་སྒྲུབ་ནོར་བུ་གླིང་ནི་ཙོང་ཆུའི་བྱང་རྒྱུད་དང་དཔའ་རིས་བོད་དཀར་པོའི་ཡུལ་གྱི་སྔ་འགྱུར་རྙིང་མ་བའི་དགོན་སྡེ་གྲགས་ཅན་ཞིག་ཡིན། དགོན་པ་འདི་བཱ་ཟ་བོད་རིགས་ཡུལ་ཚོའི་ནུབ་བྱང་སྤྱི་ལེ17མཚམས་ཀྱི་ཀན་ཆུང་ལུང་པར་ཆགས་ཡོད། རི་ཆུ་རིག་གནས་ཀྱི་ཆ་ནས་བཤད་ན། སྲིད་པའི་ལྷ་རྒན་ཨ་མྱེས་ཁྲ་ལེབ་རི་རྒྱུད་ལས་ཤར་ཕྱོགས་ཀྱི་འཇུ་ལག་ཆུ་བོའི་རྒྱུད་དུ་ཆད་པའི་རི་རྒྱུད་དུ་མ་ལས། གླང་ཆེན་གྱི་དབྱིབས་སུ་དཔྱད་པའི་རི་རྒྱུད་ཅིག་གི་མཁལ་ཁུག་ཏུ་ཆགས་ཡོད། མདུན་རི་པིར་གྱི་རྩེ་མོ་ལྟ་བུ་ཡོད་པ་འཇམ་པའི་དབྱངས་ཀྱི་ཤེས་རབ་རལ་གྲིའི་མཚོན་བྱེད་ཡིན་པས། དགོན་པ་འདིར་དགེ་བའི་བཤེས་གཉེན་མང་པོ་འཁྲུངས་པའི་རྟགས་སུ་དཔྱད། དགོན་པའི་མདུན་གྱི་ཐང་གཞུང་དེ་ལ་སྔར་པདྨོ་ཐང་དུ་འབོད་ཀྱང་། ཕྱིས་དེར་ལོ་རེར་མ་ཎི་ཆོས་ཚོགས་འཚོགས་པས་མ་ཎི་ཐང་དུ་ཐོགས་ཡོད། ཀན་ཆུང་དགོན་པ་འདི་སྤྱི་ལོ1921ལོར་མ་ཎི་བླ་མ་སྐུ་ཕྲེང་བཞི་པ་དཀོན་མཆོག་ལུང་རྟོགས་འོད་ཟེར་གྱིས་ཕྱག་བཏབ། ཐོག་མའི་དུས་སུ་འདུ་ཁང་དང་གྲྭ་ཤག ནང་ཆེན། མཆོད་རྟེན། འབུམ་ཁང་སོགས་བཞེངས། ནང་གི་རྟེན་གཙོ་བོ་ནི་མཁན་སློབ་ཆོས་གསུམ་དང་། ཆོས་སྐྱོང་མ་གཟའ་དམ་གསུམ་ཡིན། ང་བརྒྱད་སྔོན་དུ་གྲྭ་ཤག་རྭ་བ8དང་དགེ་འདུན་པའི་སྡེ50ལྷག་ཡོད། རིག་གསར་སྐབས་རྩ་མེད་དུ་བརླགས། ཆོས་ལུགས་སྲིད་ཇུས་དོན་འཁྱོལ་བྱུང་རྗེས། འདུ་ཁང་དང་ལྷ་ཁང་། གྲྭ་ཤག་སོགས་རིམ་པར་བཞེངས། གྲྭ་བཙུན14ལྷག་བཞུགས། ལོ་དང་ཟླ་རེ་ཞི་ཁྲོ་དམ་པ་རིགས་བརྒྱ་དང་རྟ་མགྲིན། སྟོང་བཤགས། ཁྱུང་སོགས་ཆོས་ཐོག་རབ་དང་རིམ་པ་ཡོད།