སྡེ་བ་འདི་གཉིས་ནི་བེ་ཙེ་གྲོང་རྡལ་ཤར་ཕྱོགས་ཀྱི་སྤྱི་ལེ2མཚམས་སུ་གནས་ཤིང་། མཚོ་འཕགས་སྨི2360ཡོད། དུད་ཁྱིམ410དང་མི་གྲངས1758ལྷག་ཡོད། སྡེ་བའི་རྒན་རབས་པ་རྣམས་ཀྱིས་བཤད་པ་ལྟར་ན། སྡེ་བ་འདི་སྔོན་ཆད་བོད་ཀྱི་དགོན་སྡེ་ཞིག་ཡིན་མོད། མིང་རྒྱལ་རབས་ཀྱི་སྐབས་ནས་བཟུང་ནན་ཅིན་ཀྲུའུ་ཟི་ཧང་ནས་རྒྱ་རིགས་མང་པོ་འདིར་གནས་སྤར་ཏེ་གཞིས་ཆགས་པས་རིམ་གྱིས་རྒྱ་སྡེ་ཆེན་པོ་ཞིག་ཏུ་གྱུར་བར་བཤད། རྗེས་སུ་དགོན་པའང་དགོན་ལུང་ལ་ཕུལ་བས་ད་ལྟ་སྔོན་གྱི་དགོན་ཤུལ་ཙམ་ཡང་མི་སྣང་། དགོན་ཆུང་སྡེ་བ་ནི་བེ་ཙེ་གྲོང་རྡལ་ཤར་ཕྱོགས་ཀྱི་སྤྱི་ལེ2ཙམ་གྱི་མཚམས་སུ་ཆགས་ཡོད། སྡེ་བ་འདི་མཚོ་འཕགས་སྨི2300ཡོད་ཅིང་། དུད་ཁྱིམ216དང་མི་གྲངས947ལྷག་ཡོད། ཧོར་དང་རྒྱ་རིགས་ཕྱེད་ཀ་ཙམ་ཡིན། སྔར་སྡེ་བ་ཆགས་པའི་རི་བོ་འདིའི་ངོས་སུ་དགོན་པ་ཆུང་ངུ་ཞིག་གནས་ཤིང་། སྡེ་བ་འདི་དེ་ཡི་མཐའ་འཁོར་དུ་ཆགས་ཡོད་པས་དགོན་ཆུང་སྡེ་བར་ཐོགས། རིག་གསར་སྐབས་དགོན་པ་ཆུང་ངུ་དེ་གཏོར་བརླག་ཏུ་བཏང་ནས་ཤུལ་ཙམ་ཡང་མེད་པར་གྱུར་ཡང་། ཕྱིས་ཡང་བསྐྱར་སླར་གསོ་བྱས་ཡོད།