སའི་གོ་ལའི་སྐམ་སའི་སྐམ་སྐྱེས་སྐྱེ་དངོས་དང་ཁོར་ཡུག་གིས་གྲུབ་པའི་གཞི་གཅིག་གི་མ་ལག་དེར་ཟེར། སྐམ་སྐྱེས་སྐྱེ་ཁམས་མ་ལག་ཁྲོད་དུ་ནགས་ཚལ་གྱི་སྐྱེ་ཁམས་མ་ལག་དང་རྩྭ་ཐང་གི་སྐྱེ་ཁམས་མ་ལག རླན་སའི་སྐྱེ་ཁམས་མ་ལག་སོགས་འདུས།
ནགས་ཚལ་གྱི་སྐྱེ་ཁམས་མ་ལག་ནི་སྐམ་སའི་སྐྱེ་ཁམས་མ་ལག་གི་བདག་པོ་ཡིན་པ་དང་། དེ་ནི་སྐམ་སའི་ཐོག་གི་རྒྱ་ཁྱོན་ཆེ་ཤོས་དང་། གྲུབ་ཚུལ་ཕྲ་རྒྱས་ཆེ་ཤོས། སྐྱེ་དངོས་ཀྱི་འདུ་ཚད་ཆེ་ཤོས། དམའ་རིམ་ཐོན་སྐྱེད་ནུས་ཤུགས་ཆེ་ཤོས་བཅས་ཀྱི་སྐྱེ་ཁམས་མ་ལག་ཡིན། ནགས་ཚལ་གྱི་སྐྱེ་ཁམས་མ་ལག་ནི་བརླན་གཤེར་ཆེ་བའམ་བརླན་གཤེར་ཅུང་ཆེ་བའི་ས་ཁུལ་དུ་ཁྱབ་པ་དང་། དེའི་ཁྱད་ཆོས་གཙོ་བོ་ནི་རྩི་ཤིང་དང་སྲོག་ཆགས་ཀྱི་རིགས་སྣ་མང་བ་དང་། ཁྱུ་ཚོགས་ཀྱི་གྲུབ་ཚུལ་ཞིབ་རྒྱས་ཆེ་བ། རིགས་ཚོགས་ཀྱི་འདུས་ཚད་ཆེ་ཆུང་དང་ཁྱུ་ཚོགས་ཀྱི་གྲུབ་ཚུལ་དེ་དུས་ཡུན་རིང་པོར་ཅུང་ཟད་གཏན་འཇགས་ཡིན་པའི་རྣམ་པ་སྐྱོང་ལ། ལྷག་པར་དུ་ཚ་ཁུལ་ཆར་ནགས་ཀྱི་སྐྱེ་ཁམས་མ་ལག་ནི་དེ་ལྟར་ཡིན། ནགས་ཀྱི་རྩི་ཤིང་གཙོ་ཆེ་ཤོས་ནི་སྡོང་རིང་ཤིང་ཡིན་པ་དང་། དེ་མིན་སྡོང་ཐུང་རྩི་ཤིང་དང་རྩྭ་ལྡུམ་རྩི་ཤིང་ཡང་ཡོད། ཤིང་སྡོང་སྟེང་དུ་གཟན་དང་སྡོད་གནས་རྙེད་སླ་བའི་ཕྱིར་ཤིང་ནགས་ཀྱི་སྲོག་ཆགས་ཁྲོད་དུ་ཤིང་སྟེང་དུ་གནས་བཅའ་བའི་སྲོག་ཆགས་རིགས་མང་པོ་ཡོད་པ་སྟེ། དཔེར་ན་ནགས་བྱི་དང་། ཤེལ་མིག་སྤྲེའུ། སྤྲ་དཔུང་རིང་། ཤིང་སྦལ་སོགས་ལྟ་བུ་རེད། ནགས་ན་བཀག་ཡོར་མང་བས་ནགས་ཀྱི་ཤ་གཟན་སྲོག་ཆགས་ཀྱིས་འཇབ་རྒོལ་གྱི་ཐབས་ཀྱིས་གཟན་ཤ་རྔོན་པ་དང་། གཟན་ཤར་གྱུར་པའི་སྲོག་ཆགས་རྣམས་གབ་སྦས་ལ་བརྟེན་ནས་དགྲ་ལས་གཡོལ་ཐབས་བྱེད། ནགས་ཀྱིས་ས་འོག་ཏུ་ཤིང་གི་རྩ་བ་མང་བ་དང་ས་རྒྱུ་བརླན་གཤེར་ཆེ་བས་ཁུང་སྡོད་སྲོག་ཆགས་ཅུང་ཟད་ཉུང་བ་ཡིན། ནགས་ཀྱི་བྱ་རིགས་ཕལ་ཆེ་བས་ཤིང་སྡོང་གི་མགོའམ་ཤིང་དོང་དུ་ཚང་བཅས་ནས་སྡོད་པ་དེ་ནི་ས་ཐོག་ལས་བདེ་འཇགས་ཆེ་ཙམ་ཡོད་པ་རེད།
རྩྭ་ཐང་གི་སྐྱེ་ཁམས་མ་ལག་ནི་རྩྭ་ཐང་སྟེང་གི་སྐྱེ་དངོས་དང་རྩྭ་ཐང་སྟེང་གི་སྐྱེ་དངོས་མ་ཡིན་པས་གྲུབ་ཡོད་པ་དང་། སྐྱེ་ཁམས་མ་ལག་དེ་ལ་གཞན་དང་ཁྱོན་ནས་མི་འདྲ་བའི་ཁྱད་ཆོས་ལྡན་ཡོད། རྩྭ་ཐང་གི་སྐྱེ་ཁམས་མ་ལག་སྐྱེད་མཁན་ནི་ཤིང་རིགས་རྩི་ཤིང་མ་ཡིན་པར་ཚེ་མ་ཅན་གྱི་ཚན་དང་ལུག་མིག་ཚན་གྱི་རྩྭ་ལྡུམ་རིགས་ཀྱི་རྩི་ཤིང་ཡིན། རྩྭ་ཐང་སྐྱེ་ཁམས་མ་ལག་གི་འཛད་སྤྱོད་པ་ནི་གཙོ་ཆེ་ཤས་མཆེ་མེད་རིགས་ཀྱི་སྲོག་ཆགས་ཡིན་ཞིང་། དབྱེ་འཕྲལ་བྱེད་མཁན་གཙོ་ཆེ་ཤས་ནི་སྨར་སྲིན་དང་། འབུ་ཕྲ། སྐུད་གཟུགས་འབུ་ཕྲ་བཅས་ཡིན། རྩྭ་ཐང་གི་སྐྱེ་ཁམས་མ་ལག་ནི་སྐྱེ་ཁམས་མ་ཡིན་པའི་ཁོར་ཡུག་ལ་ཡང་རང་ཆོས་གསལ་བ་སྟེ། དེ་རུ་སྤྱིར་བཏང་ཆར་ཆུ་ཅུང་ཉུང་། རྩྭ་ཐང་གི་སྐྱེ་ཁམས་མ་ལག་ནི་ཕྱུགས་ལས་ཐོན་སྐྱེད་ཀྱི་རྟེན་གཞི་དང་སྐྱེ་ཁམས་ཀྱི་བཀག་ཡོལ་གལ་ཆེན་པོ་ཡིན།